རྒྱལ་ཁབ་གཞན་ཚོའི་ནང་དུ་གསལ་གསལ་དོད་དོད་དུ་མི་ཚོང་གི་བྱ་བ་གཉེར་ཕོད་མཁན་ཤིན་ཏུ་ཆུང་ལ་གལ་སྲིད་མི་ཚོང་གི་ལས་ཀ་ལས་མཁན་ཡོད་ཚེ་སྲིད་གཞུང་གིས་ངེས་པར་དུ་དོ་དམ་བྱེད་འགྲོ       ས་ཆེན་པོའི་མཐོ་སྒང་གི་ཡུལ་གྲུ་འདི་ནས་ནི་དེ་ལྟར་ག་ལ་ཡིན་ཏེ་མི་ཚོང་ལམ་ལུགས་ས་ཁྱབ་རྡོ་ཁྱབ་ཏུ་སོང་ནས་དེ་སྔོན་ལོ་ངོ་མང་པོ་འགོར་ཟིན་པས་སོ། ། ད་དུངའང་སྲོག་ལྡན་དག་གི་འདྲེན་སྟོན་པ་རུ་གྲགས་པའི་གྲུབ་མཐའ་ཁག་གི་བླ་ཆེན་ཚོས་ལམ་ལུགས་དེའི་རྒྱུན་སྐྱོང་བཞིན་ཡོད་པས་སོ། ། གནའ་ནས་བོད་པའི་སྤྱི་ཚོགས་ཁྲོད་ན་མི་ཚོང་ལམ་ལུགས་ཤིག་དར་ཡོད་ན་མི་ཚོང་བྱེད་ལུགས་ཇི་ལྟར་རེད། མི་ཚོང་ཁྲོམ་ར་གང་ན་འདུག མི་ཉོ་མཁན་སུ་རེད། ཆོས་ས་ཆོས་ཡུལ་ན་མི་བཙོང་མཁན་ཡོད་སྲིད་དམ། དེ་ནི་ཁྱོད་ཀྱིས་གདོང་དམར་ཚང་ལ་གཞི་མེད་ཀྱི་སྙོན་འཛུགས་བྱས་པ་མ་ཡིན་ནམ་ཟེར་ན། ཉོ་མཁན་ནི་དགོན་སྡེ་ཚོ་རེད། འཚོང་མཁན་ནི་ཞིང་འབྲོག་མང་ཚོགས་རེད། དགོན་པ་རེ་རེའི་ནང་ལ་རྒྱུ་ནོར་གྱིས་ཉོས་པའི་མི་རེ་རེ་ཕལ་ཆེར་ཡོད་ལ་དགོན་པ་འགའ་རེ་ལ་ནི་ཉོས་མི་ལྔ་དྲུག་རེའང་ཡོད། མི་ཚོང་རྒྱག་སྟངས་ནི། བོད་པའི་དགོན་སྡེ་ཚོས་འགྲོ་བ་མིའི་ཐོབ་ཐང་། ལོ་ཚུང་བྱིས་པའི་ཁེ་དབང་སོགས་གང་ལའང་བསམ་གཞིགས་མི་བྱེད་པར་སྤྲུལ་སྐུ་བསླུ་ཡོན་ཡིན་ཟེར་ནས་རྟ་ནོར་ལུག་གསུམ། གཟི་བྱུར་སྤོས་ཤེལ། སྒོར་མོ་སོགས་ཁྱིམ་ཚང་ཞིག་ལ་སྤྲད། ཁྱིམ་ཚང་དེས་ཀྱང་བྱིས་པའི་འདོད་མོས་ལ་གཏན་ནས་མི་ལྟོས་པར་བྱིས་པ་ཆ་མེད་ཀྱི་མི་ལག་ཏུ་འཇོག་པ་དེ་ག་རང་ངོ་། ། གཞན་གྱི་རྒྱུ་ནོར་རང་ལག་ཏུ་ལེན། རང་གི་ལུས་ལས་སྐྱེས་པའི་ཕྲུ་གུའི་བདག་དབང་གཞན་ལ་འཕང་མེད་དུ་སྤྲོད་པ་དེ་ནི་མི་ཚོང་ངོ། ། དེའི་ཕྱིར་ན།

འུ་ཚོའི་ཁོར་ཡུག་ན་མི་ཚོང་རྒྱག་མཁན་ཡོད་དོ། །
མི་ཚོང་ལམ་ལུགས་གནའ་ནས་འུ་ཚོའི་ཁོར་ཡུག་ན་དར་རོ། །
ད་དུངའང་རྒྱུན་སྐྱོང་བཞིན་ཡོད་དོ། །
རྒྱུན་སྐྱོང་མཁན་ཉག་གཅིག་ནི་ཆེན་པོའི་ཆེན་པོ་ཚོ་ཡིན་ནོ། །
ཆེན་པོ་ཚོ་ལ་རྒྱབ་སྐྱོར་བྱེད་མཁན་ནི་མང་ངོ། །
གནས་སྐབས་སྒྲོག་ལ་ཚུད་པའི་མི་དམངས་ལ་གོ་བརྡ་འཕྲོད་ཐབས་བྲལ་ལོ། །
བདེན་པ་ལ་རྒྱལ་ཁ་རྗེས་ནས་འཐོབ་བོ། །
ལམ་ལུགས་ངན་པ་འདིས་ཤར་ནུབ་ཀྱི་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལའང་ཁྱབ་པའི་ཉེན་ཁ་ཆེའོ། །

( ཆུ་མ་ཡོང་གོང་ནས་རགས་ཞེས་པ་ལྟར་) ཞེས་པ་ལྟར་ཁྱེད་ཅག་གིས་སྔོན་ནས་གཟབ་དགོས་སོ། །  ཁྱུང་པོ་བདེན་འཚོལ་གྱིས།