སྐུ་ཞབས་ཆབ་སྤེལ་གྱི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་འགར་ཐོག་མར་དཔྱད་པ་ཞེས་པར་རགས་དཔྱད།

སྤྲོ་ཚིགས་ཆོས་གྲགས།

གཅིག

ཁོ་བོས་ཕྱི་ལོ་ཉིས་སྟོང་ལྔ་ལོར་གངས་ལྗོངས་རིག་པའི་ཤིང་རྟ་ཐུ་མི་ཨ་ནུའི་མཛད་རྗེས་ཆེ་ལོང་ཙམ་བརྗོད་པ་ཞེས་པའི་དཔྱད་རྩོམ་བྲིས་ཏེ། བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་རིག་ཅེས་པའི་དུས་དེབ་འདོན་ཐེངས་གཉིས་པའི་ནང་སྤེལ་ཡོད། དཔྱད་རྩོམ་དེར་ཐུ་མི་ཨ་ནུའི་མཛད་རྗེས་གཙོ་ཁག་ཕྱོགས་བསྡོམས་དང་འབྲེལ། བོད་ཀྱི་བརྡ་སྤྲོད་རིག་པའི་ཕྱི་མོའི་གཞུང་མཛད་མཁན་ཐུ་མི་ཨ་ནུ་ཡིན་ཚུལ་ལུང་དང་རིགས་པའི་ལམ་ནས་དཔྱད་བརྗོད་བྱས་ཡོད། རྩོམ་དེ་བྲིས་རྗེས་མུ་མཐུད་དུ་དེའི་སྐོར་གྱི་དཔྱད་གཞིའི་ཁུངས་སྣེ་གསར་པ་གང་ཡོད་ལ་སྣང་འཇོག་བྱེད་མུར། ཉེ་ཆར་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་སྟོད་ཆའི་[1]ནང་དུ། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་འགར་ཐོག་མར་དཔྱད་པ་ཞེས་པའི་ཆེད་རྩོམ་ཞིག་བཀླགས་རྒྱུ་བྱུང་། དཔྱད་རྩོམ་དེའི་ནང་བོད་ཀྱི་བརྡ་སྤྲོད་རིག་པའི་ཕྱི་མོའི་གཞུང་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་གཉིས་ཐུ་མི་ཨ་ནུས་མཛད་པའི་ཡོངས་གྲགས་ཀྱི་བཤད་སྟངས་དེ་དོན་དངོས་དང་མི་མཐུན་ཞིང། ཆོས་རྗེ་ས་པཎ་གྱི་ཡི་གེའི་སྦྱོར་བ་ལ་གཞི་བྱས་ཏེ། ཕྱིས་ཀྱི་མཁས་པ་ག་གེ་མོས་བརྩམས་པར་ངེས་ཞེས་མཐའ་སྡོམ་བཞག་འདུག

ལར་ནས་དེང་སྐབས་བོད་པ་རང་ཉིད་དང་། ཕྱི་རྒྱལ་མི་རིགས་གང་མང་གིས་བོད་ཀྱི་ལོ་རྒྱུས་དང་རིག་གནས་སོགས་ལ་རྟོག་དཔྱོ ད་ཞིབ་འཇུག་བགྱིས་ཏེ། ཞིབ་འཇུག་གི་གྲུབ་དོན་མཚོན་པའི་དཔྱད་རྩོམ་གང་མང་ཐོན་བཞིན་པ་ནི། བོད་རིག་པ་ཞིབ་འཇུག་གི་ཆུ་ཚད་ཡར་རྒྱས་འགྲོ་བཞིན་པའི་རྟགས་མཚན་དགའ་འོས་པ་ཞིག་ཡིན། འོན་ཀྱང་ཞིབ་འཇུག་གི་སྣང་ཚུལ་དོན་དངོས་དང་མི་མཐུན་ཞིང། ལུང་དང་རིགས་པའི་སྒྲུབ་བྱེད་ཁུངས་བཙན་མེད་པར་འཆར་སྣང་ཙམ་ལ་གཞི་བྱས་ཏེ། སྡོམ་ཚིག་འདྲ་མིན་བཀོད་པའི་དཔྱད་རྩོམ་དུ་བཏགས་པའང་མང་ངོ། གོང་སྨོས་ཆབ་སྤེལ་གྱི་དཔྱད་རྩོམ་དེར་ཡང། སྒྲུབ་བྱེད་ཀྱི་གཏན་ཚིགས་ལྟར་སྣང་འགའ་བཀོད་ཅིང། བརྗོད་གཞི་དང་འབྲེལ་ཡོད་ཀྱི་གལ་ཆེའི་དཔྱད་གཞིར་ཞིབ་འཇུག་འཐུས་ཚང་མ་བྱུང་བར་བརྟེན། དཔྱད་བཟོད་འཕེར་བའི་ལྟ་ཚུལ་ཞིག་འཛུགས་ཐུབ་མེད་ནའང། ལོང་བས་ལོང་བ་ཁྲིད་པའི་དཔེ་ལྟར་གསར་སློབ་འགའི་མགོ་རྨོངས་པའི་རྒྱུར་ཡང་འགྱུར་སྲིད་པས་ནོར་བཅོས་ཡོ་བསྲང་བྱ་རྒྱུ་དགོས་པ་ཡོད་པ་མཐོང་སྟེ ། སུམ་རྟགས་དག་གསུམ་གྱི་གཞུང་གསར་རྙིང་ཁག་དང། བཙན་པོའི་སྐབས་ཀྱི་རྡོ་རིང་ཡི་གེ་དང་ཏུན་ཧོང་གནའ་ཡིག སྡེ་དགེའི་བཀའ་བསྟན་དང་དེ་དག་གི་དཀར་ཆག བསྟན་འགྱུར་དཔེ་བསྡུར་མ། དཔལ་ལྡན་ས་སྐྱ་པའི་གསུང་རབ་ཕྱོགས་བསྒྲིགས། དེ་བཞིན་དུ་སྔ་འགྱུར་རྙིང་མའི་བླ་མ་ཁག་ཅིག་གི་རྣམ་ཐར་སོགས་ལ་བཞི་བཅོལ་ཏེ། སྐུ་ཞབས་ཆབ་སྤེལ་གྱི་དཔྱད་རྩོམ་དེར་བཏོན་པའི་བསྒྲུབ་བྱ་དང་། སྒྲུབ་བྱེད་ཀྱི་གཏན་ཚིགས་གཙོ་བོ་ཁག་ལ་དཔྱད་པ་ཅུང་ཟད་བརྗོད་རྒྱུ་ལགས་ན། ཚུལ་འདིར་མཁས་པའི་གཟུར་གནས་དྲན་དབང་རྣམས་ཀྱིས་དཔང་པོ་མཛོད་ཅིག་ཅེས་ཞུའོ། །

གཉིས།

ཆབ་སྤེལ་གྱི་དཔྱད་རྩོམ་དེའི་སྔོན་འགྲོ འི་གཏམ་གྱི་ནང། “ སྤྱི་ཚོགས་རྙིང་པའི་ནང་འདིའི་རིགས་(སུམ་རྟགས་རྩ་བ་ཐུ་མིས་མཛད་མིན། )དངོས་སུ་བརྗོད་རྒྱུ་ལྟ་ཅི་དོགས་པ་ཙམ་ཡང་ཟ་མི་ནུས་མོད། དེང་སྐབས་སྤྱི་ཚོགས་གསར་པ་འདིའི་ནང་རིག་གནས་གང་ལའང་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་མཛད་ཕྱོགས་བཟང་པོ་འདི་ལྟ་བུ་ཡོད་པའི་སྐབས་སུ་ཡང། ད་དུང་སྲོལ་རྒྱུན་གྱི་བསམ་བློའི་བག་ཆགས་འཇིགས་སུ་རུང་བ་ཞིག་གིས་གཉོམ་ཆུང་བདག་ལ་འགོག་གནོན་ཕོག་སྟེ་རེ་ཞིག་སླར་ཡང་འདི་སྐོར་དཔྱད་བརྗོད་འཐད་མིན་གྱི་ཐོག་ལ་ཐེ་ཚོམ་གྱི་དྲ་བར་ཚུད། ”[2]ཟེར། བོད་ཀྱི་སྤྱི་ཚོགས་གསར་རྙིང་བསྡུར་ཏེ། དེ་སྔའི་བོད་ཀྱི་སྤྱི་ཚོགས་སྒེར་གཅོད་དང་མུན་ནག་ཡིན་པ་དང། རྒྱ་དམར་གྱི་དབང་བསྒྱུར་འོག་གི་བོད་གསར་པར་བདེ་སྐྱིད་ཕུན་སུམ་ཚོགས་ཚུལ་ཟེར་པ་ནི། ཆབ་སྤེལ་གྱི་རྩོམ་ཡིག་ཕལ་མོ་ཆེའི་ནང་མཐོང་ཐུབ་པའི་སྣང་ཚུལ་ཞིག་ཡིན། དེ་ནི་དབང་བསྒྱུར་པའི་འདོད་མོས་དང་བསྟུན་ནས་བརྗོད་པའི་སྐད་ཆ་ཙམ་ལས། དངོས་བདེན་མིན་པ་ཆབ་སྤེལ་རང་ཉིད་ཐེ་བའི་བོད་རིགས་རྒན་པ་ཚོའི་མྱོང་ཐོག་ནས་བདེན་དཔང་བྱེད་ཐུབ་ཅིང། ལྷག་དོན་མིག་སྔའི་ཆར་བོད་ཁམས་སུ་བྱུང་བའི་ངོ་རྒོལ་གྱི་རྣམ་པ་དག་གིས་དབང་བསྒྱུར་པའི་གདུག་རྩུབ་སྲིད་བྱུས་འོག་གི་བོད་མིའི་གནས་སྟངས་ག་འདྲ་ཡིན་མིན་འཛམ་གླིང་ལ་གསལ་པོར་བསྟན་ཡོད། དེ་བཞིན་དུ། སྔོན་ཆད་བོད་ཀྱི་སྤྱི་ཚོགས་ནང་རིག་གཞུང་དཔྱད་གླེང་གི་རང་དབང་མེད་པ་དང་། སུམ་རྟགས་རྩ་གཞུང་ཐུ་མིས་བརྩམས་མིན་སྐོར་གླེང་སློང་ཕར་ཞོག་དོགས་སློང་ཙམ་བྱེད་ས་མེད་ཚུལ་ཟེར་བ་ནི། བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ཆ་རྒྱུས་ཞན་པའི་ཧང་གཏམ་རང་ཡིན་ཏེ། དུས་རབས་རིམ་བྱུང་གི་བོད་ཀྱི་སྔོན་བྱོན་མཁས་པ་ཚོས། སངས་རྒྱས་ཆོས་ལུགས་གཙོས་བོད་ཀྱི་རིག་གནས་ཁག་རིགས་པའི་ལམ་ནས་འཛིན་སྐྱོང་སྤེལ་གསུམ་མཛད་ཅིང། གཏན་ཚིགས་ལ་བརྟེན་ནས་དངོས་པོའི་གནས་ལུགས་གཏན་ལ་འབེབས་པ་དང། གཞུང་ལུགས་ཀྱི་འཛིན་མཚམས་ཕྲ་མོ་དང་། ལྟ་བའི་གནད་དོན་ཐད་ལུང་དང་རིགས་པའི་ལམ་ནས་བརྒལ་བརྟག་རྩོད་གླེང་བྱེད་པའི་ལུགས་སྲོལ་བཟང་པོ་དར་པ་མ་ཟད། གཞུང་ལུགས་གྲགས་ཅན་མང་པོ་ཞིག་བཀའ་བསྟན་གང་ཡིན་ནམ། མཛད་པ་པོ་སུ་ཡིན་ཐད་ལའང་དགག་གཞག་མཛད་པ་ཧ་ཅང་མང་། དཔེ་མཚོན་ཙམ་བརྗོད་ན། དཔལ་ལྡན་ས་སྐྱའི་མཁས་པ་རེ་འདའ་བ་གཞོན་ནུ་བློ་གྲོས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སངས་རྒྱས་ཀྱི་བཀའ་མིན་པའམ། རྒྱུད་སྡེ་རྣམ་དག་མིན་ཚུལ་དགག་གཞག་བྱས་ཡོད་ལ། དེ་བཞིན་དུ་བྱང་པ་བཀྲ་ཤིས་དཔལ་བཟང་སོགས་བྱང་ལུགས་ཀྱི་མཁས་པ་རྣམས་ཀྱིས་གསོ་རིག་རྒྱུད་བཞི་སངས་རྒྱས་ཀྱི་བཀར་འཆད་པ་ལ། ཟུར་མཁར་པ་བློ་གྲོས་རྒྱལ་པོས་ལུང་རིགས་ཀྱི་རྒྱབ་རྟེན་དང་བཅས་དེ་ཉིད་དོན་དམ་དུ་བོད་ཀྱི་མཁས་པའི་བརྩམས་པར་བསྒྲུབས་ཡོད་པ་དང། དེ་བཞིན་འགོས་ཁུག་པ་ལྷས་བཙས་དང་འབྲི་གུང་དཔལ་འཛིན་སོགས་ཀྱིས་རྙིང་མའི་རྫོགས་ཆེན་ཁུངས་ལྡན་མིན་ཚུལ་བརྗོད་ཡོད་པ་དང། དཔལ་ལྡན་ས་སྐྱའི་མཁས་པ་གོ་རམས་པས་རྗེ་ཙོང་ཁ་བའི་ལྟ་བར་དགག་པ་བསྐྱོན་ཡོད་པ་དང་། ཐུའུ་བཀན་ཆོས་ཀྱི་ཉི་མའི་གྲུབ་མཐའི་ནང་ཇོ་ནང་བའི་ཐར་བའི་རྣམ་གཞག་ཕྱི་རོལ་གྲངས་ཅན་པ་དང་འདྲ་ཚུལ་བརྗོད་ཡོད་པ་དང་། ཉེ་དུས་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རྗེ་ཙོང་ཁ་པའི་ཐ་སྙད་ཚད་གྲུབ་ཀྱི་ལྟ་བར་དགག་པ་བསྐྱོན་པ་སོགས་བོད་ཀྱི་སྔོན་བྱོན་མཁས་པ་ཚོས་མདོ་སྔགས་རིག་གནས་བཅས་པར་དགག་གཞག་སྤོང་གསུམ་རྒྱ་ཆེན་པོ་གནང་ཡོད། དེས་ན་དུས་འཁོར་རྩ་རྒྱུད་ལྟ་བུ་ཆོས་གཞུང་རྩ་ཆེན་ལའང་། སངས་རྒྱས་ཀྱི་བཀའ་ཡིན་མིན་དགག་གཞག་བྱེད་པའི་རིག་གཞུང་དཔྱད་གླེང་གི་ཁོར་ཡུག་དེ་ལྟ་བུར་། ཐུན་མོང་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་སུམ་རྟགས་རྩ་གཞུང་མཛད་མཁན་ཐུ་མི་ཨ་ནུ་ཡིན་མིན་དངོས་སུ་བརྗོད་རྒྱུ་ལྟ་ཅི། དོགས་པ་ཙམ་ཡང་ཟ་མི་ནུས་ཟེར་པ་ནི། བོད་ཀྱི་རིག་གནས་ལོ་རྒྱུས་ལ་མྱོང་རྒྱུས་ཏོག་ཙམ་ཡོད་མཁན་ཞིག་ཡིན་ཕྱིན་ཁས་ལེན་བྱ་ཐབས་བྲལ་པའི་ལྟག་ཆོད་ཅིག་གོ།

ལྷག་པར་དུ་རིག་གནས་ལོ་རྒྱུས་སོགས་ཀྱི་དགག་སྒྲུབ་ཙམ་མ་ཟད། དུས་སྐབས་སོ་སོའི་བོད་ཀྱི་ཆབ་སྲིད་དབང་འཛིན་པ་གཙོ་བོ་ཁག་ལའང། ཟུར་ཟ་དང་སྐྱོན་བརྗོད་ཀྱི་ཡི་གེ་བྲིས་པ་བྱུང་ཡོད་དེ། དཔེར་ན། འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཆོལ་ཁ་གསུམ་གྱི་བདག་པོ་མཛད་སྐབས། སྣར་ཐང་པ་བཅོམ་ལྡན་རིགས་པའི་རལ་གྲི ་ཟེར་པའི་མཁས་པ་དེས། སངས་རྒྱས་བསྟན་པ་བཀའ་ཕྱག་སྤྲིན་གྱིས་བསྒྲིབས། ། སེམས་ཅན་བདེ་སྐྱིད་མི་དཔོན་ལག་ཏུ་ཤོར། ། སྙིགས་དུས་དགེ་སྦྱོང་དཔོན་པོའི་ཆ་ལུགས་འཛིན། ། འདི་གསུམ་མ་རྟོགས་འཕགས་པ་མིན་པར་གོ། ། [3] ཞེས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལ་ཟུར་ཟའི་ནང་དོན་ཡོད་པའི་ཚིག་ཕུལ་བ་ཡོངས་གྲགས་དང་། དེ་བཞིན་༸རྒྱལ་མཆོག་ལྔ་པ་ཆེན་པོས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་ཏེ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་སྐབས། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི་སྙན་ངག་དཔེར་བརྗོད་ལེགས་བཤད་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་སུ། སྣ་ལྡན་དབུས་གནས་ཐེག་པ་རིམ་གསུམ་གྱི། ། རྩེར་སོན་འགྱུར་མེད་བཀྲ་ཤིས་གྲངས་ཚང་བའི། ། མཁས་པ་འགའ་ཡོད་གང་གི་ལེགས་བཤད་ནི། ། དངུལ་ཆུའི་ཐིག་ཕྲེང་སོར་མོས་བཅོམ་པ་བཞིན། ། [4] ཞེས་གྲངས་ཀྱི་གབ་ཚིག་གི་ལམ་ནས་ངག་དབང་བློ་བཟང་རྒྱ་མཚོ་ཞེས་མཚན་དངོས་སུ་སྨོས་ཏེ་གང་གི་བརྩམས་ཆོས་ལ་ཟུར་ཟའི་ཚིགས་བཅད་བྲིས་ནའང། ས་སྐྱ་དང་དགའ་ལྡན་ཕོ་བྲང་སྲིད་གཞུང་གིས་དེ་དག་ཁྲི་མུན་དུ་འཇུག་པ་སོགས་ཡེ་ནས་བྱས་མྱོང་མེད། གནས་ཚུལ་ཆུང་ངུ་འདིས་ཀྱང་། བོད་ཀྱི་དེ་སྔའི་སྤྱི་ཚོགས་སུ་རིག་གཞུང་དཔྱད་གླེང་གི་ཁོར་ཡུག་ཙམ་མ་ཟད། ཐ་ན་ཆབ་སྲིད་ཀྱི་དབང་འཛིན་པ་དག་ལའང་ཚད་ངེས་ཅན་ཐོག་ནས་ཟུར་ཟ་དང་། སྐྱོན་བརྗོད་བྱེད་པའི་ཁོར་ཡུག་ཡོད་པ་གསལ་པོར་མཚོན་ཐུབ།

ཡང་དཔྱད་རྩོམ་དེའི་ནང། “ ཇི་སྐད་དུ་ཡང་ལང་ཀར་གཤེགས་པའི་མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེ གས་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟག་ལ་ང་ཡི་བཀའ། ། ལེན་པར་བྱ་ཡི་གུས་ཕྱིར་མིན། ། ཞེས་གསུངས་ཡོད་པ་དེས་བདག་གི་བློ་སྒོ་པདྨོ འི་འདམ་སྟོང་ལྟར་ཕྱེ་ཞིང། བློ་སྟོ བས་རྡོ་རྗེའི་གོ་ཆ་བཞིན་སྲ་བར་གྱུར་ནས་བདེན་དོན་འཚོལ་ཞིབ་ཀྱི་ཆེད་དུ་བརྟག་དཔྱད་ནན་ཏན་བགྱིས་པ་ལ་ནི་ཉེས་པ་ནམ་ཡང་ཡོང་མི་སྲིད་པའི་ཆོས་ཉིད་ལ་ངེས་པ་རྙེད་དེ་བོད་ཀྱི་ཡི་གེའི་བརྡ་སྤྲོད་རིག་པ་འཕེལ་རིམ་གྱི་ལམ་ཚད་རྡོ་རིང་ལྟ་བུ་འདིའི་འབྱུང་ཁུངས་ལ་གང་ནུས་ཀྱི་ཞིབ་དཔྱད་ཅིག་བགྱིས་ནས་མི་རབས་རྗེས་མ་རྣམས་ལ་དཔྱད་གཞིའི་རྒྱུ་ཆ་ལྟ་བུ་ཞིག་ཤུལ་བཞག་བྱ་རྒྱུ་ནི། གཅིག་བྱས་ན་དགོས་པ་དོན་ལྡན་དུ་འགྱུར་བའང་སྲིད་སྙམ་སྟེ་འབྲེལ་ཡོད་ཡིག་རིགས་གང་རྙེད་ལ་ཞིབ་འཇུག་དང་འབྲེལ་དོགས་གཞི་རྒྱུ་མཚན་དང་བཅས་རིམ་བཞིན་གླེང་བར་བྱའོ། ། ”[5] ཞེས་འབྱུང་བའི་ནང་གི་དགེ་སློང་དག་གམ་སོགས་ཀྱི་མདོ་ལུང་དེ། མ་ཧཱ་པཎྜིཏ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་དྲང་ངེས་འཇུག་ངོགས་སུ། ཚིགས་བཅད་འདི་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་དུ་དྲངས་པ་ཙམ་ལས་ལུང་ཁུངས་རྩར་མི་ཆོད་ཅེས་གསུངས་ཤིང་། སྔོན་དེང་གི་མཁས་པ་མང་པོས་ལུང་འདྲེན་བྱས་དང་བྱེད་མུས་ཀྱང་། ལུང་དེའི་ཁུངས་བཀའ་འགྱུར་དཔེ་བསྡུར་མའི་ཁྲོད་ཀྱི་ལང་ཀར་གཤེགས་པའི་མདོའམ། དེ་བཞིན་མཁས་པ་ཁ་ཅིག་གིས་རྒྱན་སྟུག་པོ་བཀོད་པའི་མདོ་ལས་ཞེས་ལུང་འདྲེན་བྱས་ཀྱང་དེར་ཡང་མི་སྣང་ངོ་། དེས་ན་མདོ་ལུང་འདིའི་ཁུངས་ཞིབ་མོར་འཚོལ་རིགས་པ་ལས། ལུང་ཁུངས་གང་ཡིན་ཙམ་ལའང་ཞིབ་མོར་མི་དཔྱོད་པར། ལང་ཀར་གཤེགས་པའི་མདོ་ལས་ཞེས་ལུང་འདྲེན་རྐྱང་བྱེད་པ་ནི། ཚན་རིག་དང་མཐུན་པའི་བྱ་སྤྱོད་ཅིག་མ་ཡིན་ནོ། སྔོན་ཆད་བོད་ཀྱི་མཁས་པ་ཕལ་མོ་ཆེར་མདོ་རྒྱུད་མང་པོ་བློ་ཐོག་རང་ལ་ཡོད་ཅིང། བཀའ་རྩོམ་མཛད་དུས་ལུང་རྣམས་བློ་ཐོག་ནས་ཤར་མར་བཏོན་ཏེ་འབྲི་བ་ལས། དེང་སང་ལྟར་དཔེ་དེབ་མང་པོར་ཟུར་དུ་བརྩིགས་ནས་ཟུར་ལྟ་བྱེད་པ་དེ་འདྲ་མིན་པས། མཁས་པ་གྲགས་ཅན་གྱི་གསུང་རྩོམ་ནང་དུའང་། ལུང་དྲངས་སའི་ཁུངས་གསལ་པོ་མེད་པའི་གནས་ཚུལ་དེ་འདྲ་བྱུང་ཡོད། [6] དེས་ན་བོད་ཀྱི་རིག་གནས་ལ་ཞིབ་འཇུག་གི་སྦྱོར་བ་ལྷུར་ལེན་པའི་གཞོན་སྐྱེས་ཚོས། གནས་ཚུལ་འདི་འདྲའི་རིགས་ལ་ཐག་གཅོད་མི་སྔ་བར་ངང་རྒྱུད་རིང་པོའི་སྒོ་ནས་རྩད་ཞིབ་བྱེད་རིགས།

ཡང་དཔྱད་རྩོམ་དེའི་ནང། “ དེ་ཡང་དོགས་གཞི་གཙོ་བོ་ནི། དེང་སྐབས་རང་ཅག་རྣམས་ཀྱིས་སྦྱོང་སྤྱོད་བྱེད་བཞིན་པའི་བརྡ་སྤྲོད་པའི་གཞུང་ལུགས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་འདི་སྤྱི་ལོའི་དུས་རབས་བདུན་པའི་ནང་སློབ་དཔོན་ཐུ་མི་སམ་བྷོ་ཌའམ། ཨ་ནུས་མཛད་པ་ཡིན་ཟེར་བའི་ཡོངས་གྲགས་ཀྱི་བརྗོད་ཚུལ་ས་ཁྱབ་གནམ་ཁྱབ་འདི་དོན་དངོས་དང་མི་མཐུན་པ་ཞིག་ཡིན་སྙམ་པ་དེ་ཡིན། རྒྱུ་མཚན་ནི་ད་ཡོད་བཙན་པོའི་དུས་ཀྱི་རྡོ་རིང་སོགས་ཀྱི་ཡི་གེ་དང། ཏུན་ཧོང་སོགས་ནས་ཐོན་པའི་བོད་ཀྱི་གནའ་ཡིག་འདི་དག་ལ་ཞིབ་ཏུ་དཔྱད་ན། གལ་ཏེ་ཐུ་མིས་མཛད་པའི་བརྡ་སྤྲོད་གཞུང་ལུགས་ཤིག་ཡིན་ཚེ་དེའི་ནང། ཀ་སྡེ་ཐོག་མ་བཞི་པོའི་ནང་གི་ཡི་གེ་སྡེ་པ་གཅིག་གི་ནང་ཚན་ཕན་ཚུན་ཡུལ་སྐད་དང་བསྟུན་ནས་ཅི་བདེར་སྤྱད་ཆོག་པ་དང། མྱི་མྱེད་མྱེས་ལ་སོགས་ལ་ཡ་བཏགས་འབྲི་དགོས་ལ། མ་དང་མོ་སོགས་ལ་སྨད་འདོགས་མའི་དགོས་པའི་ཁྱད་པར། དེ་བཞིན་དབྱངས་ཡིག་ཨི་ལྡན་གྱི་གི་གུ་ཕྱི་ནང་སློག་པ་དང་མ་སློག་པ་གཉིས་ལ་གདངས་དབྱངས་སམ། ཡང་ན་དོན་གྱི་དབྱེ་བ་ཡོད་མེད་ལ་སོགས་པ་ལྟ་བུ་མདོར་ན་དུས་སྐབས་དེ་རང་གི་སྐད་ཡིག་སྒྲ་སྦྱོར་ལ་མེད་དུ་མི་རུང་བའི་རྣམ་གཞག་གི་རིགས་རྣམས་སྟོ ན་དགོས་པ་ལས། སྐབས་དེའི་ཡི་གེ་དངོས་དང་མ་འབྲེལ་བའི་རིགས་དཔེར་ན་ཕྲད་གཞན་དབང་ཅན་ལ་སོགས་པའི་ཐོབ་ཚུལ་གྱི་དབྱེ་བ་ཞིབ་མོ་དང་། སྔོན་འཇུག་མིང་གཞི་སོགས་ལ་ཕོ་མོ་མ་ནིང་སོགས་རྟགས་ཀྱི་ཁྱད་པར་ཕྱེ་བ་མ་ཟད། དེ་དག་གང་ལ་གང་འཇུག་དང་མི་འཇུག་གི་ཁྱད་པར་ཞིབ་ཅིང་ཕྲ་བ་ལ་སོགས་པ་འདི་གསལ་པོར་རྟོགས་ཐུབ་་་་། ” [7] ཅེས་སུམ་རྟགས་རྩ་གཞུང་དུས་རབས་བདུན་པའི་ནང་སློབ་དཔོན་ཐུ་མིས་མཛད་པ་དོན་དངོས་དང་མི་མཐུན་པའི་སྒྲུབ་བྱེད་ལ། བཙན་པོའི་སྐབས་ཀྱི་ཡིག་སྦྱོར་རྣམ་གཞག་མང་པོ་ཞིག་སུམ་རྟགས་རྩ་གཞུང་དུ་དངོས་སུ་བསྟན་མེད་པ་དང་། སུམ་རྟགས་རྩ་གཞུང་ནང་སྐབས་དེའི་ཡི་གེ་དངོས་དང་མ་འབྲེལ་བའི་ཕྲད་གཞན་དབང་ཅན་གྱི་ཐོབ་ཐང་དང་། ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་བ་ཞིབ་ཕྲ་བསྟན་པ་མི་འཐད་ཟེར་བའི་ཐད། ང་ཚོས་ཕྱོགས་འགའ་ཞིག་ནས་དཔྱད་ཚེ་ད་གཟོད་ས་ཕྱར་ན་རྡོ་ལྷང་ལ་འབུད་ཐུབ། སྤྱིར་བཙན་པོའི་རྒྱལ་རབས་སྐབས་ཀྱི་བོད་བརྡའི་རྣམ་གཞག་ལ་ཞིབ་འཇུག་བྱེད་པའི་གཞི་འཛིན་ས་གསེར་གྱི་ས་གཞི་ལྟ་བུ་ནི། དུས་དེར་བཙུགས་པའི་རྡོ་བརྐོས་ཡི་གེ་ཁག་དང་། ཏུན་ཧོང་བྲག་ཕུག་ནས་ཐོན་པའི་སྐབས་དེའི་ལག་བྲིས་དངོས་རྣམས་ཡིན་མོད་ཀྱང། སྐབས་དེའི་ཡི་གེ་འབྲི་ཚུལ་འགའ་ཞིག་སུམ་རྟགས་རྩ་གཞུང་ནང་དངོས་སུ་བསྟན་མེད་པའམ། ཐ་ན་སུམ་རྟགས་རྩ་གཞུང་གི་དགོངས་པ་དང་མི་མཐུན་པ་ཡོད་པ་ཙམ་གྱིས་ཀྱང་སྐབས་དེར་སུམ་རྟགས་རྩ་གཞུང་བྱུང་མེད་པ་མཚོན་མི་ཐུབ་སྟེ ། སྐད་གསར་བཅད་གོང་གི་ཡིག་སྦྱོར་འགྲོ་སྟངས་འགའ་ཞིག་སུམ་རྟགས་རྩ་གཞུང་དུ་སྟོན་རིགས་ཀྱང་མ་བསྟན་ཟེར་པ་དངོས་སུ་མ་བསྟན་པས་མི་འཐད་ཟེར་རམ། ཡང་ན་ཤུགས་ལ་མ་བསྟན་པས་མི་འཐད་ཟེར་བ་ཡིན། སྔ་མ་ལྟར་ན་མི་འགྲི ག་སྟེ ། དེ་ལྟར་ན་སླར་བསྡུའི་ཏོ། ལ་དོན་གྱི་ཏུ། ལྷག་བཅས་ཀྱི་ཏེ་དང་དེ། འབྱེད་སྡུད་ཀྱི་ཏམ། སྤྱི་སྒྲའི་ཅི་ཇི་སུ། བདག་སྒྲའི་བ་བོ་སོགས་བོད་ཀྱི་བརྡ་སྦྱོར་ལག་ལེན་ཁྲོད་ཡོངས་ཁྱབ་ཀྱིས་བེད་སྤྱོད་གཏོང་བཞིན་པ་མང་པོ་ཞིག སུམ་རྟགས་རྩ་གཞུང་དུ་དངོས་སུ་བསྟན་མེད་པའི་རྒྱུ་མཚན་གྱིས་དེང་སང་སུམ་རྟགས་རྩ་གཞུང་མེད་པར་བསྒྲུབ་མི་ཐུབ་པ་བཞིན་ནོ། ཡང་དེ་དག་སུམ་རྟགས་རྩ་གཞུང་གི་ཤུགས་ལ་བསྟན་ཞིང། གོང་སྨོས་དེ་དག་ཤུགས་ལའང་བསྟན་མེད་ཅེ་ན་ཁ་ཚོན་གཅོད་མི་ཐུབ་སྟེ ། ཤུགས་བསྟན་གྱི་ཕྲད་རྣམ་དབྱེའི་རྣམ་གཞག་སོགས་ཀྱང་། ཕྱིས་སུ་དགོངས་འགྲེལ་ཁག་གིས་རྩ་བའི་དགོངས་དོན་ལྟར་བཀྲལ་ནས་གསལ་བར་བྱས་པ་ཙམ་ཡིན་ཞིང། བཞེད་ལུགས་གཅིག་གྱུར་མེད་པ་མང་དུ་ཡོད་པས་སོ། སྤྱིར་ཡང་སུམ་རྟགས་རྩ་བར་གཞུང་ཚད་ཚིགས་བཅད་རེ་བདུན་དང་རྐང་པ་གཉིས་[8] ཀྱིས་བོད་ཀྱི་ཡི་གེ་དང་བརྡ་སྤྲོད་ཀྱི་རྣམ་གཞག་ཉུང་ངུ་རྣམ་གསལ་གྱིས་བསྟན་ཅིང་། ཕྲད་རྣམ་དབྱེ་དང་བྱ་ཚིག་གི་རྣམ་གཞག་མཚོན་ཙམ་ལས་ཞིབ་ཕྲ་དངོས་སུ་བསྟན་མེད། འདིའི་སྐོར་ཁོ་བོས་ལོགས་སུ་ཞིབ་གསལ་བྲིས་ཡོད་པས་འདིར་རྒྱས་པར་མ་སྨྲོས་སོ། [9]གཞན་ཡང་། སུམ་རྟགས་རྩ་གཞུང་དུ་བསྟན་མེད་པ་ཙམ་གྱིས་ཐུ་མིས་མཛད་མེད་པས་ཀྱང་མ་ཁྱབ་སྟེ ། སི་ཏུ་གཙུག་ལག་ཆོས་ཀྱི་འབྱུང་གནས་ཀྱིས། “ ཕལ་ཆེར་ནི་བྱང་ཕྱོགས་འདིར་གཙུག་ལག་གཉིས་ཀ་བར་དུ་ཉམས་པའི་དབང་ལས་བཤད་རྒྱུན་དང་བསྟན་བཅོས་ཀྱི་ཡན་ལག་གཞན་མ་ཚང་བའི་ཕྱིར་མི་གསལ་བ་རྣམས་ཁ་ཁྲལ་འཇལ་བ་ཙམ་ལས་དོན་དུ་གནས་པར་མ་མངོན་པས། ” [10] ཞེས་གསུངས་པ་ལྟར། ཡོངས་གྲགས་སུ་ཐུ་མི་ཨ་ནུས་བོད་ཡིག་གི་སྲོལ་ཕྱེས་རྗེས། རྒྱ་གར་མའི་སྒྲའི་བསྟན་བཅོས་ལ་དཔེ་བྱས་ཏེ། སུམ་རྟགས་སོགས་གཞུང་བརྒྱད་མཛད་ཀྱང་ལྷག་མ་རྣམས་ཉམས་བརླག་ཕྱིན་པར་བཤད་པས། གཞུང་ལྷག་མ་རྣམས་ཀྱི་ནང་དུ་སུམ་རྟགས་རྩ་གཞུང་དུ་མ་གསལ་བའི་བོད་ཀྱི་བརྡ་སྤྲོད་རྣམ་གཞག་གཞན་བསྟན་ཡོད་སྲིད་པ་ཡིན། འོན་ཀྱང་གཞུང་ལྷག་མ་དྲུག་དེང་སང་དངོས་སུ་མཇལ་དུ་མེད་པས་ཁ་ཚོན་གཅོད་མ་སྤོབས་སོ།

དེ་བཞིན་དུ། སུམ་རྟགས་རྩ་གཞུང་ནང་ཕྲད་གཞན་དབང་ཅན་གྱི་ཐོབ་ཚུལ་དབྱེ་བ་དང་། སྔོན་མིང་རྗེས་གསུམ་གྱི་ཕོ་མོ་མ་ནིང་གི་རྟགས་ཀྱི་ཁྱད་པར་ཕྱེས་ཤིང་། དེ་དག་གང་ལ་འཇུག་དང་མི་འཇུག་གི་ཁྱད་པར་ཞིབ་ཕྲ་ཕྱེས་པ་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཡི་གེ་དངོས་དང་མ་འབྲེལ་ཟེར་པའང་མི་འཐད་དེ། བཙན་པོའི་སྲིད་གཞུང་གིས་དངོས་སུ་བཙུགས་པའི་དབོན་ཞང་རྡོ་རིང་ངོས་ཀྱི་ཡི་གེར་མཚོན་ན། དེའི་ནང་སུམ་རྟགས་རྩ་གཞུང་གི་དགོངས་པ་བཞིན་གཞན་དབང་ཅན་གྱི་ཕྲད་ལས་དཔེར་ན་ལ་དོན་ལྟ་བུར་མཚོན་ན། རྩ་བར། རྗེས་འཇུག་ཡི་གེ་བཅུ་རྣམས་ལས། ། གང་མིང་མཐའ་ན་བཅུ་པ་གནས། ། དེ་ལ་ཨཱ་ལི་གཉིས་པ་སྦྱར། ། གང་མིང་མཐའ་ན་བརྒྱད་པ་གནས། ། དེ་ལ་གཉིས་པ་ཨུ་ཡང་སྦྱར། ། གང་མིང་མཐའ་ན་གསུམ་པ་གནས། ། དེ་ལ་ཨཱ་ལི་གཉིས་པ་སྦྱར། ཞེས་པའི་དགོངས་དོན་དང་མཐུན་པར། ཚེ་ཚེ་རབས་སུ། གཏམ་དུ་བརྗོད་དུ་ཡོད་པའྀ་ཕྱིར། ཡུན་རིང་པོར། ཙང་ཀུན་ཡོག་ཏུ་རྟ་བརྗེས་ལ། ཙེ་ཤུ་ཧྱན་དུ་བོད་དང་ཕྲད་པ། གློ་བུར་དུ་སྡང་བ་དང་། རབས་ཁྲའི་བར་དུ། དཔང་དུ་གསོལ་ཏེ། ཕྱག་སྦལ་དུ་བཞག། མཇལ་དུམ་དུ་མོལ་ཏེ་སོགས་དང་། ཨི་ལྡན་གྱི་ཐད། རྩ་བར། རྗེས་འཇུག་ཡི་གེ་བཅུ་པོ་ལ། ། ཨི་དང་མཐུན་ལུགས་འདི་ཞེས་བྱ། ། དང་པོ་གནིས་ལ་དང་པོ་མཐུན། ། གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། ། བདུན་པ་ཉིད་ལ་བདུན་པ་སྟེ ། ། ལྷག་མ་རྣམས་ལ་གྱ་སྦྱར་བ། ། དེ་དག་ཨི་སྦྱར་འབྲེལ་བའི་ས། ། དེ་ཉིད་ལ་ནི་བཅུ་པ་སྦྱར། ། བྱེད་པ་པོ་རུ་ཤེས་པར་བྱ། ། ཞེས་པའི་དགོངས་དོན་ལྟར། བོད་ཀྱི་རྒྱལ་པོ་ཆེན་པོ། འཕྲུལ་གྱྀ་ལྷ་བཙན་པོ། རྒྱའྀ་རྒྱལ་པོ་ཆེན་པོ། མཇལ་དུམ་གྱི་གཙིགས་ཀྱྀ་རྡོ་རིང་། ཁྲི་གཙུག་ལྡེ་བརྩན་གྱྀ། སྒམ་དཀྱེལ་ཆེན་པོས། བཀའ་དྲྀན་གྱིས། བོད་རྒྱ་གཉིས་ཀྱྀ་བར། བོད་ཀྱིས་ཕུ་དུད་བྱ་སྟེ ། ཡུལ་གཉིས་ཀྱི་བར། ཐ་ཚག་གྀ། བོད་རྒྱ་གཉིས་གང་གིས། བོད་རྒྱ་གཉྀས་ཀྱྀ་རྗེ་བློན་གྱིས། བོད་རྒྱ་གཉྀས་ཀྱྀ་རྗེ་བློན་གྱིས། ཡུནད་ཀྱི་སྲིད་བཙུགས། གཡུང་དྲུང་གི་རྒྱལ་པོ་ཆེན་པོ། འཐབ་ཀྱྀ་ཟླ། བོད་ཀྱྀས་གཙྀགས་བཟུང་ངོ་[11]སོགས་བྲིས་པར་ལྟོས་དང། སུམ་རྟགས་རྩ་གཞུང་དུ་བསྟན་པའི་ལ་དོན་དང་། ཨི་ལྡན་གྱི་སྒྲ་སྦྱོར་རྣམ་གཞག་བསྟན་པ་དང། བཙན་པོའི་རྒྱལ་རབས་སྐབས་ཀྱི་ཡི་གེ་དངོས་གཉིས་ཆུ་ལ་ཆུ་བཞག་གི་ཚུལ་དུ་མི་འདུག་གམ། དེ་ནས་གཞན་དབང་ཅན་གྱི་ཕྲད་ཀྱི་སྦྱོར་ལུགས་ཞིབ་ཕྲ་བསྟན་པ་སོགས་བཙན་པོའི་སྐབས་ཀྱི་ཡི་གེ་དངོས་དང་མ་འབྲེལ་ལུགས་ཅི་ཡང་མེད་དོ།

ཡང་། ཆབ་སྲིད་གཅིག་དུ་མོལ། ལྟ་བུའི་སྐབས་ག་མཐར་དུ་སྦྱར་བ་ལྟ་བུ་སུམ་རྟགས་རྩ་བའི་དགོངས་པ་དང་མི་མཐུན་པ་རེ་ཟུང་མཆིས་ཀྱང། དེ་ཙམ་ལ་ཧ་ལས་རྒྱུ་ཅི་ཡང་མེད་དེ། སྐད་གསར་བཅད་སྔོན་གྱི་རྡོ་རིང་ཡི་གེ་ཁག་དང་། ལྷག་པར་དུ་ཏུན་ཧོང་ཡི་གེ་རྣམས་ནི་ཡིག་མཁན་སོ་སོའི་ཁ་སྐད་གཞིར་བཟུང་རང་འདོད་ལྟར་སྦྱར་བ་ཅི་རིགས་སྣང་བས་མཐའ་གཅིག་ཏུ་དག་སྡེབ་སྐྱོན་མེད་ཡིན་པའི་ཁྱབ་པ་མེད་ལ། སུམ་རྟགས་རྩ་གཞུང་མཛད་ནས་ཡུན་རིང་མ་སོང་བའི་སྐབས་སུ་ཡི་གེའི་དག་སྡེབ་ལ་གཏན་ཆགས་མེད་པ་ནི་ཆེས་རྒྱུན་ལྡན་ཞིག་ལོས་ཡིན་། དེང་གི་སྐབས་སུའང་བོད་ཀྱི་མཁས་བླུན་བར་མའི་བརྩམས་ཆོས་ཁྲོད། སུམ་རྟགས་རྩ་གཞུང་དུ་གཏན་ལ་ཕབ་པའི་རྣམ་གཞག་དང་མི་མཐུན་པའི་དག་ཆའམ་ཕྲད་རྣམ་དབྱེའི་སྦྱོར་ལུགས་སྣ་ཚོགས་ཡོད་པས་སོ།

ཡང་ཆབ་སྤེལ་གྱི་དཔྱད་རྩོམ་དེར། “ སྐད་ཡིག་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བསམ་ནའང་དེ་འདྲ་ཡོང་ག་ལ་སྲི ད། ཡང་ན་ཐུ་མིས་མ་འོངས་པའི་དུས་རབས་འགའ་ཞིག་གི་ནང་བོད་ཀྱི་སྐད་ཡིག་འཕེལ་འགྱུར་གྱི་ཆོས་ཉིད་མངོན་པར་མཁྱེན་ཏེ་ལེགས་པར་བརྩམས་ནས་མི་ལོ་ལྔ་བརྒྱ་ཙམ་གྱི་རིང་གཏེར་དུ་སྦ་གནང་མཛད་པ་མིན་ལས་ཆེ། འོན་ཀྱང་དེ་ལྟ་བུའི་གཏམ་རྒྱུད་ཅི་བཟོ་མཁན་བྱུང་མེད་ལ། མཚན་ཡོངས་སུ་གྲགས་པའི་གཏེར་སྟོ ན་སུས་ཀྱང་ཐོས་མྱོང་མེད་དོ། ” [12] ཟེར་བའི་ཐད། སློབ་དཔོན་ཐུ་མིས་བོད་ཡིག་གསར་བཏོད་མཛད་པ་དང་ཆབས་ཅིག སུམ་རྟགས་སོགས་བརྡ་སྤྲོད་ཀྱི་རྣམ་གཞག་གཏན་ལ་ཕབ་ཟེར་ན། ཡི་གེ་གསར་པ་དེ་བེད་སྤྱོད་ཀྱི་ལག་ལེན་བརྒྱུད། རིམ་གྱིས་བརྡ་སྤྲོད་གཞུང་ལུགས་ཕྱོགས་བསྡོམས་བྱེད་དགོས་པས་ཆོས་ཉིད་ཀྱི་གོ་རིམ་དང་མི་མཐུན་སྙམ་པ་ནི་བརྡར་ཤ་མ་ཆོད་པའི་ལྟ་ཚུལ་ཞིག་རེད། དེའི་ཚུལ་ཕྱོགས་འགའ་ཞིག་ནས་བསམ་ཞིབ་བྱས་ན་ངེས་ཤེས་རྙེད་ཐུབ་སྟེ ། དེ་ཡང་སྲོ ང་བཙན་སྒམ་པོའི་ཡན་བོད་ལ་ཡི་གེ་མེད་ཚུལ་ཏུན་ཧོང་ཡིག་ཆ་དང [13] རྒྱའི་ཐང་དེབ་ནང་དུ་གསལ་པོར་བསྟན་ཡོད་ཅིང། [14] ད་ལྟའི་བར་དེའི་གོང་གི་ཡི་གེ་ཡིན་ངོ་མ་ཤོག་ལྷེ་གཅིག་ཙམ་ཡང་སྟོ ན་རྒྱུ་མེད་པ་དེས་ན། སྲོ ང་བཙན་རིང་ཐུ་མི་ཨ ནུས་ད་ལྟའི་བོད་ཡིག་འདིའི་སྲོལ་བཏོད་པའི་ཡོངས་གྲགས་དེ་ཁས་ལེན་བྱེད་དགོས་ཤིང། སུམ་རྟགས་རྩ་གཞུང་ནང་བོད་ཀྱི་ཡི་གེ་དང་བརྡ་སྤྲོད་ཀྱི་རྣམ་གཞག་གཉིས་དཀྱུས་གཅིག་ཏུ་བསྟན་ཡོད། ཐུ་མིས་རྒྱ་གར་ཡི་གེར་དཔེར་བྱས་ནས་བོད་ཡིག་གི་དབྱངས་གསལ་གཏན་ལ་ཕབ་པ་ཙམ་མིན་པར། བོད་ཡིག་གི་སྔོན་མིང་རྗེས་གསུམ་སོགས་ཀྱི་རྣམ་གཞག་ཅིག་ངེས་པར་དུ་སྟོ ན་དགོས་པར་གྲུབ་པས། གལ་སྲིད་སུམ་རྟགས་རྩ་གཞུང་འདི་དག་སྐབས་དེར་སློབ་དཔོན་ཐུ་མིས་མཛད་པ་མིན་ན། ཐུ་མིའི་ཡིག་སྲོལ་ཕྱེས་ཟེར་པའི་གཞི་འཛིན་སའི་གཞུང་ལུགས་ཀྱི་རྟེན་ཁུངས་གཞན་ཞིག་སྟོ ན་རིགས་ཀྱང་མ་བསྟན་པས་སོ།

སྤྱིར་འཛམ་གླིང་གི་ཡི་གེ་ལ་འདྲ་གཟུགས་ཡི་གེ་དང་། སྒྲ་སྦྱོར་ཡི་གེ་རིགས་གཉིས་ཡོད་པ་ལས། བོད་ཡིག་ནི་དྲན་དབང་དགེ་འདུན་ཆོས་འཕེལ་གྱིས་བསྟན་པ་བཞིན། [15] མཁས་པ་རྣམས་ཀྱིས་ཆེད་དུ་བྱས་པའི་སྒྲ་སྦྱོར་གྱི་ཡི་གེའི་ཁོངས་སུ་གཏོགས་ཤིང་། སྒྲ་སྦྱོར་ཡི་གེ་ནི་འདྲ་གཟུགས་ཡི་གེ་ལྟར་བརྗོད་བྱ་ཀ་བུམ་སོགས་ཀྱི་དངོས་པོ་དང་རྗོད་བྱེད་ཀྱི་སྒྲ་རེ་རེ་བཞིན་ཡིག་འབྲུ་རེ་བཅོས་པ་དེ་འདྲ་མིན་པར། ཡི་གེ་ཕྱི་མོ་སྐད་ཀྱི་གདངས་ལ་མཁོ་བ་རྣམས་ཟུར་དུ་བསྡུས་ནས་ཡི་གེ་བྱས་པ་ཞིག་ཡིན། དེ་ལྟ་བུའི་བོད་ཡིག་གི་སྒྲ་སྦྱོར་ཡི་གེ་ཐོག་མར་བཟོ་སྐབས། བོད་མི་བྱིངས་ཀྱི་སྐད་བརྡའི་ངེས་སྲོལ་ལ་བརྟག་ཞིབ་ནན་ཏན་བྱས་ཏེ། ད་གཟོད་བོད་རང་གི་སྐད་ཀྱི་ཆོས་ཉིད་དང་མཐུན་པའི་ཡི་གེའི་རྣམ་གཞག་གསར་གཏོད་བྱས་ཤིང་། དེ་དང་ཆབས་ཅིག་སྐབས་དེར་རྒྱ་གར་གྱི་སྔོན་ཐོན་རང་བཞིན་གྱི་སྒྲ་རིག་པའི་གཞུང་ལུགས་ཀྱི་རིགས་ལམ་ལ་བརྟེན་ནས་སུམ་རྟགས་སོགས་ཀྱི་གཞུང་མཛད་པ་ཡིན། དེས་ན་ཆབ་སྤེལ་གྱིས་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་དེ་ཡིག་སྲོལ་བྱས་རྗེས་ཀྱི་ཡུན་རིང་ལག་ལེན་བརྒྱུད། སྐད་བརྡའི་ངེས་སྲོལ་ཕྱོགས་བསྡོམས་བྱས་ནས་གྲུབ་དགོས་ཀྱི། བོད་ཡིག་དང་བོད་ཀྱི་བརྡ་སྤྲོད་མཉམ་དུ་བྱུང་བར་བྱས་ན་ཆོས་ཉིད་དང་མི་མཐུན་སྙམ་པ་ནི། རྒྱ་ནག་དང་ཨེ་རྗིབ་ཀྱི་ཡི་གེ་ལྟ་བུའི་འདྲ་གཟུགས་ཡི་གེའི་བྱུང་འཕེལ་གྱི་ཆོས་ཉིད་དམ་ཚད་གཞི་སྒྲ་སྦྱོར་ཡི་གེར་ཞྭ་དཔེ་ལྷམ་འགེབས་བྱས་པ་ཙམ་ཡིན་ནོ།

དེ་བཞིན་དུ་སྲོ ང་བཙན་སྒམ་པོའི་སྐུ་རིང་ལ། སློབ་དཔོན་ཐུ་མིས་བོད་ཡིག་གསར་གཏོད་བྱས་རྗེས། ཁོང་དང་ཁོང་གི་མཆན་བུ་ཚོས་ཡི་གེ་གསར་པ་དེའི་ནང་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆ་མང་པོ་བསྒྱུར་ཚུལ་ཡིག་ཚང་ཁུངས་མ་རྣམས་སུ་འབྱུང་ཞིང། དེ་དག་ལ་ཕྱིས་སུ་བོད་ཀྱི་སྐད་གསར་བཅད་ཀྱིས་འགྱུར་བཅོས་རིམ་པར་བྱས་པར་བརྟེན། ཐམས་ཅད་ཀྱི་མཇུག་ཏུ་ཐུ་མིའི་འགྱུར་བྱང་བཀོད་མེད་ནའང། སྤང་སྐོ ང་ཕྱག་རྒྱ་བའི་མཇུག་ཏུ་ཐུ་མིའི་འགྱུར་བྱང་བཀོད་པ་ཅན་ད་ལྟའང་སྡེ་དགེའི་བཀའ་འགྱུར་དཀར་ཆག་ཏུ་གསལ་ལོ། [16] དེ་བཞིན་བུ་སྟོ ན་ཆོས་འབྱུང་དུ། མདོ་ཟ་མ་ཏོག་བཀོད་པ་དང། སྤང་སྐོ ང་དང་། མདོ་སྡེ་དཀོན་མཆོག་སྤྲིན་ལ་སོགས་པ་བསྒྱུར་རོ། [17] ཞེས་འབྱུང་བ་དེ་དག་ཐོག་ནས་གནད་དོན་གཉིས་གསལ་བཤད་བྱས་ཡོད་དེ། གཅིག་ནི་སྲོ ང་བཙན་སྒམ་པོའི་སྐུ་རིང་ལ་གསར་དུ་བཟོས་མ་ཐག་པའི་ཡིག་གསར་གྱིས་སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆ་བསྒྱུར་ཐུབ་པའི་ཆུ་ཚད་ཅིག་ཏུ་འཕེལ་རྒྱས་ཕྱིན་ཡོད་པ་དང། གཞན་དེ་ནི། སྐབས་དེ་ནས་བཟུང་བོད་ཡིག་ཐོག་སངས་རྒྱས་ཆོས་ལུགས་གཙོས་ཕྱིའི་ཕུལ་བྱུང་རིག་གནས་ནང་འདྲེན་གྱི་དབུ་ཚུགས་ཡོད་པས། ཡིག་སྒྱུར་གྱི་དགོས་མཁོར་བོད་རང་གི་སྐད་བརྡའི་ངེས་སྲོལ་གཞིར་བཟུང་བའི་བྱཱ་ཀ་ར་ཎའི་བསྟན་བཅོས་ཤིག་མེད་དུ་མི་རུང་བ་དེ་རེད། དེས་ན་ཐུ་མི་ཨ་ནུས་ཡི་གེའི་སྲོལ་ཕྱེས་རྗེས། སུམ་རྟགས་སོགས་བརྡ་སྤྲོད་ཀྱི་གཞུང་མཛད་ཚུལ་གྱི་ཡོངས་གྲགས་བཤད་སྲོལ་དེ་སྐད་ཡིག་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ་ཤེས་པར་གྱིས་ཤིག།

གསུམ།

ཡང་ཆབ་སྤེལ་གྱི་དཔྱད་རྩོམ་དེའི་ནང། འོན་ཀྱང་དབྱངས་གསལ་བསྡུ་ལུགས་ནི་རྒྱ་གར་གྱི་དེ་ལྟ་བུའི་གཙང་སང་བ་སུ་ལ་ཡང་མི་སྣང་ཞིང། རང་རེའི་བོད་དང་། ཤྱམ། བྷར་མ། སིངྒ་ལ་སོགས་ཀྱི་ཡི་གེ་འདི་ལས་བྱས་པ་ཡིན་པས་འཛམ་བུའི་གླིང་འདིར་རྒྱ་ནག་དང་། ཧེ་ཙིའི་ཡི་གེ་བསལ་བའི་ལྷག་མའི་ཡིག་རིགས་ཇི་སྙེད་པ་ཐམས་ཅད་ཀྱི་རྩ་བ་གཅིག་ཏུ་ཤེས་སོ། “ཞེས་གསུངས་ཡོད། “ གོང་གསལ་བསྟན་བཅོས་དེ་གཉིས་ཕན་ཚུན་གཟབ་ནན་ཆེན་པོས་ཞིབ་བསྡུར་ཞིག་མཛད་ན། འགོ་བརྩམ་པར་དམ་བཅའ་བ་ནས། བར་སུམ་ཅུ་པའི་རྣམ་དབྱེ་བརྒྱད་དང་དེ་དག་གི་སྦྱོར་ཚུལ་སོགས་གཙོ་བོའི་རྩ་དོན་རྣམས་དང། དེ་བཞིན་རྟགས་ཀྱི་འཇུག་པའི་རྩ་དོན་མིང་གཞིའམ། རྗེས་འཇུག སྔོན་འཇུག་བཅས་སོ་སོའི་ཕོ་མོ། མ་ནིང། ཤིན་ཏུ་མོ་བཅས་པའི་རྟགས་ཀྱི་དབྱེ་བ་དང། དེ་དག་རང་རང་གི་འཇུག་པ་བཞི་སོགས་ཀྱི་བར་དང། མཇུག་’མོ་ཡི་ཡི་གེ་མེད་པ་ན། ་་་་་་་་’ ཞེས་ཤོ་ལོ་ཀ་གཉིས་ཀྱི་བརྗོད་དོན་བཅས་སུམ་རྟགས་ཀྱི་སྙིང་དོན་རྣམས་ཇི་མ་ཇི་བཞིན་དུ་མཚོན་པ་ནི་ངོ་མཚར་དང་རྒྱུ་མཚན་ཤིན་ཏུ་ཆེ་བ་ཞིག་ཏུ་མཐོང་། གལ་ཏེ་སུམ་རྟགས་ཀྱི་གཞུང་འདི་སློབ་དཔོན་ཐུ་མིས་མཛད་པ་ཞིག་ཡིན་ན། རྗེ་ས་པཎ་གྱིས་བསྐྱར་ཟློ ས་འདི་ལྟ་བུ་གནང་དགོས་དོན་ག་ལ་ཡོད། ” [18] ཅེས་དང་། ཡང། “ དེ་ལྟར་བསྟན་བཅོས་དེ་གཉིས་ཞིབ་ཚགས་ནན་ཏན་གྱི་སྒོ་ནས་གཤིབ་བསྡུར་དང་རྟོག་དཔྱོད་ཇི་ཙམ་བགྱིས་པ་དེ་ཙམ་གྱིས་གང་ཞིག་མ་ཕྱི་ཡིན་པ་དང། གང་ཞིག་མ་ཕྱི་ཡིན་པ་དང། གང་ཞིག་དེ་ལས་སྙིང་བཅུད་ལེགས་པར་བཏུས་ཤིང་ཞིབ་ཏུ་ཕྱེ་ནས་སྒྲིག་སྦྱོར་མཛད་པའི་ཉིང་ཁུ་ཡིན་པ་དེ་ནི། བོད་ཡིག་གི་བརྡ་སྤྲོད་གཞུང་ལུགས་ལ་སྦྱངས་པ་རགས་ཙམ་བྱེད་མྱོང་མཁན་ཞིག་ཡིན་ཕྱིན་ཝ་ལེར་ཤེས་རྟོགས་ཐུབ་པ་ལས། ཐེ་ཚོམ་དང་སོམ་ཉི་ཅི་ཡང་བྱེད་དགོས་དོན་མེད་པ་ཞིག་ཡིན་སྙམ་པ་ནི་དཔྱད་བརྗོད་ཀྱི་བསྡོམས་ཚིག་འབའ་ཞིག་ལགས་སོ། ” [19] ཞེས་ཡོངས་གྲགས་ཀྱི་བཤད་སྲོལ་དང་རྦད་དེ་མི་མཐུན་པའི་ལྟ་ཚུལ། ཆོས་རྗེ་ས་པཎ་གྱིས་ཡི་གེའི་སྦྱོར་བ་མཛད་ཅིང། ཕྱིས་སུ་དེ་ལ་གཞི་བྱས་ཏེ་སུམ་རྟགས་རྩ་གཞུང་བྱུང་བ་ཡིན་ཞེས་བརྗོད་ཡོད། གཤམ་དུ་ང་ཚོས་ཆབ་སྤེལ་གྱིས་ལྟ་ཚུལ་དེའི་སྒྲུབ་བྱེད་ཁག་ལ་རེ་རེ་བཞིན་དཔྱད་ན།

དཔྱད་རྩོམ་དེའི་ནང་། “ལྷག་པར་དུ་བརྩམ་པར་དམ་བཅའ་བའི་ཚིག་རྐང་མཐའ་མ། ‘ཡི་གེའི་སྦྱོར་བ་བཤད་པར་བྱ་’ཞེས་པའི་མདུན་གྱི་ཚིག་འབྲུ་བཞིས་ས་པཎ་གྱིས་མཛད་པའི་བསྟན་བཅོས་ཀྱི་མཚན་དངོས་སུ་བསྟན་པ་དེ་སུམ་རྟགས་ཀྱི་རྩ་བར་ཡང་སོར་ན་གནས་པ་འདིས་བསྟན་བཅོས་དེ་ཉིད་ཀྱི་མ་ཕྱི་དངོས་ཡིན་པ་མངོན་སུམ་དུ་མཚོན་མི་འདུག་གམ། ”[20]ཟེར། འདིའི་ཐད་ཆོས་རྗེ་ས་པཎ་གོང་དུ་ཡི་གེའི་སྦྱོར་བ་ཞེས་པའི་ཚིག་དང་དེའི་འཇུག་དོན་ཡོད་མེད་སྐོར་ཅུང་ཟད་དཔྱད་ན་ལོག་རྟོག་རང་ཞིག་ཏུ་འགྲོ་ཐུབ་སྙམ། སྤྱིར་ཡི་གེའི་སྦྱོར་བ་ཞེས་པའི་དོན་ནི། པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས། “ ཡི་གེ་ནི་ཀ་ལ་སོགས་པའོ། ། དེའི་སྦྱོར་བ་ནི། དེ་དག་ཕན་ཚུན་རྣམ་དབྱེ་དང་ཚིག་ཕྲད་སོགས་ཀྱིས་སྦྲེལ་ཞིང་སྦྱོར་བའོ། ། ” [21] ཞེས་གསུངས་པ་ལྟར། ཡི་གེའམ་མིང་གཞི་དང། དེ་ལ་ཕྲད་དང་རྣམ་དབྱེ་སོགས་ཀྱི་སྦྱོར་ཚུལ་གྱིར་རྣམ་གཞག་ལ་གོ་དགོས་ཤིང། ཆོས་རྗེ་ས་པཎ་མ་བྱོན་པའི་གོང་ནས་དེ་ལྟ་བུའི་ཡི་གེའི་སྦྱོར་བ་བསྟན་པའི་གཞུང་མེད་པ་མིན་ཏེ། རྒྱ་གར་གྱི་སྒྲ་རིག་པ་དང་བོད་ཀྱི་བརྡ་སྤྲོད་གཉིས་ཀར་མཁོ་བའི་གཞུང་གནས་བརྒྱད་རྩ་འགྲེལ་དང་། སྨྲ་སྒོའི་མཚོན་ཆ་རྩ་འགྲེལ་སོགས་བྱུང་ཡོད་ལ། ལྷག་པར་དུ་བོད་རང་གི་ཡི་གེའི་སྦྱོར་བ་ཞིབ་ཚགས་སུ་བསྟན་པའི་གཞུང་རྔོ ག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་དག་ཡིག་ཉེར་མཁོ་བསྡུས་པ་ལྟ་བུ་བྱུང་ཡོད། བོད་ཀྱི་སྔོན་བྱོན་བརྡ་སྤྲོད་སྨྲ་བ་ཚོས་སུམ་རྟགས་རྩ་གཞུང་ནང་ཁ་གསལ་མེད་པའི་གཞུང་དོན་མང་པོ་ཞིག་སྨྲ་སྒོའི་མཚོན་ཆའི་ནང་བསྟན་ཡོད་པར་བཞེད་དེ། དཔེར་ན་སི་ཏུའི་འགྲེལ་ཆེན་དུ་དེ་སྒྲ་དོན་དགུ་ལ་འཇུག་ཚུལ་སྐོར་སྨྲ་སྒོ་རྩ་བའི་ལུང་དྲངས་པའི་མཇུག་ཏུ། “ཞེས་འབྱུང་བའི་དོན་རང་འགྲེལ་ལས་ཀྱང་ཤིན་ཏུ་གསལ་བ་གཞུང་འདིའི(སུམ་ཅུ་པའི་)དགོངས་པ་དང་ཡང་ལེགས་པར་འབྱོར་བར་སྣང་བའི་ཕྱིར་རྣམ་པར་ཕྱེས་ནས་བཤད་པ་ཡིན་་་་་། ”[22]ཞེས་དང་། ཡང། ལྷག་བཅས་ཀྱི་སྐབས་སུ། “ དེ་སྒྲ་འཇུག་ཡུལ་གཞུང་འདིའི་དགོངས་པ་དང། སྨྲ་སྒོ་རྩ་འགྲེལ་མཐུན་པར་སྣང་བས། དེར་དེ་སྒྲ་ལྷག་བཅས་ལ་འཇུག་པར་བཤད་ལ། ” [23] ཞེས་དང། དེ་བཞིན་དུ་སི་ཏུའི་འགྲེལ་ཆེན་དུ། “ སྨྲ་སྒོ་རྩ་འགྲེལ་དང་སྨྲ་བ་ཀུན་ལ་འཇུག་པའི་སྒྲའི་བསྟན་བཅོས་རྩ་འགྲེལ་འདི་རྣམས་ལའང་མི་འཐད་པ་ཤིན་ཏུ་མང་ཞིང་གཞན་གྱིས་གནོད་བྱེད་བརྗོད་པ་གནད་དུ་སོང་བའང་མང་བར་སྣང་བས་འཕགས་ཡུལ་མཁས་པའི་ལེགས་བཤད་ནི་མིན་པར་ངེས་མོད། འོན་ཀྱང་སུམ་ཅུ་པའི་སྐབས་སུ་འགའ་ཞིག་དྲངས་པ་སོགས་གཞུང་འདིའི་(སུམ་རྟགས་རྩ་གཞུང། ) དོན་དང་སྐབས་འགར་མཐུན་པའི་ལེགས་བཤད་མང་དག་འདུག་པས་རྣམ་པ་ཀུན་ཏུ་འདོར་བྱ་ནི་མ་ཡིན་ནོ། ” [24]ཞེས་གསུངས་པ་ལྟར། སྨྲ་སྒོ་རྩ་འགྲེལ་ནང། སུམ་ཅུ་པའི་གཞུང་དོན་དང་མཐུན་པ་མང་པོ་ཞིག་ཡོད་ཅིང་། སྨྲ་སྒོ་རྩ་བའི་མཇུག་ཏུ། སྨྲ་མཆོག་རྗེས་སྨྲ་རྣམས་ཀྱིས་རྗེས་སྨྲས་པས། ། [25] ཞེས་པའི་ཐད་རང་འགྲེལ་ལས། “ འདི་ལྟ་བུའི་རབ་ཏུ་བྱེད་པ་འདི་ཐམས་ཅད་མཁྱེན་པ་དང། སྔོན་གྱི་མཁན་པོ་རྣམས་ཀྱི་རྗེས་སུ་སྨྲས་ཤིང་བཤད་པས་་་་། ” [26]ཞེས་གསུངས་ཡོད། སྨྲ་སྒོའི་མཚོན་ཆའི་ནང་དུ་གཙོ་བོ་ཚོགས་གསུམ་གྱི་རྣམ་གཞག་བསྟན་ཡོད་ཅིང། སི་ཏུ་གཙུག་ལག་ཆོས་ཀྱི་འབྱུང་གནས་ཀྱིས་གསུངས་པ་ལྟར། སུམ་རྟགས་ཀྱི་དགོངས་པ་དང་མཐུན་པའི་བོད་ཀྱི་བརྡ་སྤྲོད་པའི་རྣམ་གཞག་ཅུང་ཆ་ཚང་ཞིག་གསུངས་ཡོད། གལ་ཏེ་སྨྲི་ཏིའི་གོང་དུ་‘སྔོན་གྱི་མཁན་པོ་’ སློབ་དཔོན་ཐུ་མིའི་གཞུང་དང་དེའི་འགྲེལ་བཤད་ཁག་ལ་གཞི་བྱས་པ་གསལ་ལོ། སྐབས་འདིར་འབྲེལ་ཡོད་ཀྱི་དཔྱད་གཞི་གལ་ཆེ་བ་ཞིག་ནི། གོང་སྨོས་ལྟར་བསྟན་པ་ཕྱི་དར་གྱི་ཐོག་མའི་སྐབས་སུ་བརྩམས་པའི་རྔོ ག་ལོ་ཙཱ་བ་བློ་ལྡན་ཤེས་རབ་(༡༠༥༩-༡༡༠༩) ཀྱི་དག་ཡིག་ཉེར་མཁོ་བསྡུས་པ་ཞེས་པ་དེ་ཡིན། རྔོ ག་ལོ་ཆེན་པོ་ནི་ཆོས་རྗེ་ས་པཎ་མ་འཁྲུངས་པའི་ལོ་བརྒྱ་ལྷག་གོང་གི་མཁས་པ་ཞིག་ཡིན་ཞིང་། ཁོང་གི་དག་ཡིག་ཉེར་མཁོ་བསྡུས་པ་ཞེས་པའི་མཇུག་ཏུ། དག་ཡིག་དེའི་ནང་སྔོན་གྱི་སྒྲ་བསྒྱུར་རྣམས་ཀྱི་སྦྱོར་ཚུལ་དང་ཅུང་མི་མཐུན་པ་ཅུང་ཟད་རེ་ཡོད་ཀྱང། སྐད་གསར་བཅད་ཀྱི་དབང་དུ་བྱས་ནས་ཤཀྱཱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཕྱོགས་གཅིག་ཏུ་བསྡེབས་པ་ཡིན་ཞེས་གསུངས་ཤིང་། [27] དག་ཡིག་དེའི་ནང་དཔེར་ན། ཁ་ཅིག་ས་མཐར་ཤེས་ཞེས་ཟེར། ། མི་འཐད་པར་མཐོང་ཁོ་བོས་འདོར། ། ཞེས་ཁོང་གི་སྔོན་གྱི་བརྡ་སྤྲོད་སྨྲ་བ་འགའི་འདོད་པ་ལ་དགག་སྒྲུབ་ཀྱང་གནང་ཡོད། [28] དེ་བཞིན་དུ་དག་ཡིག་ཉེར་མཁོ་བསྡུས་པའི་ནང་། སུམ་རྟགས་རྩ་གཞུང་དུ་བསྟན་པའི་ཡི་གེའི་སྦྱོར་བ་དང་ཕྲད་རྣམ་དབྱེའི་རྣམ་གཞག་ཅུང་རྒྱས་ཙམ་བསྟན་ཡོད་དེ། དཔེར་ན། དབྱངས་གསལ་གྱི་གྲངས། སྔོན་རྗེས་དང་མགོ་འདོགས་ཀྱི་གྲངས། འབྲེལ་སྒྲ་དང་། ལ་དོན། ལྷག་བཅས། རྒྱན་སྡུད། ཅིང་ཞིང་ཤིང་སོགས་ཀྱི་ཚིག་ཕྲད་ཀྱི་སྒྲ་སྦྱོར། མིང་མཐའི་པ་བའི་སྒྲ་སྦྱོར། གམ་སོགས་འབྱེད་སྡུད་ཀྱི་ཕྲད། གོ་སོགས་རྫོགས་ཚིག་གི་ཕྲད་སོགས་ཀྱི་སྒྲ་སྦྱོར་རྣམ་གཞག་དང་དཔེར་བརྗོད་བཅས་ཞིབ་གསལ་བསྟན་ཡོད་དོ། དེ་ཡང་རྔོ ག་ལོ་ཆེན་པོའི་མཛད་བྱང་དུ་གསུངས་པ་བཞིན། ཁོང་གིས་དེའི་སྔོན་གྱི་བརྡ་སྤྲོད་གཞུང་ལུགས་ཁག་ལ་དཔྱད་ཞིབ་དང་འབྲེལ་ཕྱོགས་བསྡེབས་བྱས་པ་ཡིན་པས། རྔོ ག་ལོའི་དག་ཡིག་ཉེར་མཁོ་བསྡུས་པ་མ་བརྩམས་པའི་གོང་རོལ་དེར། དཔེར་བྱ་འོས་པའི་བརྡ་སྤྲོད་ཀྱི་གཞུང་ལུགས་ཡོད་དགོས་པར་གྲུབ་ཅིང། དེ་ཡང་སུམ་རྟགས་རྩ་གཞུང་ཉིད་ཡིན་དགོས་སོ། དེས་ན་ཆོས་རྗེ་ས་པཎ་ཡར་སྔོན་རོང་ཟོམ་ཆོས་བཟང་གི་རྟགས་འཇུག་འགྲེལ་པ་ཞིག་མཛད་པའི་ལོ་རྒྱུས་གཤམ་དུ་བརྗོད་འགྱུར་ལྟར་མ་གཏོགས། སྐབས་དེའི་ཡིག་ཆ་མང་པོ་ཞིག་ཉམས་བརླག་ཕྱིན་པ་སོགས་ཀྱི་དབང་གིས། ད་ཕན་ཐོས་ཆུང་བདག་གི་མིག་ལམ་དུ་མ་གྱུར་བས། ཡི་གེ་སྦྱོར་བ་ཞེས་པའི་ཚིག་དེ་སུམ་ཅུ་པའི་རྩ་བ་ཙམ་ལས། ཆོས་རྗེ་ས་པཎ་གོང་གི་བརྡ་སྤྲོད་གཞུང་ལུགས་གཞན་དུ་ཡོད་མེད་རེ་ཞིག་ཐག་མི་ཆོད་ཀྱང། ཡི་གེའི་སྦྱོར་བ་ཞེས་པའི་འཇུག་དོན་དང་། དེ་སྟོ ན་པའི་བསྟན་བཅོས་བྱུང་ཡོད་པ་ནི་གོང་དུ་སྨྲ་སྒོའི་མཚོན་ཆ་རྩ་འགྲེལ་དང་། རྔོ ག་ལོ་ཆེན་པོའི་དག་ཡིག་གཉིས་ཀྱིས་ཁུངས་སྐྱེལ་བྱེད་ཐུབ་པ་དེ་ཡིན།

ཡང་དཔྱད་རྩོམ་དེར། “ སུམ་རྟགས་རྩ་གཞུང་ནང་གི་ཚིག་དོན་བརྒྱ་ཆ་ལྔ་བཅུ་ཙམ་ཡི་གེའི་སྦྱོར་བས་བཟུང་ཞིང་། དེ་ཡང་སུམ་རྟགས་ཀྱི་རྩ་གནད་གལ་ཆེ་ཞེ་གཅིག་ཡིན་ལ། དེ་ཙམ་དུ་མ་ཟད་ཚིག་སྦྱོར་མི་འདྲ་བའི་ནང་དུ་ཡང་རྒྱས་བསྡུས་སམ། གོ་བདེ་ལོད། ཡན་ལག་དང་ཆ་ཤས་ཙམ་གྱི་ཁྱད་པར་མ་གཏོགས། རྩ ་བའི་བརྗོད་དོན་ཕྱོགས་མཐུན་ལྟ་བུར་མང་དུ་སྣང་་་་་། ” [29] ཞེས་ཟེར། དེ་ནི་ཆབ་སྤེལ་གྱིས་སུམ་རྟགས་རྩ་གཞུང་དང་། ཡི་གེའི་སྦྱོར་བ་གཉིས་དཔྱད་བསྡུར་བྱས་རྗེས་ཀྱི་མཐའ་སྡོམ་དེ་རེད། སུམ་རྟགས་རྩ་གཞུང་དང་། ཡི་གེའི་སྦྱོར་བ་གཉིས་ཀྱི་དབར་འབྲེལ་བ་ངེས་ཅན་ཞིག་ཡོད་པར་འདོད་མཁན་གཞན་ཡང་ཡོད་དེ། དཔེར་ན་ཚེ་ཏན་ཞབས་དྲུང་གི་ཐོན་མིའི་ཞལ་ལུང་དུ་ཡི་གེའི་སྦྱོར་བ་དེ་སུམ་རྟགས་ཀྱི་དོན་འགྲེལ་ཡིན་ཚུལ་གསུངས་པ་དང་། [30] དེ་བཞིན་བོད་ཀྱི་སྔོན་བྱོན་བརྡ་སྤྲོད་སྨྲ་བའི་ཁྲོད། སུམ་ཅུ་པ་བརྡ་སྤྲོད་ཀྱི་རྩ་བའི་གཞུང་དང་། རྟགས་འཇུག་དེའི་འགྲེལ་པ་ཡིན་ཚུལ་གསུངས་ཏེ་གཞུང་དེ་གཉིས་རྩ་འགྲེལ་གྱི་ཚུལ་དུ་གུང་བསྒྲིགས་མཁན་ཡང་ཡོད་པ་ལྟར། [31] ཡི་གེའི་སྦྱོར་བའི་ནང་སུམ་རྟགས་གཉིས་ཕན་ཚུལ་གུང་བསྒྲིགས་ཐོག འབྲེལ་ཡོད་གཞན་བར་དུ་བཅུག་ནས་བོད་ཀྱི་ཡི་གེ་དང་བརྡ་སྤྲོད་ཀྱི་རྣམ་གཞག་བསྟན་པ་ཙམ་ཡིན་པ་གཞུང་རང་ལ་བལྟས་ན་གསལ་ཞིང། བརྡ་སྤྲོད་སྨྲ་བ་བསོད་ནམས་རྒྱལ་མཚན་གྱིས་ཡི་གེའི་སྦྱོར་བའི་གཞུང་ལ་ཆེད་དུ་ཞིབ་འཇུག་དང་། འཆད་ཁྲིད་བྱས་པའི་ཉམས་མྱོང་གཞིར་བཟུང་སྟེ་བརྩམས་པའི་བོད་ཀྱི་བརྡ་སྤྲོད་པ་ཡི་གེའི་སྦྱོར་བའི་འགྲེལ་བ་སྨྲ་རྒྱན་ཞེས་པའི་ནང་དུའང། ཆོས་རྗེ་ས་པཎ་གྱི་ཡི་གེའི་སྦྱོར་བའི་ནང་སུམ་རྟགས་གཉིས་གཞུང་གོང་འོག་དཀྲུགས་པ་ལ་དགོས་པ་ཡོད་ལུགས་རྩ་བའི་མཐིལ་དུ་བཟུང་ནས་འཆད་ཅིང། ཐོན་མིའི་རྩ་ཚིག་དང་། བཤད་སྦྱར་ལྟ་བུའི་ཚིགས་སུ་བཅད་པའི་དོན་གཉིས་མི་འདྲ་བའི་ཆ་ཡོད་པའང་གསལ་བཤད་བྱས་ཚུལ་དེབ་དེའི་སྔོན་གླེང་དུ་ཕྱོགས་བསྡོམས་བྱས་པ་ལྟར་རོ། [32] དེས་ན་ཆབ་སྤེལ་གྱི་དཔྱད་རྩོམ་དེའི་ནང། སུམ་རྟགས་རྩ་གཞུང་གི་ཚིག་དོན་བརྒྱ་ཆ་ལྔ་བཅུ་ཙམ་ཡི་གེས་སྦྱོར་བས་བཟུང་ཞེས་ཏག་ཏག་གོ་བཟློ ག་ནས་བཤད་པ་ལས་སྙིང་པོ་ཅི་ཡང་མ་མཐོང་ངོ།

ཡང་དཔྱད་རྩོམ་དེར། “ ད་དུང་དམིགས་སུ་བཀར་ནས་བརྗོད་དགོས་པ་ཞིག་ནི། སུམ་རྟགས་ཀྱི་རྩ་བའི་སྤྱིའི་མཇུག་སྡོམ་གྱི་ཆེས་མཐའ་མའི་ཚིག་རྐང་གཉིས་པ་དེ་ཡིན་ཏེ། ‘དེའི་ཕྱིར་སྨྲ་བའི་དབང་ཕྱུག་གི། རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག’”ཅེས་པའོ། ” [33] ཞེས་དང། “ ཁོ་བོའི་རྨོངས་དཔྱད་ལྟར་ན་གཅིག་ནས་’རྗེས་སྨྲས་’ཞེས་པའི་ཚིག་འབྲུ་གཉིས་པ་དེ་གོ་རྒྱུ་ཆེན་པོ་ལྡན་པ་ཞིག་སྟེ ། སྔོན་ལ་བརྡ་སྤྲོད་པའི་གཞུང་འདིའི་ཕྱི་མོ་སྨྲ་བ་པོ་ཞིག་བྱུང་ཡོད་པ་དངོས་སུ་བསྟན་པས། སུམ་རྟགས་ཀྱི་གཞུང་འདི་སློབ་དཔོན་ཐུ་མིས་མཛད་པ་ཞིག་མ་ཡིན་པར་གསལ་བར་བསྟན་ཅིང། གཉིས་ནས་སྨྲ་བའི་དབང་ཕྱུག་ཅེས་པ་ནི་མགོན་པོ་འཇམ་དཔལ་དབྱངས་ཀྱི་མཚན་གྱི་རྣམ་གྲངས་སུ་འགྱུར་བ་ལས་མང་ཚིག་གི་དོན་ཡང་མེད་སྟབས། སུམ་རྟགས་མཛད་པ་པོས། འཇམ་དབྱངས་ས་སྐྱ་པཎྚིཏའི་<<ཡི་གེའི་སྦྱོར་བ་>>ཞེས་པའི་གསུང་གི་རྗེས་སུ་འབྲངས་ནས་སྨྲས་པ་ཞེས་ལྷང་ངེར་ཐོས་ཤིང་ལྷན་ནེར་དྲན་པ་ནི་རེ་ཞིག་རང་སྣང་གིས་དཔྱད་པ་ཙམ་ལགས་སོ། ” [34] ཟེར་བའི་ཐད། སུམ་རྟགས་མཛད་པ་པོ་ཐུ་མི་མ་ཡིན་པར། ཆོས་རྗེ་ས་པཎ་གྱི་ཡི་གེའི་སྦྱོར་བའི་རྗེས་སུ་འབྲངས་ནས་སྨྲས་སམ་སྙམ་པ་ནི། རེ་ཞིག་རང་སྣང་གི་དཔྱད་པ་ཙམ་ཡིན་ཟེར་ན། འོ་ན་ལོ་རྒྱུས་ཀྱི་གཏན་ཚིགས་དང། ཁུངས་དང་ཤེས་བྱེད་འཐད་ལྡན་མི་དགོས་པར་རང་སྣང་ཙམ་གྱིས་འདི་ཡིན་དེ་མིན་གྱི་རྣམ་གཞག་བྱེད་པ་དཔྱོ ད་ལྡན་མཁས་པའི་ལུགས་ཡིན་ནམ་ཞེས་འདྲིའོ། དེ་ཡང་སུམ་རྟགས་རྩ་གཞུང་མཇུག་ཏུ་རྗེས་སྨྲས་ཞེས་པ། རྒྱ་གར་མཁས་པའི་གསུང་གི་རྗེས་སུ་འབྲངས་ནས་ཐུ་མི་བདག་གིས་མཛད་ཅེས་པ་མི་འཐད་པའི་རྒྱུ་མཚན་འཐད་ལྡན་འགོད་རྒྱུ་མི་རྙེད་དེ། དེ་ལྟར་ཡིན་པ་གྲགས་ཤིང་གྲུབ་པས་སོ། གྲགས་པ་ནི་སྔར་གྱི་ཆོས་འབྱུང་དང་ལོ་རྒྱུས་དེབ་ཐེར་ཕལ་མོ་ཆེ་དང། ཞ་ལུ་ལོ་ཆེན་དང་སི་ཏུའི་འགྲེལ་ཆེན་སོགས་གྲགས་ཅན་གྱི་བརྡ་སྤྲོད་གཞུང་ལུགས་རྣམས་གསལ་བ་ལྟར་རོ། གྲགས་པ་ཙམ་མིན་པར་སུམ་རྟགས་རྩ་གཞུང་རང་ལ་དཔྱད་ནའང་དེ་ལྟར་ཡིན་པ་གྲུབ་སྟེ ། བོད་ཡིག་གི་སྒྲ་སྦྱོར་ཡི་གེ་དང་། ཡིག་གཟུགས་ཚུན་འཕགས་ཡུལ་ལ་དཔེར་བྱས་པ་སྔོན་གྱི་གཞུང་ལུགས་རྣམས་སུ་རྒྱ་ཡིག་ལྔ་བཅུ་ལས་བོད་ཡིག་འདོར་ལེན་བྱས་ཚུལ་དང་། རྒྱ་གར་མའི་གསལ་བྱེད་དུ་མེད་ཀྱང་། བོད་སྐད་ལ་ཉེ་བར་མཁོ་བའི་ཅ་སོགས་དྲུག་གསར་དུ་བསྣན་པར་གསུངས་པ་བཞིན། རྒྱ་གར་ཡི་གེའི་ཕྱི་མོ་རང་རེས་མཐོང་དུ་ཡོད་པ་དང་བསྡུར་ཚེ་དེ་ལྟར་ཡིན་པ་མངོན་སུམ་གྱིས་གྲུབ་ཅིང། སངས་རྒྱས་ཀྱི་རྣམ་སྤྲུལ་ལོ་ཙཱ་བ་སམ་བྷོ་ཊའམ་ཐུ་མི་ཨ་ནུ་ཞེས་པས་བསྟན་པ་སྤེལ་ཚུལ་ཆོས་རྗེ་ས་པཎ་རང་གི་བཀའ་རྩོམ་དུའང་གསུངས་ཡོད་པས། [35] ལོ་ཙཱ་བྱེད་པར་བསྒྱུར་བྱ་དང་། སྒྱུར་བྱེད་ཀྱི་སྐད་ཡིག་གཉིས་ཆར་ནང་བྱན་ཆུད་པ་ཞིག་དགོས་པས། ཐུ་མི་ཨ་ནུས་འཕགས་ཡུལ་གྱི་སློབ་དཔོན་བསྟེན་པའང་རང་བཞིན་གྱིས་གྲུབ་བོ། དེ་ཙམ་མ་ཟད་རྣམ་དབྱེ་བརྒྱད་དང། རྟགས་གསུམ་གྱི་རྣམ་གཞག་སོགས་འཕགས་ཡུལ་གྱི་བརྡ་སྤྲོད་ལ་དཔེར་བྱས་ནས་མཛད་པ་སོགས་ལེགས་སྦྱར་གྱི་སྒྲ་རིག་པ་དང་བོད་ཀྱི་བརྡ་སྤྲོད་ཀྱི་ཕྱི་མོའི་གཞུང་སུམ་རྟགས་གཉིས་ཕན་ཚུན་གཤིབ་བསྡུར་བྱས་ན། རྒྱ་གར་མའི་བརྡ་སྤྲོད་ཀྱི་རིགས་ལམ་ལ་བརྟེན་ནས་བོད་ཀྱི་བརྡ་སྤྲོད་ཀྱི་རྣམ་གཞག་མཛད་ཡོད་པ་རྟོགས་སླ་ལ། དེ་བཞིན་དུ་མཁས་དབང་ཚེ་ཏན་ཞབས་དྲུང་གིས་གསུངས་པ་བཞིན་ལེགས་སྦྱར་ཡི་གེར་སྲོག་ཅན་སྲོ ག་མེད་ཀྱི་དབྱེ་བ་ཡོད་ཀྱང། བོད་སྐད་བོད་ཡིག་གི་ཁྱད་ཆོས་དངོས་དང་བསྟུན་ནས་བོད་ཡིག་ལ་དབྱེ་བ་མ་མ་ཕྱེས་ཤིང་། [36]འདིའི་ཐད། སི་ཏུ་པཎ་ཆེན་གྱིས་ཀྱང། “ མཐའ་གཅིག་ཏུ་སྲོ ག་ཅན་སྲོ ག་མེད་ཀྱི་དབྱེ་བ་དེ་བདེ་བའང་མ་ཡིན་ཞིང་འཇུག་པར་དཀའ་བ་དང། དགོས་པ་ལྷག་པོར་མི་ཆེ་བས་དེ་ལྟའི་རྣམ་གཞག་མ་མཛད་དོ། ” [37] ཞེས་གསུངས། དེ་ལྟར་ནང་དོན་གྱི་ཆ་ནས་མ་ཟད། སུམ་རྟགས་རྩ་གཞུང་གི་ཚིག་གི་སྦྱོར་ལུགས་ཀྱང་རྒྱ་གར་མའི་ལུགས་སུ་ཡོད་ཅིང་། ལེགས་སྦྱར་གྱི་སྒྲ་རིག་པ་དང་བོད་ཀྱི་བརྡ་སྤྲོད་གཉིས་ཀར་གཟིགས་རྒྱ་ཡངས་པའི་ཕྱིས་ཀྱི་མཁས་པ་དེ་འདྲས་སློབ་དཔོན་ཐུ་མིས་སུམ་རྟགས་རྩ་གཞུང་དང་ཐོག་ལེགས་སྦྱར་སྐད་དུ་བརྩམས་པར་ཀྱང་གསུངས་ཡོད། [38] དེས་ན་ཆབ་སྤེལ་གྱིས་སུམ་རྟགས་རྩ་གཞུང་གི་མཇུག་ཚིག། “ དེ་ཕྱིར་སྨྲ་བའི་དབང་ཕྱུག་གི། རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག། ” ཅེས་པ་ཐུ་མིས་རྒྱ་གར་གྱི་མཁས་པ་དང་དེའི་གཞུང་གི་རྗེས་སུ་འབྲངས་ནས་བརྩམས་པ་མ་ཡིན་པར། ས་པཎ་རྗེས་སུ་བྱོན་པའི་མཁས་པ་ག་གེ་མོས་སྨྲ་བའི་དབང་ཕྱུག་འཇམ་མགོན་ས་པཎ་གྱི་ཡི་གེའི་སྦྱོར་བའི་རྗེས་སུ་འབྲངས་ནས་བརྩམས་པ་ཡིན་ཞེས་ཅི་ལྟར་སྨྲས་ཀྱང། སྣ་འཐེན་ནས་ཁའི་ནང་དུ་འོང་དཀའ་བར་སྣང་ངོ།

གལ་ཏེ་སྨྲ་བའི་དབང་ཕྱུག་ཅེས་པ་ཆོས་རྗེ་ས་པཎ་ལ་གོ་བ་དང་། དེའི་རྗེས་སུ་འབྲངས་ནས་སུམ་རྟགས་རྩ་གཞུང་དེ། ཤོང་སྟོ ན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ལྟ་བུའི་དཔལ་ལྡན་ས་སྐྱའི་མཁས་པ་ཞིག་མཛད་ངེས་ན། ས་སྐྱའི་མཁས་པའི་ཁྲོད་ཁྲིད་རྒྱུན་དུ་ཡོད་དགོས་ངེས་ཀྱང་དེ་ལྟར་ཡོད་པར་མ་གྲགས་ལ། ས་སྐྱའི་མཁས་པས་མཛད་པའི་སུམ་རྟགས་འགྲེལ་པ་དཔེར་ན། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་སུམ་རྟགས་འགྲེལ་པ་དང། དག་ཡིག་ཟ་མ་ཏོག པན་ཆེན་ཤཱཀྱ་མཆོག་ལྡན་གྱི་ཆོས་ལ་འཇུག་པའི་སྒོ། ཨ་མེས་ཞབས་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་བོད་ཀྱི་བརྡའི་བསྟན་བཅོས་ལེགས་བཤད་མིག་དབང་རབ་གསལ་སོགས་སུའང། ཐུ་མི་ཨ་ནུས་མཛད་ཤག་གིས་དགོངས་པ་བཀྲལ་ཞིང་། སློབ་དཔོན་ཐུ་མིའི་བཀའ་དྲིན་དྲན་དགོས་པ་དང་། ཁོང་གིས་མཛད་པའི་བརྡ་སྤྲོད་ཡར་རྒྱས་གཏོང་དགོས་ཚུལ་བསྟན་པ་མ་གཏོགས། ཆོས་རྗེ་ས་པཎ་གྱི་རྗེས་སུ་འབྲངས་ནས་དཔལ་ལྡན་ས་སྐྱའི་མཁས་པ་ཞིག་གིས་མཛད་ཚུལ་ཟུར་ཙམ་ཡང་མ་གསལ་ལོ། ས་སྐྱའི་ཆོས་འབྱུང་ལོ་རྒྱུས་དང། ལྷག་པར་དུ་ཆོས་རྗེ་ས་པཎ་གྱི་གཞུང་ལུགས་ཁག་ལ་མཁས་ཤོས་ས་སྐྱའི་མཁས་གྲུབ་དག་ཡིན་པ་སྨོས་མ་དགོས་སོ།

གོང་སྨོས་རྒྱུ་མཚན་དེ་དག་ལས། ཆབ་སྤེལ་གྱིས་ཆོས་རྗེ་ས་པཎ་གྱིས་མཛད་པའི་ཡི་གེའི་སྦྱོར་བ་མ་ཕྱི་ཡིན་ཞིང། སུམ་རྟགས་རྩ་གཞུང་ནི་དེ་ལས་སྙིང་བཅུད་ལེགས་པར་བཏུས་ཤིང། ཞིབ་ཏུ་ཕྱེ་ནས་སྒྲིག་སྦྱོར་མཛད་པའི་ཉིང་ཁུང་ཡིན་ཚུལ་ཟེར་བའི་ལྟ་ཚུལ་དེ་དོན་དངོས་དང་མཐུན་པའི་ཆོད་སྡོམ་ཞིག་མིན་པ་གསལ་པོ་རྟོགས་ཐུབ།

བཞི།

ཡང་ཆབ་སྤེལ་གྱི་དཔྱད་རྩོམ་དེའི་ནང། “ <<སུམ་རྟགས་>> ཀྱི་རྩ་བའི་ཚིག་སྦྱོར་ལ་མཚོན་ནའང་སྤྱི་ལོའི་དུས་རབས་བདུན་པའི་སྐབས་ཀྱི་གནའ་ཡིག་དང་རྩ་བ་ནས་མི་མཐུན་པ་མ་ཟད། བོད་དུ་སྐད་གསར་བཅད་སྔ་ཕྱི་རིམ་པར་མཛད་ཟིན་པའི་རྗེས་ཀྱི་ཡིག་སྲོལ་དང་སྤྱིར་ན་མི་མཐུན་པ་མེད་པ་འདི་ཡང་དཔྱད་གཞིའི་རྒྱུ་ཆེན་པོ་ཞིག་ཡིན་རུང་། སྔ་འཕྲོས་རྩོད་རྙོག་མི་འབྱུང་ཆེད་བཏང་སྙོམས་སུ་བཞག་ཐོག་བོད་དུ་གྲགས་ཆེ་བའི་ཐ་སྙད་ཅིག་དཔེ་མཚོན་དུ་བཞག་སྟེ་དཔྱད་ཞིབ་བྱ་རྒྱུ་ཡིན། ” [39] ཞེས་དང་། དེ་བཞིན་སུམ་རྟགས་རྩ་གཞུང་ནང་བླ་མ་ཞེས་པའི་ཐ་སྙད་དེ་ཐེངས་གསུམ་ཙམ་བྱུང་ཡང། “ འདིར་དཔྱད་དོན་གཙོ་བོ་ནི་ཆོས་ལུགས་ཀྱི་མཁན་པོའམ་སློབ་དཔོན་ལ་བླ་མ་ཞེས་པའི་ཐ་སྙད་དེ་བོད་དུ་དུས་ནམ་ཙམ་ལ་བྱུང་བ་དེ་ཡིན། ཁོ་བོས་བསམས་ན་གནའ་རབས་བོན་གྱི་ལུགས་ལ་ནི་’གཤེན’་ཟེར་བ་ལས་དེ་འདྲ་གཏན་ནས་མེད་ཅིང། མཚན་འདི་བཙན་པོ་སྲོ ང་བཙན་སྒམ་པོའི་སྐབས་ལྟར་བཞག་དེ་ནས་མི་ལོ་བརྒྱ་ཕྲག་རེ་ཟུང་གི་རྗེས་ཁྲི་སྲོ ང་ལྡེ་བཙན་ཡབ་སྲས་ཀྱི་སྐུ་རིང་ལ་བོད་དུ་དམ་ཆོས་དར་ཞིང་རྒྱས་པའི་དུས་སྐབས་སུའ་བྱུང་མེད་པ་དུས་དེའི་རྡོ་རིང་དང་བྲག་བརྐོས་གནའ་ཡིག་ཁག་བཅུ་གྲངས་དང། དྲིལ་བུའི་སྦྱར་བྱང་ཁག་གསུམ་བཅས་ཀྱི་ཡི་གེར་ཞིབ་བཤེར་བྱས་ཀྱང། བླ་མ་ཞེས་པའི་མཚན་དེའི་རིགས་གཅིག་ཀྱང་རྙེད་རྒྱུ་མི་འདུག་ཅིང་། ” [40] ཞེས་དང། ཐ་ན་སྐབས་དེའི་ཆོས་གཙིགས་ཀྱི་རྡོ་རིང་རྣམས་ཀྱི་ངོས་སུའང། “དགེ་བའི་བཤེས་གཉེན་དང་། བཅོམ་ལྡན་འདས་ཀྱི་རིང་ལུགས་པ་ཞེས་གསལ་བ་ལས། བླ་མ་ཞེས་པའི་མཚན་དེ་ད་དུང་བྱུང་མེད་པ་གསལ་པོར་མཚོན་ཐུབ་པ་དཔེ་མཚོན་ཙམ་དུ་བཀོད་པ་དེ་དག་ལས་ཀྱང། སུམ་རྟགས་རྩ་བ་ནི་བཙན་པོ་སྲོ ང་བཙན་སྒམ་པོའི་སྐུ་རིང་ལྟ་ཅི། ཐ་ན་བཙན་པོའི་རྒྱལ་རབས་ཀྱི་མཇུག་ཆར་ཡང་བྱུང་མེད་པ་ཤུགས་ལ་རྟོགས་ཐུབ་པ་ཞིག་མ་ཡིན་ནམ། ”[41] ཟེར། སུམ་རྟགས་རྩ་གཞུང་གི་ཚིག་སྦྱོར་བཙན་པོའི་སྐབས་ཀྱི་གནའ་ཡིག་དང་མི་མཐུན་ཟེར་བ་མི་འཐད་དེ། འདིའི་སྐོར་བཙན་པོའི་སྐབས་ཀྱི་གནའ་ཡིག་ཡིན་ངེས་ཤིག་དང་ཕན་ཚུན་བསྡུར་ན་རྟོགས་ཐུབ། བཙན་པོའི་སྐབས་སུ་བསྒྱུར་ཅིང་འབིས་མདོའི་བྲག་ངོས་སུ་བརྐོས་པའི་བཟང་སྤྱོད་སྨོན་ལམ་ལས་། “ རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། ། སངས་རྒྱས་སྲས་ཀྱིས་དབུས་ན་བཞུགས་པ་དག། དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། ། ཐམས་ཆད་རྒྱལ་བ་དག་གིས་གང་བར་མོས། ། དེ་ཡི་བསྔགས་པ་མྱྀ་ཟད་རྒྱ་མཚོ་རྣམས། ། དབྱངས་ཀྱྀ་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། ། ” [42] ཞེས་པའི་ཚིགས་བཅད་འདིར་ལྟོས་དང། ཚིག་དོན་འདུ་ཕུལ་ཆེ་ཞིང། ཀློག་བདེ་ལ་བློར་འཛིན་སླ་བ། སྙན་འཇེབས་དབྱངས་ཀྱི་འགྱུར་ཁུག་གསལ་བ་སོགས་ཚིགས་བཅད་རྩོམ་རིག་གི་ཁྱད་ཆོས་ཕུན་སུམ་ཚོགས་པ་འདི་འདྲ་ཡོད་ན། སུམ་རྟགས་རྩ་བའི་ཚིག་སྦྱོར་དཔེར་ན། གང་ལ་ཡོན་ཏན་མཆོག་མངའ་བའི། ། དཀོན་ཅོག་དེ་ལ་ཕྱག་འཚལ་ལོ། ། གང་གིས་སྒྲ་དབྱངས་ཀུན་གསུངས་པའི། ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། གང་གིས་མིང་གཞི་སྔོན་གསུངས་པ། ། རྟག་ཞི་བ་ལ་ཕྱག་འཚལ་ལོ། ། ལྟ་བུའི་ཚིག་སྦྱོར་དེ་བཙན་པོའི་སྐབས་ཀྱི་གནའ་ཡིག་དང་མི་མཐུན་པའི་གཏན་ཚིགས་ཅི་ཞིག་ཡོད་དེ་མེད་དོ། དེ་བཞིན་དུ་མངོན་པ་མཛོད་ཀྱི་རྩ་བ་ལྟ་བུར་མཚོན་ན། བཙན་པོའི་རྒྱལ་རབས་སྐབས་སུ་ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཞིག་ཡིན་ཞིང་། བཙན་པོའི་སྐབས་ཀྱི་དཀར་ཆག་ཁག་ཏུའང་འཁོད་ཡོད། [43] དེའི་ཚིག་སྦྱོར་དཔེར་ན། “ སྟོ ན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང༌། ། དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། ། དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། ། ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། ། རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས། ། མཆོག་ཏུ་ཞིར་གཤེགས་འགྲོ་མགོན་མེད་པ་ན། ། འདོམས་མེད་ཡོན་ཏན་འཇོམས་པར་བྱེད་པ་ཡི། ། དྲི་མས་དགའ་མགུར་དེང་སང་འདི་ན་སྤྱོད། ། དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། ། ལྐོག་མར་སྲོ ག་ཕྱིན་འདྲ་དང་དྲི་མ་རྣམས། ། སྟོ བས་དང་ལྡན་པའི་དུས་སུ་རིག་ནས་ནི། ། ཐར་པ་འདོད་པ་དག་གིས་བག་ཡོད་གྱིས། ། ” [44]ཞེས་པའི་ཚིག་སྦྱོར་འདི་ལྟ་བུ། བོད་ཀྱི་མཁས་པ་ཚོས་ཚིག་སྦྱོར་སྙན་པའི་ཚད་དུ་འཛིན་པ་ཡང། སྔ་འགྱུར་རང་ལས་ཕྱིས་སུ་འགྱུར་བཅོས་བྱས་པའི་ལོ་རྒྱུས་མེད། མཛོད་རྩ་ལ་སྐད་གསར་བཅད་རིམ་པའི་རིང་ལེགས་བཅོས་བྱས་ཡོད་སྲིད་ཟེར་ན། དེ་ལྟ་ན། སུམ་ཅུ་རྩ་གཞུང་གི་ཚིག་སྦྱོར་ལའང། སྐད་གསར་བཅད་ཀྱིས་ལེགས་བཅོས་བྱེད་ཆོག་སྟེ་སྒོ་ཀུན་ནས་མཚུངས་པས་སོ། དེས་ན་བཙན་པོའི་སྐབས་ཀྱི་གནའ་ཡིག་གི་ཚིག་སྦྱོར་དང་མི་མཐུན་ཞེས་སྤམ་བཤད་ཙམ་གྱིས་ས་ཆོད་དཀའ་འོ།

དེ་བཞིན་དུ། མཁན་པོའམ་སློབ་དཔོན་ལ་བླ་མ་ཞེས་པའི་ཐ་སྙད་སྦྱོར་སྲོལ་སྲོང་བཙན་རིང་ལྟ་ཅི། ཐ་ན་བཙན་པོའི་རྒྱལ་རབས་ཀྱི་མཇུག་ཆར་ཡང་བྱུང་མེད་ཟེར་བ་མི་འཐད་དེ། ཐུ་མི་ཨ་ནུས་བསྒྱུར་ཅེས་སྡེ་དགེའི་བཀའ་འགྱུར་དཀར་ཆག་ཏུ་འགྱུང་བྱང་བཀོད་པའི་དཔང་སྐོང་ཕྱག་བརྒྱ་བའི་ནང་དུ་བླ་མ་ཞེས་པའི་ཚིག་སྔ་ཕྱིར་ཐེངས་གཉིས་བྱུང་ཡོད་ཅིང། [45] དེ་བཞིན་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཕྱིས་སུ་འགྱུར་བཅོས་བྱས་མྱོང་མེད་པ་བསྟན་འགྱུར་དུ་བཞུགས་པའི་འདུལ་བ་མདོ་རྩ་བའི་ནང་དུ། “ སང་འགྲོ་བར་འགྱུར་བ་ཉིད་ན་བླ་མ་ལ་ཞུས་ཏེ་གནང་ན་འགྲོ་བར་བྱའོ། ། རང་གི་གནས་སུ་ཆག་ཆག་ལ་སོགས་པ་བྱས་ཏེའོ། ” [46] ཞེས་གནས་ཀྱི་དགེ་རྒན་ལ་བླ་མ་ཞེས་པའི་ཐ་སྙད་སྦྱར་བ་འབྱུང་བས་མཚོན། དགེ་ཚུལ་གྱི་ཀ་རི་ཀཱ་སོགས་བཙན་པོའི་སྐབས་སུ་བསྒྱུར་པའི་འདུལ་བའི་གཞུང་རྣམས་སུ་སློབ་དཔོན་ནམ་མཁན་པོའི་དོན་ལ་བླ་མ་ཞེས་པའི་ཐ་སྙད་སྦྱར་བ་རྩིས་ཀྱིས་མི་ལང་བ་ཡོད་ཅིང། སྤྱིར་ཡང་གནས་ཀྱི་བླ་མ་ཞེས་པ་འདུལ་བའི་བརྡ་ཆད་ཅིག་ཡིན་པ་ཤེས་པར་གྱིས་ཤིག ལྷག་པར་དུ་ཏུན་ཧོང་གཏེར་ཡིག་ལས་བྱུང་བའི་སྤུ་རྒྱལ་འུ་དུམ་བཙན་པོའི་བསྔོ ་ཡིག་ཅེས་པའི་ནང་དུ་“ བཙན་པོ་འུའི་དུན་བརྟན་གྱི་ཞལ་སྔ་ནས་ཀྱང། འགྲོ་བའི་བླ་མ་མང་པོས་བཀུར་བའི་གནས་ཐོབ་པར་སྨོན་ནོ། ” [47] ཞེས་འབྱུང་བའི་ནང་གི་འགྲོ་བའི་བླ་མ་ཞེས་པ་འདི། འགྲོ་བའི་འདྲེན་པའི་དོན་ལ་གོ་དགོས་ཏེ། འགྲོ་བའི་བླ་མ་ཤཱཀྱ་སེང་གེ་ཞེས་པའི་སྐབས་སུ་འགྲོ་བའི་འདྲེན་པ་ལ་གོ་བ་བཞིན་ནོ། འདྲེན་པ་དང་རྣམ་འདྲེན་ནི་སློབ་དཔོན་ནམ་བླ་མའི་དོན་ལ་འཇུག་པ་ཡོངས་གྲགས་ཡིན། སྤྱིར་ཡང་བླ་མ་ཞེས་པ་གོང་མའམ་སྟེང་མའི་དོན་དང་། སློབ་དཔོན་ནམ་མཁན་པོའི་དོན་ལ་འཇུག་པ་བཅས་གཉིས་ཡོད་པ་བོད་ཡིག་ཚིག་མཛོད་རྣམས་སུ་གསལ་པ་ལྟར་ཡིན་ཞིང། བཙན་པའི་སྐབས་བླ་མ་ཞེས་པའི་ཐ་སྙད་འཇུག་དོན་དེ་གཉིས་ཀར་བེད་སྤྱོད་བཏང་ཡོད། བསྟན་འགྱུར་དུ་བཞུགས་པའི་འདུལ་བ་མདོ་རྩ་བ་དང་། དགེ་ཚུལ་གྱི་ཀ་རི་ཀཱ་སོགས་སུ་མཁན་པོའམ་དགེ་རྒན་གྱི་དོན་ལ་བླ་མ་ཞེས་བེད་སྤྱོད་བཏང་བ་དེ། ཕྱིས་སུ་སྐད་གསར་བཅད་རིང་བརྡ་གསར་པས་བཅོས་པ་ཡིན་ན་སྐད་གསར་བཅད་རིམ་པའི་རེག་ཟེག་[48]ཏུ་གསལ་དགོས་ཀྱང་མི་གསལ་བ་དང་། འདུལ་བའི་གཞུང་དེ་དག་ལ། ཕྱིས་སུ་འགྱུར་བཅོས་བྱས་པའི་ལོ་རྒྱུས་ཀྱི་ཁུངས་ལུང་ཡང་མེད་དོ། བསྟན་པ་སྔ་དར་གྱི་སྐབས་སུ་འདུལ་བ་སོགས་སངས་རྒྱས་ཀྱི་ཆོས་ག་འདྲ་ཞིག་དར་ཡོད་མེད་སྐབས་དེའི་དཀར་ཆག་ཁག་ལ་བལྟས་ན་ཧ་གོ་ཐུབ་ཅིང། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཀྱང། སྔ་འགྱུར་གྱི་སྐབས་སུ་བོད་དུ་སངས་རྒྱས་ཆོས་ལུགས་དར་བ་ལྟ་བུ་རྒྱ་གར་ལའང་མ་དར་བར་འདུག་ཅེས་གསུངས་ཡོད་པས། [49] དམ་ཆོས་འདུལ་བའི་བརྡ་ཆད་ཅིག་ཡིན་པའི་བླ་མ་ཞེས་པའི་ཐ་སྙད་དེ། སྲོ ང་བཙན་རིང་ལྟ་ཅི། བཙན་པོའི་རྒྱལ་རབས་ཀྱི་མཇུག་ཆར་ཡང་བྱུང་མེད་ཟེར་བ་གྱ་ཚོམ་དུ་སྨྲས་པའི་གཟུ་ལུམ་རང་ཡིན་པ་ཤེས་པར་གྱིས།

ཡང་དཔྱད་རྩོམ་དེར།  “ གལ་ཏེ་སུམ་རྟགས་ཀྱི་རྩ་བ་འདི་སྤྱི་ལོའི་དུས་རབས་བདུན་པའི་ནང། སློབ་དཔོན་ཐུ་མིས་མཛད་པ་ཞིག་ཡིན་ན། བར་དེར་མི་ལོ་དྲུག་བརྒྱ་ཙམ་གྱི་རིང་བོད་དུ་བསྟན་པ་སྔ་དར་དང་ཕྱི་དར་གཉིས་ཀར་སྒྲ་སྒྱུར་གྱི་ལོ་ཙཱ་བ་གཙོ་བོར་གྱུར་པའི་བོད་ཀྱི་རིག་གནས་ལ་མཆོག་ཏུ་མཁས་པ་བརྒྱ་སྟོང་མང་པོ་བྱོན་ཡོད་པ་དེ་རྣམས་ཀྱིས་བརྡ་སྤྲོད་པའི་གཞུང་ལུགས་སུམ་ཅུ་པ་དང་རྟགས་འཇུག་གཉིས་ལ་འགྲེལ་པ་རྒྱས་བསྡུས་ཅི་རིགས་ཤིག་མཛད་མཁན་མ་བྱུང་བ་ཅི་ལ་སྲིད་དམ། ” [50] ཞེས་དང། “ སུམ་རྟགས་ཀྱི་གཞུང་ལུགས་འདི་ཆོས་རྗེ་ས་པཎ་གྱི་སྐུ་དྲིན་ལ་བརྟེན་ནས་དར་འཕེལ་བྱུང་བའི་སྒྲུབ་བྱེད་དུ་འགྱུར་བའང་སྨོས་ཅི་དགོས། ” [51]ཞེས་ཟེར་པ་མི་འཐད་དེ། དེ་ཡང་སྤྱིར་ཕག་གྲུའི་ཁྲི་རབས་བཞི་པ་མི་དབང་གྲགས་པ་རྒྱལ་མཚན་གྱི་སྐུ་རིང་ལ། ཤིང་དཔར་འདེབས་པའི་སྲོལ་མ་བྱུང་བར་མཁས་པ་རྣམས་ཀྱི་གསུང་རྩོམ་ཁག་ལག་བྲིས་མ་ཤ་སྟག་ཡིན་ཞིང་། དམག་འཁྲུག་སོགས་ཀྱི་རྐྱེན་པས་ཉམས་བརླག་ཏུ་སོང་ཡོད་པའང་། བཙན་པོའི་རྒྱལ་རབས་སྐབས་སུ་བསྒྱུར་པའི་མདོ་སྔགས་ཀྱི་ཆོས་ཚན་སྐབས་དེར་དཀར་ཆག་ཏུ་བཀོད་པ་མང་པོ་དེང་སང་གི་བཀའ་བསྟན་ནང་མི་བཞུགས་པས་ཀྱང་ཤེས་ལ། འཇུ་མི་ཕམ་གྱིས་མཛད་པའི་རོང་ཟོམ་གསུང་འབུམ་དཀར་ཆག་མེ་ཏོག་ཕྲེང་བ་ཞེས་པའི་ནང་དུ། བསྟན་པ་སྔ་དར་གྱི་ཐོག་མའི་དུས་ཙམ་དུ་བྱོན་པའི་རྙིང་མའི་མཁས་ཆེན་རོང་ཟོམ་ཆོས་བཟང་ལ་གསུང་འབུམ་པོད་དྲུག་ཅུར་ལོང་བ་ཡོད་ཚུལ་སྔར་གྱི་ལོ་རྒྱུས་འགའ་ཞིག་ཏུ་བཤད་ཅེས་གསུངས་འདུག་ནའང། དེང་སང་རོང་ཟོམ་ཆོས་བཟང་གི་གསུང་དེབ་གཟུགས་སུ་བྱས་པ་དེབ་གཉིས་ལ་ལྷག་མེད་པ་འདིས་ཀྱང་། སྐབས་དེ་དུས་ཀྱི་མཁས་པའི་གསུངས་ཉམས་བརླག་སོང་ཡོད་པ་གསལ་པོར་མཚོན་ཐུབ་པས། ཐུ་མི་ཨ་ནུས་སུམ་རྟགས་རྩ་གཞུང་མཛད་པ་ནས། ཆོས་རྗེ་ས་པཎ་བར་སུམ་རྟགས་རྩ་གཞུང་གི་འགྲེལ་པ་དེང་སང་མཇལ་རྒྱུ་དཀོན་པའི་རྒྱུ་མཚན་ཡང་དེ་ཡིན། འོན་ཀྱང་། ཆབ་སྤེལ་གྱིས་བརྗོད་པ་ལྟར་སུམ་རྟགས་ཀྱི་འགྲེལ་པ་གཏན་མ་བྱུང་བའང་མིན་ཏེ། རོང་ཟོམ་ཆོས་བཟང་གི་དངོས་སློབ་རོང་བ་མེ་དཔུང་གིས་བྲིས་ཤིང་རོང་ཟོམ་སྐུ་དངོས་ཀྱིས་ཇེ་རྒྱས་སུ་བཏང་བའི་རོང་ཟོམ་གྱི་གསུང་རྩོམ་ཁག་གི་རྣམ་གྲངས་དཀར་ཆག་ཏུ་བཀོད་པ་ཆོས་ཀྱི་རྣམ་གྲངས་ཞེས་པའི་ནང་འདི་ལྟར་འབྱུང་སྟེ ། “ སྒྲའི་བསྟན་བཅོས་མང་པོ་བཞུགས། སྨྲ་སྒོའི་འགྲེལ་བ། ་གནས་བརྒྱད་ཀྱི་འགྲེལ་བ། ཆུང་ངུའི་འགྲེལ་བ། རྟགས་འཇུག་དོན་འགྲེལ། མཚམས་སྦྱོར་རབ་དབྱེ། སྔགས་བཀླག་པ། གཞན་ཡང་ཡི་གེ་མང་དུ་ཡོད། སྒྲའི་བསྟན་བཅོས་ཀྱི་ཡི་གེ་ཕལ་ཆེར་མར་བ་ཆོས་གྲགས་ཀྱི་དོན་དུ་མཛད་གསུངས། ” [52]ཞེས་པ་ལས་རོང་ཟོམ་གྱིས་བརྡ་སྤྲོད་སྐོར་གྱི་གསུང་རྩོམ་མང་པོ་མཛད་པའི་གྲས་སུ་རྟགས་འཇུག་གི་དོན་འགྲེལ་ཞིག་ཡོད་ཚུལ་གསལ་པ་ལྟར་དང་། རོང་ཟོམ་ནི་རགས་པའི་དབང་དུ་བྱས་ན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་དུས་མཉམ་ཡིན་ཞིང་། ཁོང་གིས་མཛད་པའི་མན་ངག་ལྟ་ཕྲེང་གི་འགྲེལ་པ་སོགས་སུ་གུ་གི་ཕྱིར་ལོག་ཅན་སོགས་སྐད་གསར་བཅད་གོང་གི་འབྲི་ལུགས་མང་པོ་མཆིས་སོ། འདི་གཅིག་པུས་ཀྱང་སུམ་རྟགས་རྩ་གཞུང་ཆོས་རྗེ་ས་པཎ་ནམ། དེའི་རྗེས་སུ་བྱོན་པའི་མཁས་པ་ཞིག་གིས་བརྩམས་སྙམ་པའི་ལོག་རྟོག་དྲུངས་ནས་འབྱིན་ཐུབ་པ་མ་ཡིན་ནམ། སྲོ ང་བཙན་ནས་ཆོས་རྗེ་ས་པཎ་བར་གྱི་མཁས་པ་དག་གི་གསུང་འབུམ་དཀར་ཆག་དང་། སློབ་གཉེར་གནང་ཚུལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱས་ན་ད་དུང་འདི་འདྲའི་རིགས་མང་པོ་ཡོད་པ་གདོན་མི་ཟ་སྙམ།

ཡང་དཔྱད་རྩོམ་དེའི་ནང།  “ དེ་བཞིན་ཞ་ལུ་ལོ་ཆེན་གྱི་སུམ་འགྲེལ་ནང། ཅུང་ཟད་ཡ་མཚན་པའི་གནད་དོན་ཞིག་མཐོང་བ་ནི། ཁོང་གིས་འཇམ་མགོན་ས་སྐྱ་པཎྚི་ཏར‘གང་ཡང་མཁས་པའི་ཁ་རྒྱན་དུ། བོད་ཀྱི་དབང་དུ་མཛད་དེ། དབྱངས་རྣམས་ནི་ལྔའོ། གསལ་བྱེད་རྣམས་ནི་ཉི་ཤུ་རྩ་དགུའོ། ཞེས་གསུངས་པ་ནི་གཞུང་འདི་དང་དངོས་སུ་འགལ་བ་ཁོ་ནར་ཟད་དོ། ’ཞེས་ས་པཎ་གྱི་བཞེད་པ་སུམ་རྟགས་ཀྱི་གཞུང་དང་དངོས་འགལ་ཡིན་པའི་དགག་པ་ག་མཛད་ནས། ‘ཀཱ་ལི་སུམ་ཅུ་ཐམ་པའོ། ’ ཞེས་སོགས་སུམ་རྟགས་ཀྱི་རྩ་དོན་ཆ་ཚང་འཁོད་པའི་<<ཡི་གེའི་སྦྱོར་བ་>> བྱ་བ་ས་པཎ་གྱི་གསུང་རྩོམ་བརྡ་སྤྲོད་པའི་གཞུང་ངོ་མཚར་ཅན་དེའི་ཚིག་ཟུར་ཙམ་ཡང་ཐོག་མཐའ་བར་གསུམ་དུ་གསུངས་མི་འདུག་པ་དེ་ནི། རྒྱ་རིགས་ཀྱི་གཏམ་དཔེར། ‘’འདིར་དངུལ་སྲང་སུམ་བརྒྱ་ཐམ་པ་སྦས་མེད’ ཅེས་པའི་ཁ་བྱང་བཀོད་པ་དེ་དང་དངོས་སུ་འདྲ་བ་འདི་ཡང་ཁོ་བོའི་དོགས་གཞིའི་དེའི་ལྡོག་ཕྱོགས་ཀྱི་སྒྲུབ་བྱེད་ཅིག་ཏུ་འགྱུར་སྲིད་སྙམ། ” [53] ཟེར། རྒྱ་ནག་གི་གཏམ་དཔེ་དེ་འདྲ་ཞིག་བཀོལ་ཏེ། ཞ་ལུ་ལོ་ཆེན་ལའང་ཟུར་ཟ་བ་ནི་སངས་རྒྱས་ཀྱི་དབུ་ལ་བུ་གུས་ལག་རྩེད་ལྟ་བུའི་དཔེར་སོང་ཡང་། རེ་ཞིག་བརྗོད་བྱ་དངོས་དང་མ་འབྲེལ་བས་བཞག སྐབས་དོན་ཆོས་རྗེ་ས་པཎ་གྱི་སྒྲའི་བསྟན་བཅོས་མཁས་པའི་ཁ་རྒྱན་ཞེས་པའི་ནང་དུ་དབྱངས་ལྔ་དང་གསལ་བྱེད་ཉེར་དགུར་བཞེད་པ་ཐུ་མིའི་སུམ་རྟགས་རྩ་གཞུང་དང་དངོས་སུ་འགལ་ཞེས་རྗེ་ཞ་ལུ་བས་བཀག་པ་མ་ཟད། སི་ཏུ་པཎ་ཆེན་གྱིས་ཀྱང། “ འདི་སྐབས་འགྲེལ་བྱེེད་སྔ་མ་ཁ་ཅིག་གིས། ཨ་ཡིག་ཨཱ་ལིར་བགྲངས་པའི་ཨ་ལི་ལྔ་དང་ཀཱ་ལི་ཉེར་དགུར་འདོད་པ་བྱུང་མོད་ཀྱི་མཁན་པོའི་དགོངས་པ་མ་རྟོགས་པར་གཟུ་ལུམ་བྱས་པར་སྣང་སྟེ་རྩ་བ་ལས་དངོས་འགལ་དུ་སྨྲ་པའི་ཕྱིར། ” [54] ཞེས་གསུངས་ཡོད་དོ། འོན་ཀྱང་རྗེ་ཞ་ལུ་བ་སོགས་ཀྱིས་ཡི་གེའི་སྦྱོར་བའི་ནང་དབྱངས་བཞི་དང་གསལ་བྱེད་སུམ་ཅུར་གསུངས་ཚུལ་སྐོར་མ་གླེང་བ་ནི། ཁོང་ཅག་གིས་ཡི་གེའི་སྦྱོར་བ་ཞེས་པའི་བསྟན་བཅོས་དེ་མ་གཟིགས་མ་དཔྱད་པ་མིན་པར། དེ་ཉིད་སུམ་རྟགས་རྩ་གཞུང་གཉིས་རྩ་འགྲེལ་གྱི་ཚུལ་དུ་དཀྱུས་གཅིག་ལ་བསྒྲིགས་པ་ཙམ་ཡིན་ཞིང་། མཁན་པོ་ཐུ་མིའི་རང་ལུགས་བཞེད་པ་སོར་བཞག་གནང་ཡོད་པས་གླེང་སློང་བྱེད་དགོས་དོན་ཅི་ཡོད། འདི་ལ་ཞིབ་ཏུ་བསམ་ན། ཆོས་རྗེ་ས་པཎ་གྱི་རང་ལུགས་དངོས་ནི་མཁས་པའི་ཁ་རྒྱན་དུ་གསུངས་པ་དེ་རང་ཡིན་པར་ངེས་ཤིང། [55] ཡི་གེའི་སྦྱོར་བའི་ནང་དུ་བསྟན་པ་དེ་རེ་ཞིག་སློབ་དཔོན་ཐུ་མིའི་སུམ་རྟགས་རྩ་གཞུང་གི་བཤད་རྒྱུན་བསྐྱངས་པ་ཙམ་ཡིན་པ་གསལ་ཏེ། དེ་ལྟ་མིན་ན། མཁས་པ་ཆེན་པོ་ཁོང་ལྟ་བུའི་གསུངས་ལ་འདི་ལྟའི་མངོན་གསལ་གྱི་ནང་འགལ་འབྱུང་བའི་གནས་མེད་པས་སོ། དེས་ན་འདི་ཉིད་ཆབ་སྤེལ་གྱི་འདོད་པའི་སྒྲུབ་བྱེད་དུ་མ་གྱུར་པར་དེ་ལས་ལྡོག་སྟེ་གནོད་བྱེད་དུ་སོང་ཡོད། དེ་བཞིན་དུ། ས་སྐྱའི་མཁན་པོ་ཀུན་དགའ་བཟང་པོས་བསྒྲིགས་པའི་དཔལ་ལྡན་ས་སྐྱ་པའི་གསུང་རབ་པོད་གཉིས་པ། སུམ་རྟགས་དང་དག་ཡིག་ཅེས་པའི་ནང་། ཐུ་མི་ཨ་ནུ་མཛད་བྱང་ཅན་གྱི་སུམ་རྟགས་རྩ་བ་བར་མཆན་ཐོར་བུ་བཏབ་པ་ཆོས་རྗེས་ས་པཎ་གྱིས་བརྩམས་ཞེས་བཀོད་འདུག་པ་དེ་གལ་སྲིད་ས་པཎ་གྱིས་ཡིན་ངེས་ན། སུམ་རྟགས་རྩ་བ་ཐུ་མི་ཨ་ནུས་མཛད་པར་ས་པཎ་རང་གིས་དངོས་སུ་ཞལ་གྱིས་བཞེས་པའི་དཔང་རྟགས་རི་འདྲ་བ་ཞིག་མ་ཡིན་ནམ།

དེ་བཞིན་དུ་དཔྱད་རྩོམ་དེའི་ནང། སི་ཏུའི་འགྲེལ་ཆེན་དུ་བོད་ཀྱི་སྐད་ཡིག་དང་བརྡ་སྤྲོད་བྱུང་འཕེལ་སྐོར་གསུངས་པ་ཉུང་བསྡུས་སུ་ལུང་དྲངས་མཐར་། “ དང་པོ་ནི། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཆ་ཚང་བཞུགས་ཤིང། ‘སྨག་ལ་སྒྲོན་མེ་བཏེགས་པ་བཞིན་དུ་’བཤད་རྒྱུན་མ་ཉམས་པའི་དུས་རབས་དེ་ཇི་ཙམ་ཞིག་ལ་བརྩི་དགོས། ” [56] ཞེས་དང་། “ གཉིས་པ་ནི། བྱང་ཕྱོགས་འདིར་གཙུག་ལག་གཉིས་ཀ་བར་དུ་ཉམས་པ་གསུངས་པ་དེ་དར་མས་འདུལ་བའི་བསྟན་པ་བསྣུབས་ཤིང། ནང་འཁྲུག་གིས་བོད་སིལ་བུ་ཁ་ཐོར་གྱི་དུས་ལ་གསུངས་པ་གཞིར་བཅས་ཤིང། བསྟན་བཅོས་ཀྱི་ཡན་ལག་གཞན་རྣམས་བརླགས་པ་དང་སུམ་རྟགས་ཀྱི་བཤད་རྒྱུན་ཉམས་པའང་དུས་སྐབས་དེ་རང་ལ་ཡིན་པ་ནི་རྒྱུ་མཚན་གྱི་བྱེད་སྒྲས་གསལ་བསྟན་བཅས་གོ་སླ་མོད། འོན་ཀྱང་དེ་ལྟར་ན་བོད་འདིར་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་བཤད་རྒྱུན་ནི་སླར་ཡང་དུས་ནམ་ཞིག་ལ་སླར་གསོ་བྱུང་བ་དང། གང་ཟག་སུ་ཞིག་གིས་ཚུལ་ཇི་ལྟར་བྱས་ནས་བསྐྱར་གསོ་མཛད་པའི་ཚུལ་འདྲི་ཚིག་ཅིག་མི་ཞུ་མཐུ་མེད་ཆགས་་་་” [57] ཟེར། དྲི་བ་དང་པོའི་ལན་ནི་འདི་ལྟར། ཐུ་མི་ཨ་ནུས་སྔོན་ཐོན་རང་བཞིན་གྱི་ད་ལྟའི་བོད་ཀྱི་སྒྲ་སྦྱོར་ཡི་གེ་འདི་ཉིད་མཛད་པ་དང། རྒྱ་གར་གྱི་སྒྲའི་བསྟན་བཅོས་ལ་དཔེ་བྱས་ཏེ་སུམ་རྟགས་སོགས་མཛད་དེ། སངས་རྒྱས་ཆོས་ལུགས་གཙོས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁག་ནང་འདྲེན་དང་དར་སྤེལ་གྱི་རྩ་བར་གྱུར་པ་ནི། ཇི་སྐད་དུ། བསླབ་པ་ཀུན་གྱི་གཞི་འཛིན་ཅིང། ། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། ། མིང་ཚིག་བརྗོད་པ་ཀུན་གྱི་གཞི། ། ཡི་གེའི་སྦྱོར་བ་བཤད་པར་བྱ། ། ཞེས་གསུངས་པ་ལྟར། ནང་པའི་ཐུན་མོང་མ་ཡིན་པའི་བསླབ་པ་གསུམ་དང། དེ་བཞིན་རིག་བྱེད་དམ་རིག་གནས་ཀྱི་གཞུང་ཁག་གི་གཞི་རྩར་གྱུར་པས་ན། བོད་ཀྱི་རིམ་བྱོན་མཁས་པ་ཚོས་ ‘བསྟན་རྩ་སུམ་རྟགས་’[58] ཞེས་བསྔགས་བརྗོད་གནང་པ་ཡིན། བསླབ་པ་གསུམ་གྱི་གཞི་འཛིན་ཚུལ་ཡང། རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་ཀྱིས། “ ལམ་བསླབ་གསུམ་ཉམས་སུ་ལེན་པ་ལ་ལུང་སྡེ་སྣོདཤེས་དགོས་ཤིང། དེ་ལ་ཡི་གེ་ཤེས་དགོས་པས་ཡིན་ནོ། ” [59]ཞེས་གསུངས་པ་ལྟར་རོ། སུམ་རྟགས་ཀྱི་བཤད་རྒྱུན་མ་ཉམས་པའི་དུས་རབས་ནི། སྲོ ང་བཙན་སྒམ་པོ་ནས་གླང་དར་བར་བརྩི་ཆོག་སྟེ ། རྒྱལ་ངན་གླང་དར་མའི་རིང་བོད་ཀྱི་གཙུག་ལག་རྣམ་གཉིས་ལ་ཉམས་ཆག་མ་ཐེབས་གོང་བོད་ལ་མདོ་སྔགས་རིག་གནས་ཀྱི་གཞུང་ལུགས་ཅི་ཙམ་དར་ཡོད་མེད་སྐབས་དེར་ཡིག་འཁོད་བྱས་པའི་དཀར་ཆག་ཁག་ལ་བལྟས་ན་གསལ་ཞིང། སྔར་སྨོས་ལྟར་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཀྱང་དེ་དུས་ཀྱི་བོད་ཀྱི་བསྟན་པ་འདྲ་བ་རྒྱ་གར་དུ་ཡང་མ་བྱུང་བ་འདུག་ཞེས་གསུངས་ཡོད་པས། རིག་གནས་ཀྱི་གཞུང་ལུགས་དེ་ཙམ་ཞིག་ཡིག་སྒྱུར་དང་། རྩོམ་འབྲི། འཆད་ཉན་བཅས་བྱེད་པར་ངེས་པར་དུ་བོད་རང་གི་སྐད་བརྡའི་འགྲོ་ལུགས་དང་མཐུན་པའི་བྱཱ་ཀ་ར་ཎའི་གཞུང་ཞིག་མེད་དུ་མི་རུང་ཞིང། དེ་ནི་སུམ་རྟགས་རྩ་གཞུང་སོགས་ཡིན་པ་གྲགས་ཤིང་གྲུབ་པས་སོ། དྲི་བ་གཉིས་པའི་ལན་ནི། བཙན་པོ་འུ་དུམ་བརྟན་གྱི་རིང་དང་། དེ་རྗེས་བོད་སིལ་བུར་འཐོར་ཏེ་ཆོས་ལུགས་ཀྱི་གཞུང་ལྟ་ཅི། སྤྱིར་བཏང་གི་ལོ་རྒྱུས་ཡིག་ཚང་ལྟ་བུ་ལའང་ཉམས་ཆག་ཚབས་ཆེན་ཐེབས་ཚུལ་ནི། དགེ་འདུན་ཆོས་འཕེལ་གྱི་རྒྱལ་རབས་དེབ་ཐེར་དཀར་པོ་ཞེས་པར། “ རང་རེ་རྣམས་ལ་ཡང་སྔོན་གྱི་དུས་སུ། རྒྱལ་བློན་དེ་དག་གིས་ལོ་དང་ཟླ་བ་རེ་བཞིན་ཅི་མཛད་ཀྱི་ལོ་རྒྱུས་རྒྱལ་རབས་ཤིན་ཏུ་རྒྱས་པ་ཡོད་པར་གོར་མ་ཆག་ལ། འོན་ཀྱང་ལྷ་སྲས་དར་མའི་རྗེས་སུ་འབངས་གྱེན་ལོག་བྱུང་བ་ནས་བཟུང་བོད་ཁམས་སིལ་བུར་འཐོར་ཏེ། རྒྱལ་རྒྱུད་རྣམས་ཀྱི་བཞུགས་ས་་ཡུལ་དུ་མར་སྤོས་པ་དང། སྟོ ད་སྨད་ཀྱི་ཧོར་དམག་གི་འཇིགས་པ་ལན་གཉིས་སམ་གསུམ་དུ་བྱུང་བ་སོགས། ཁམས་ཀྱི་དར་རྒུད་སྣ་ཚོགས་བྱུང་བའི་བར་ལ་རྒྱལ་རབས་རྣམས་ཀྱང་རྩ་མེད་དུ་ཡལ་ཏེ། དུས་ཕྱིས་ཙ་ན་ཆོས་དང་འབྲེལ་བའི་མཛད་ཕྲིན་ཅི་གནང་གི་ལོ་རྒྱུས་ཙམ་ལས་ལྷག་མར་མ་ལུས་པ་འདི་ལྟར་གྱུར་ཅིང། ” [60]ཞེས་བསྟན་པ་ལྟར་ཡིན་ཞིང། དེའི་ཕྱིར་སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་འབྱུང་གནས་ཀྱིས་ “ ཕལ་ཆེར་ནི་བྱང་ཕྱོགས་འདིར་གཙུག་ལག་གཉིས་ཀ་བར་དུ་ཉམས་པའི་དབང་ལས་བཤད་རྒྱུན་དང་བསྟན་བཅོས་ཀྱི་ཡན་ལག་གཞན་མ་ཚང་བའི་ཕྱིར་མི་གསལ་བ་རྣམས་ཁ་ཁྲལ་འཇལ་བ་ཙམ་ལས་དོན་དུ་གནས་པར་མ་མངོན་་་་” [61]ཞེས་གསུངས་པ་ཡིན། སྐབས་དོན་གཙོ་བོ་སུམ་རྟགས་ཀྱི་བཤད་རྒྱུན་སླར་ཡང་དུས་ནམ་ཞིག་ལ། གང་ཟག་སུ་ཞིག་གིས་ཚུལ་ཇི་ལྟར་བསྐྱར་གསོ་བྱས་པ་རེད་ཅེ་ན། གནས་ཚུལ་འདིའི་སྐོར་ཡོངས་གྲགས་བོད་ཀྱི་ཡིག་ཚང་རྣམས་སུ་མ་གསལ་ཞིང། ཐོས་ཆུང་ཕྲན་ལྟ་བུས་འདི་དང་དེ་ཞེས་མཐའ་གཅིག་ཏུ་ཞུ་མི་སྤོབས་ནའང། གོང་སྨོས་ལྟར་རོང་ཟོམ་ཆོས་བཟང་གིས་རྟགས་འཇུག་འགྲེལ་པ་ཞིག་བརྩམས་པའི་ལོ་རྒྱུས་དེའི་ཐོག་ནས། མ་མཐར་ཡང་ཇོ་བོ་རྗེ་བོད་དུ་བྱོན་པའི་སྐབས་ཏེ། བོད་རབ་བྱུང་དང་པོ་ཡས་མས་ནས་སུམ་རྟགས་ཀྱི་འཆད་ཉན་གྱི་སྲོལ་བསྐྱར་དར་བྱུང་ཡོད་པ་ཤེས་རྟོགས་ཐུབ་ཅིང། དེ་བཞིན་དུ་མཉམ་མེད་དྭགས་པོ་ལྷ་རྗེའི་དངོས་སློབ། ཀ་དམ་པ་བདེ་གཤེགས་ཀྱི་རྣམ་ཐར་དུ། ཁོང་དགུང་ལོ་གཞོན་དུས་སུམ་རྟགས་ལ་སྦྱངས་ཚུལ་འབྱུང་བ་དེས་ཀྱང་། སྐབས་དེ་དུས་སུམ་རྟགས་ཀྱི་འཆད་ཉན་དར་ཡོད་པ་གསལ། [62] ཀ་དམ་པ་བདེ་གཤེགས་ནི་ཕག་གྲུ་རྡོ་རྗེ་རྒྱལ་པོ་དང་ཡུམ་གཅིག་པའི་སྐུ་མཆེད་ཡིན་ཞིང། སྔ་འགྱུར་རྙིང་མའི་མ་དགོན་དྲུག་གི་ཡ་གྱལ་རྒྱལ་བ་ཀཿཐོག་དགོན་པ་གསར་འདེབས་མཛད་མཁན་དེ་ཡིན།

ཡང་ཆབ་སྤེལ་གྱི་དཔྱད་རྩོམ་དེར། སྡེ་དགེའི་བསྟན་འགྱུར་ནང་ཆོས་ཚན་གྱི་གོ་རིམ་སྒྲིག་སྟངས་ཐད། སུམ་རྟགས་རྩ་བ་དེ་བྱེ་བྲག་རྟོགས་བྱེད་དང་སྒྲ་སྦྱོར་བམ་གཉིས་ཀྱི་རྗེས་སུ་བཞག་ཡོད་པས་“ གལ་སྲིད་སུམ་རྟགས་ཀྱི་རྩ་བ་འདི་སློབ་དཔོན་ཐུ་མིས་མཛད་པ་དངོས་འབྲེལ་ཡིན་ན། བོད་ཀྱི་མཁས་པས་བོད་ཀྱི་ཡི་གེར་བྲིས་པའི་བསྟན་བཅོས་ཡོད་དོ་ཅོག་གི་ནང་ནས་འདི་ལས་ལྷག་པ་དང། འདི་ལས་སྔ་བ་གཞན་དག་ཅི་ཡང་ཡོང་མི་སྲིད་པས་བོད་དཔེ་ཐམས་ཅད་ཀྱི་ཡང་མེས་ཉག་གཅིག་དེ་ཡིན་པར་བསྙོན་དུ་མེད་ན། གོ་རིམ་ཨང་དང་པོ་ཁོ་ནར་ཐེ་ཚོམ་མེད་པར་འགོད་རྐྱང་གནང་དགོས་ཀྱང། གནད་འདིར་ཞུ་ཆེན་གྱི་མཁན་པོ་མཆོག་གི་དགོངས་གཞིར་ཀུན་རྟོག་ཅི་ཞིག་འཁྲུངས་པ་ཆ་མི་འཚལ་རུང། གཅིག་བྱས་ན་སུམ་རྟགས་ཀྱི་གཞུང་ལུགས་འདི་བརྡ་དང་ཚིག་སྦྱོར་གང་གི་ཐད་ནས་ཀྱང་དུས་རབས་བདུན་པའི་གནའ་ཡིག་གི་མཚན་ཉིད་མི་ལྡན་པས་ཞར་ལ་ལྕེ་ཁྱི་འབྲུག་ཀྱང་ཕྱིར་བཤོལ་གྱི་གྲལ་དུ་བཞུགས་གྲལ་ཡ་མ་ཟུང་དེ་འདྲ་ཞིག་མཛད་པ་དེ་ལའང་བསམ་བློ་གཏོང་ཡུལ་ཞིག་ཡོད་དམ་སྙམ། ”[63]ཟེར། འདི་ནི་རྒྱལ་བའི་བཀའ་དང་། དགོངས་འགྲེལ་གྱི་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་དཀར་ཆག་ཏུ་བྲིས་པ་དང་། པར་དུ་ཇི་ལྟར་བཞེངས་ཚུལ་ལ་རྒྱུས་མངའ་གཏན་ནས་མེད་པའི་བབ་ཅོལ་གྱི་གཏམ་ཙམ་ཡིན་ཏེ། བོད་དུ་ད་ཕན་བྱུང་བའི་བསྟན་འགྱུར་གྱི་དཀར་ཆག་དང་། དཔར་རྩ་གང་ཡང་བསྟན་བཅོས་མཛད་པ་པོ་རྣམས་ཀྱི་ལོ་ཚིགས་ཀྱི་གོ་རིམ་གཞིར་བཟུང་ནས་བསྒྲིགས་གནང་བ་གཅིག་ཀྱང་མི་སྣང་བས་སོ། དེ་ཡང་ཅུང་ཞིབ་མོར་སྨོས་ན། བཀའ་འགྱུར་རྣམས་བཞེངས་སྐབས་གསུང་པར་གྱི་གོ་རིམ་སྒྲིག་སྟངས་ཐད། ཐེག་པའི་མཐོ་དམན་གྱི་དབང་དུ་བྱས་ནས་རྒྱུད་སྡེའི་སྐོར་རྣམས་དང་པོར་བཀོད་དེ། རིམ་པར་ཐེག་པ་ཆེ་ཆུང་གི་སྡེ་སྣོདརྣམས་གོ་རིམ་གྱིས་འགོད་པའི་ལུགས་ཤིག་དང། ཆོས་འཁོར་གསུམ་བསྐོར་པའི་རིམ་པ་དང་མཐུན་པར་བདེན་བཞིའི་ཆོས་འཁོར་གྱི་ནང་ཚན་འདུལ་བའི་སྐོར་ཐོག་མར་བཀོད་དེ་སྒྲིག་པའི་ལུགས་གཉིས་བྱུང་ཡོད། དཔེར་ན། གཡུང་ལོའི་བཀའ་འགྱུར་དང་། ཅོ་ནེ་བཀའ་འགྱུར་ལྟ་བུ་ལུགས་དང་པོ་ལྟར་དང། སྣར་ཐང་བཀའ་འགྱུར། པེ་ཅིང་བཀའ་འགྱུར། སྡེ་དགེའི་བཀའ་འགྱུར། ཞོལ་བཀའ་འགྱུར་སོགས་ནི་ལུགས་གཉིས་པ་ལྟར་དཀར་ཆག་ཏུ་བྲིས་ཤིང་དཔར་དུ་བཞེངས་ཡོད་དོ། དེ་བཞིན་དུ་བསྟན་འགྱུར་གྱི་ཆོས་ཚན་གོ་རིམ་སྒྲིག་སྟངས་ཐད། སྡེ་དགེའི་བསྟན་འགྱུར་ཞུ་སྒྲིག་དང་དཀར་ཆག་མཛད་མཁན་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས“ སྤྱིར་ཆོས་ཀྱི་རྣམ་གྲངས་འདི་དག་ཇི་ལྟར་བཞུགས་པའི་གོ་རིམས་ནི་བློ་དང་ལྡན་པའི་སྐྱེས་བུ་དམ་པ་མཁས་པ་རྣམས་ཀྱི་འཇུག་ངོགས་སུ་འཇུག་པར་འདོད་པ་རྣམས་ཀྱིས་ཇི་ལྟར་སློབ་པའི་རིམ་པ་དང་རྗེས་སུ་མཐུན་པར། ཐོག་མར་བཟོ་རིག་པ་དང་། གསོ་བ་རིག་པ་དང། བརྡ་སྤྲོད་རིག་པ་དང་། གཏན་ཚིགས་རིག་པ་དང། ནང་རིག་པའི་སྡེ་སྣོདཀྱི་བསྟན་བཅོས་རྣམས་གོ་རིམས་སུ་འགོད་པའམ། སྒྲུབ་པ་ཉམས་ལེན་གྱི་རིམ་པ་དང་རྗེས་སུ་མཐུན་པར་འདུལ་བ་དང་། མདོ་སྡེ་དང་། མངོན་པའི་སྡེ་སྣོདཀྱི་བསྟན་བཅོས་རྣམས་གོ་རིམས་སུ་འགོད་པའམ། དམན་པ་དང་མཆོག་གི་རིམ་པ་དང་རྗེས་སུ་མཐུན་པར་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང། ཕྱི་རིག་པའི་གནས་དང་ནང་རིག་པའི་གནས། ཐེག་པ་ཆུང་ངུ་དང་ཐེག་པ་ཆེན་པོ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་བསྟན་བཅོས་རྣམས་གོ་རིམས་སུ་འགོད་པའི་རྣམ་པར་གཞག་པ་ཇི་ལྟར་བྱས་ཀྱང་མི་གཏུབ་པ་མེད་མོད། འདིར་མཆོག་དང་དམན་པའི་གོ་རིམས་ཀྱི་དབང་དུ་བགྱིས་ཏེ། ཐོག་མར་ནང་རིག་པའི་བསྟན་བཅོས་ནས་བརྩམས་ཏེ་འགོད་པ་ལ། དེའང་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་དང། ཐེག་པ་ཆེན་པོ་ཐུན་མོང་བ་དང། ཐེག་པ་ཆུང་ངུའི་བསྟན་བཅོས་རྣམས་དང། དེ་དག་གི་རྗེས་སུ་བསྟན་གཏན་ཚིགས་རིག་པ་དང་། བརྡ་སྤྲོད་རིག་པ་དང། གསོ་བ་རིག་པ་དང་། བཟོ་རིག་པའི་བསྟན་བཅོས་རྣམས་རིམ་པར་འགོད་པར་བྱའོ། གཞན་ཡང་བོད་ཀྱི་མཁས་པ་སྔ་རབས་པ་དག་གིས་མཛད་པའི་བསྟན་བཅོས་གཅེས་ཤིང་དཔེ་རྒྱུན་དཀོན་པ་ཅི་རིགས་པ་རྣམས་ཀྱང་སྔོན་གྱི་དཀར་ཆག་རྣམས་སུ་བཞུགས་སུ་བཅུག་པ་ལྟར་དང། སྔར་མ་ཆུད་པའི་བསྟན་བཅོས་རྙིང་པ་ལོགས་སུ་ལུས་པ་ཕྱིས་བྱུང་བ་དང། གསར་འགྱུར་གྱི་རིགས་ཀྱང་འདི་དག་ཏུ་ཆུད་པ་དང་མ་ཆུད་པ་ཕྱིས་ཀྱི་དཀར་ཆག་ལ་ལ་ནས་བྱུང་བ་རྣམས་རྣམས་ཀྱང་རྟུན་པ་ལྷུར་བྱེད་པ་རྣམས་ཀྱི་ཕྱིར་ཐོར་འགོད་པར་བྱ་ཞིང། དེ་དག་གི་མཐར་བསྔོ ་བ་སྨོན་ལམ་དང། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྣམས་ཀྱིས་མཐའ་བརྒྱན་པ་དང་བཅས་པའི་བསྟན་བཅོས་རྣམས་ཀྱི་བཞུགས་བྱང་སྨོས་པ་ལ། ” [64]ཞེས་གསུངས་ཡོད་པ་འདི་ལས་ཤེས་ཐུབ་པ་ནི། སྡེ་དགེའི་བསྟན་འགྱུར་གྱི་ཆོས་ཚན་རྣམས་མཆོག་དང་དམན་པའི་གོ་རིམ་གྱིས་བསྒྲིགས་ཡོད་པ་དང། དེ་ཡང་བརྗོད་བྱ་གཅིག་པའི་རིག་གནས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་གནང་མཛད་པ་མ་གཏོགས། བསྟན་བཅོས་ཀྱི་བྱུང་སྔ་ཕྱིའམ་། མཛད་པ་པོ་རྣམས་ཀྱི་ལོ་དུས་ཀྱི་གོ་རིམ་ལ་དེ་ཙམ་གཙིགས་འཛིན་བྱས་ཏེ་བསྒྲིགས་མེད་པ་དེ་རེད། དེའི་ཚུལ་སྡེ་དགེའི་བསྟན་འགྱུར་གྱི་ཆོས་སྐོར་ཁག་ལ་མཇལ་ན་མངོན་གསལ་ཡིན་ཏེ། དཔེར་ན། སྡེ་དགེའི་བསྟན་འགྱུར་ཙ་པ་ནས་རིམ་པར་དབུ་མའི་ཆོས་སྐོར་དཀར་ཆག་བཀོད་པའི་ནང་། སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་སོགས་འགའ་ཞིག་གི་དཀར་ཆག་བཀོད་རྗེས། པཎྚིཏ་བྱམས་པ་མགོན་པོས་མཛད་པའི་སྲིད་པ་འཕོ་བའི་ཊཱི་ཀ་དང་། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་རྩ་བའི་འགྲེལ་པ་བུདྡྷ་པཱ་ལི་ཏ་བཀོད་རྗེས། སླར་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ་བཀོད་པ་དང། དེ་ནས་སློབ་དཔོན་འཕགས་པ་ལྷས་མཛད་པའི་ཆ་ཤས་ཀྱི་ཡན་ལག་ཅེས་བྱ་བའི་རབ་ཏུ་བྱེད་པ་སོགས་གཞུང་འགའ་བཀོད་མཐར། སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་བཤད་སྦྱར་བཀོད་པ་དང། དེ་རྗེས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་བཀོད་ཡོད་ལྟ་བུར་མཚོན་ན། སངས་རྒྱས་བསྐྱངས་ཀྱི་བུདྡྷ་པཱ་ལི་ཏའི་རྗེས་སུ་སླར་ཡང་ཀླུ་སྒྲུབ་ཀྱི་གཞུང་བཀོད་པ་དང། འཕགས་པ་ལྷའི་གསུང་དེའི་རྗེས་སུ་བཀོད་འདུག་པ་ཆོས་འབྱུང་ལོ་རྒྱུས་ཡོངས་གྲགས་ལྟར་གྱི་ལོ་དུས་གོ་རིམ་དང་མི་མཐུན་སྟེ ། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་འཕགས་པ་ལྷ་དང་། དེའི་རྗེས་སུ་སངས་རྒྱས་བསྐྱངས་བྱུང་བ་ཡིན་པས་སོ། དེར་མ་ཟད། སངས་རྒྱས་བསྐྱངས་ཀྱིས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞབས་ཟིན་རྒྱུ་ལྟ་ཞོག ཐ་ན་འཕགས་པའི་ལྷའི་ཞབས་ཟིན་ཟེར་ནའང་མི་འཐད་ཚུལ་ཚུལ། ཇོ་ནང་ཏཱ་ར་ན་ཐའི་རྒྱ་གར་དུ་ཆོས་འབྱུང་དུ་དགག་སྒྲུབ་བྱས་ཡོད་དོ། [65]དེ་བཞིན་དུ་སྡེ་བསྟན་སེ་པའི་ནང། སློབ་དཔོན་དབྱུག་པ་ཅན་གྱི་སྙན་ངག་མེ་ལོང་སྔོན་ལ་བཀོད་པ་དང། ནག་མོའི་ཁོལ་གྱི་སྤྲིན་གྱི་ཕོ་ཉ་དེའི་རྗེས་སུ་བཀོད་ཡོད་པ་ལྟ་བུར་མཚོན་ནའང། རྩོམ་པ་པོའི་ལོ་དུས་ཀྱི་དབང་དུ་བྱས་ན་ནག་མོའི་ཁོལ་སྔོན་ལ་བྱུང་བ་ཡོངས་གྲགས་ཡིན་པས་སོ། དེ་དག་གི་ཐོག་ནས་ཤེས་ཐུབ་པ་ནི། སྡེ་དགེའི་བསྟན་འགྱུར་གྱི་དཀར་ཆག་དང་། ཆོས་ཚན་གྱི་གོ་རིམ་སྒྲིག་སྟངས་དེ་བརྗོད་བྱ་གཅིག་པའི་རིག་གནས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཙམ་ལས། མཛད་པ་པོའི་ལོ་དུས་གཞིར་བཟུང་ནས་བསྒྲིགས་མེད་པ་དེ་རེད། དེས་ན་སྡེ་བསྟན་དཀར་ཆག་དང་། སྡེ་བསྟན་ཅོ་པའི་ནང་ཐོག་མར་བྱེ་བྲག་རྟོགས་བྱེད་ཆེ་བ་དང་སྒྲ་སྦྱོར་བམ་གཉིས་བཀོད་ཅིང། དེ་རྗེས་ཐུ་མིས་མཛད་པའི་སུམ་རྟགས་ཀྱི་རྩ་བ་བཀོད་པའང་། སྤྱིར་བརྗོད་བྱ་ཕྱོགས་མཐུན་ཙམ་གྱི་ཆ་ནས་ཡིན་གྱི། ལོ་དུས་ཀྱི་གོ་རིམ་ངེས་པའི་ཆ་ནས་བཞག་པ་མ་ཡིན་པ་གསལ་ཞིང། སྡེ་བསྟན་ནང་བོད་ཀྱི་མཁས་པའི་མཛད་པའི་བསྟན་བཅོས་ལ་ལོ་པཎ་མང་པོས་མཛད་ཅིང་རྒྱལ་པོས་བཀས་བཅད་པ་དང་། བོད་ཀྱི་མཁས་པ་སྒེར་གྱིས་བརྩམས་ཤིང་མཛད་པ་པོའི་མཚན་དངོས་སུ་ཡོད་པ། མཛད་པ་པོའི་མཚན་མ་སྨོས་པ་བཅས་གསུམ་རིམ་པར་བཀོད་ཡོད་ལ། བྱེ་བྲག་རྟོགས་བྱེད་དང་སྒྲ་སྦྱོར་བམ་གཉིས་ཐོག་མར་འཇོག་པའི་རྒྱུ་མཚན་ཡང། དེ་དག་ལོ་པཎ་མང་པོས་མཛད་ཅིང་བཙན་པོས་བཀས་བཅད་པའི་ཆོས་ཚིག་གཏན་ལ་ཕབ་པའི་གཞུང་ཡིན་པའི་ཆ་ནས་ཡིན་ཏེ། སྡེ་བསྟན་དཀར་ཆག་ཏུ། “ ད་ནི་བོད་ཀྱི་མཁས་པ་ཆེན་མོ་རྣམས་ཀྱི་མཛད་པ་དཔེ་དཀོན་པ་ཅི་རིགས་པ་དང་། མཛད་པ་པོའི་མཚན་མ་སྨོས་པའི་མཚན་གྱི་རྣམ་གྲངས་ལ། ཅོ་པ་ལ། ལོ་པཎ་མང་པོས་མཛད་པའི་སྒྲ་བྱེ་བྲག་རྟོགས་བྱེད་ཆེན་མོ། བྱེ་བྲག་ཏུ་རྟོགས་བྱེད་འབྲིང་པོ་སྒྲ་སྦྱོར་བམ་པོ་གཉིས་པ་ཕོ་བྲང་འོན་ཅང་རྡོར་བོད་དང་། རྒྱ་གར་གྱི་མཁན་པོ་ཐམས་ཅད་ཀྱིས་ཆོས་སྐད་གཏན་ལ་ཕབ་སྟེ་མཁས་པ་རྣམས་འཚོགས་ཏེ་མིང་དུ་བཏགས། ལྷ་བཙན་པོ་ཁྲི་སྲོ ང་ལྡེ་བཙན་གྱིས་བསྐུལ་ནས་བཀས་བཅད་དེ་མི་བཅོས་པར་བཞག་པ། འདིར་བྱེ་བྲག་རྟོགས་བྱེད་ཆུང་ངུ་རྙེད་ན་བྲིའོ། ” [66] ཞེས་འབྱུང་ཞིང། དེ་ནས་བོད་ཀྱི་མཁས་པ་སྒེར་གྱིས་བརྩམས་པའི་གཞུང་ཐོག་མ་རང་ལ་ཐུ་མིའི་སུམ་རྟགས་རྩ་གཞུང་གཉིས་བཞག་ཡོད་དོ། དེས་ན་སྡེ་བསྟན་ཅོ་པའི་ནང་ཐོག་མར་བྱེ་བྲག་རྟོགས་བྱེད་ཆེ་འབྲིང་བཀོད་པའི་རྒྱུ་མཚན་འདི་དང། དེ་བཞིན་སྤྱིར་བཀའ་འགྱུར་དང་། བསྟན་འགྱུར་གྱི་ཆོས་ཚན་གྱི་གོ་རིམ་སྒྲིག་སྟངས་ཀྱི་ཚད་གཞིར་ཞིབ་འཇུག་མི་བྱེད་པར་གང་དྲན་སྨྲ་བ་ནི་རང་མཚང་སྟོ ན་པའི་རྒྱུ་ལས་མ་འདས་སོ།

དེ་བཞིན་དུ་སྡེ་དགེའི་བསྟན་འགྱུར་ཞུ་སྒྲིག་གནང་མཁན་བཙུན་པ་ཚུལ་ཁྲིམས་རིན་ཆེན་གྱིས་སུམ་རྟགས་རྩ་བ་སློབ་དཔོན་ཐུ་མིས་མཛད་པར་ཞལ་གྱིས་བཞེས་པ། སྡེ་བསྟན་དཀར་ཆག་ཏུ་གསལ་པ་ཙམ་མ་ཟད། ཁོང་གི་གསན་ཡིག་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེང་ཅན་རོལ་པའི་ཆུ་གཏེར་ཞེས་པའི་གླེགས་བམ་དང་པོའི་ནང་དུ། “ གཞན་ཡང་རྒྱ་དང་ཧོར་གྱི་ཡི་གེ་དང། བོད་ཀྱི་ཡི་གེ་ལ་སློབ་དཔོན་ཐུ་མི་སམྦྷོ་ཊས་མཛད་པའི་གཞུང་སུམ་ཅུ་པ་ལས། ཨཱ་ལི་གསལ་བྱེད་ཨི་སོགས་བཞི། ། ཀཱ་ལི་སུམ་ཅུ་ཐམ་པའོ། ། ཞེས་དང། ” [67]ཞེས་དང། དེ་བཞིན་དུ་ཁོང་གིས་མཛད་པའི་བོད་ཀྱི་རིག་གནས་ལྔའི་རྣམ་གཞག་ཅེས་པའི་ནང་དུའང། “ ཐོན་མི་ལོ་ཙཱས་ཀྱང། བསླབ་པ་ཀུན་གྱི་གཞི་འཛིན་ཅིང། ། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། ། ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་གྲུབ་མཐའ་བྱེ་བྲག་ཏུ་སྨྲ་བ་དང། མདོ་སྡེ་པ་དང་། སེམས་ཙམ་པ་དང། དབུ་མ་པ་སྟེ་གྲུབ་པའི་མཐའ་སྨྲ་བ་བཞིའམ། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་ཐམས་ཅད་ཀྱི་གཞི་འཛིན་ཅིང། རིག་བྱེད་ནི་ཕྱི་རོལ་པའི་ལུགས་ཀྱི་ངེས་བརྗོད་ལ་སོགས་པ་བཞི་སྟེ ། ” [68] ཞེས་སོགས་གསུངས་པ་ལས་གསལ་པོར་རྟོགས་ཐུབ་པས། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ལའང་། སུམ་རྟགས་རྩ་གཞུང་དུས་རབས་བདུན་པའི་གནའ་ཡིག་ཡིན་མིན་ཐུགས་དོགས་འཁྲུངས་ཚུལ་སྨྲ་བ་ནི། ཆོས་རྗེ་ས་པཎ་གྱིས། ངན་པ་ཕལ་ཆེར་རང་གི་སྐྱོན། ། གང་ཡིན་གཞནལ་འགོད་པར་བྱེད། ། ཅེས་གསུངས་པ་ལྟར་མ་གྱུར་ཏམ།

ཡང་དཔྱད་རྩོམ་དེར། “ དུས་རབས་བཅུ་གཅིག་པ་ཙམ་ནས་བཀའ་དང་བསྟན་བཅོས་སོགས་ཀྱི་མཛད་བྱང་ཁག་གཅིག་ལ་འདི་ལྟ་བུའི་དར་སྲོལ་ཞིག་ཆགས་ཡོད་དེ། དཔེར་ན། <<བཀའ་ཆེམས་ཀ་ཁོལ་མ>>འདྲ་མིན་འགའ་ཤས་དང་། <<མ་ཎི་བཀའ་འབུམ། >> སོགས་ནི་ཆོས་རྒྱལ་སྲོ ང་བཙན་སྒམ་པོའི་གསུང་ཡིན་ཟེར་བ་ཡོངས་གྲགས་དང། དེ་བཞིན་<<གསོ་རིག་རྒྱུད་བཞི་>>དེ་ཡང་སྟོ ན་པ་སངས་རྒྱས་ཀྱི་གསུང་ཡིན་ཞེས་ཚིག་ཟིན་ལྟར་དང། (འདི་ལ་རྩོད་པ་སྔ་ཚད་ནས་བྱུང་ཡོད། ) ངེས་ཚིག་བརྗོད་དཀའ་བའི་<<བཀའ་ཐང་>>རྒྱས་བསྡུས་སྣ་ཚོགས་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་གསུང་ཡིན་ཟེར་བ། <<རྦ་བཞེད་>>རྒྱས་བསྡུས་སྣ་ཚོགས་ཀྱང་རྦ་གསལ་སྣང་གི་གསུང་ཡིན་ཟེར་བ་སོགས་གཅིག་རྗེས་གཉིས་མཐུད་ཀྱི་ཐོན་པར་<<རྒྱུད་བཞི་>>ཙམ་མ་གཏོགས་གཞན་དག་ལ་སུས་ཀྱང་ཀླན་ཀ་འཚོལ་ཐབས་མེད་པར་’བླ་མས་གང་གསུངས་ཆོས་’ཟེར་བའི་དཔེ་ལྟར་དེ་རང་ལ་བརྩི་བ་ཀུན་ཤེས་ཡོངས་གྲགས་ཡིན། ” [69] ཞེས་དང། “ དེས་ན་སངས་རྒྱས་ཀྱི་བཀའ་ཡིན་པ་དང། རྒྱལ་པོ་སྲོ ང་བཙན་སྒམ་པོའི་གསུང་ཡིན་ཚུལ་སོགས་ལ་བརྫུས་ཆོག་སར་བློན་པོ་ཐུ་མིའི་གསུང་དུ་བརྫུས་ན་ཡང་ཧ་ལས་ཧང་སངས་དགོས་དོན་ཅི་ཞིག་ཡོད་དམ། གལ་ཏེ་བདག་གི་དོགས་གཞི་ལྟར་<<སུམ་རྟགས་རྩ་བ་>>དེ་ཤོང་ལོས་རྩོམ་སྒྲིག་མཛད་པ་ཡིན་ཚེ ‘ཤོང་སྟོ ན་རྡོ་རྗེ་རྒྱལ་མཚན་གྱིས་བརྩམས་’ ཞེས་བཀོད་ན། སྐབས་དེར་གྲུབ་མཐའ་གཞན་གྱི་མཁས་པ་ཚོས་འདི་དང་དེ་ཞེས་རྩོད་རྙོག་སློང་སྲིད་པ་མ་ཟད། རིས་སུ་མ་ཆད་པའི་སྐྱེ་བོ་མང་པོས་སུམ་རྟགས་ཀྱི་གཞུང་ལ་སློབ་གཉེར་མཐའ་གཅིག་ཏུ་བྱེད་པའ་འགྲོ་ཕན་རྒྱ་ཆེ་རྒྱུན་བསྲི ངས་འདི་ལྟ་བུ་ཡོང་མི་སྲིད་པ་གོ་བས་ཆོད་གསལ་ཡིན། ” [70]ཟེར་པའི་ཐད། སྔོན་ཆད་བོད་ཀྱི་མཁས་པ་ཕལ་མོ་ཆེ་ནི། སངས་རྒྱས་ཆོས་ལུགས་ཀྱི་ཆོས་བྱེད་མི་སྣ་ཤ་སྟག་ཡིན་ཞིང། ཁོང་ཅག་གིས་བསྟན་པ་དར་སྤེལ་དང། སེམས་ཅན་ལ་ཕན་སེམས་ཀྱི་ཀུན་ནས་བསླངས་ནས་བསྟན་བཅོས་རྩོམ་པ་ལས། ཚེ་འདིའི་རྙེད་བཀུར་སྙན་གྲགས་སོགས་ཀྱི་ཆེད་དུ་བྱས་པ་དཀོན་པས། བསྒྱུར་རྩོམ་མམ་གསུང་རྩོམ་མཇུག་ཏུ་འགྱུར་བྱང་ངམ། རྩོམ་པ་པོའི་མཚན་བྱང་འགོད་རྒྱུ་དེ་ཙམ་གལ་ཆེན་པོར་མི་བརྩི་བ་ཡིན། དེའི་ཚུལ་ཡང་བོད་བཙན་པོའི་སྐབས་སུ་དཀར་ཆག་ཏུ་བཀོད་ཅིང། དེང་སང་ཡང་མཇལ་རྒྱུ་ཡོད་པའི་དཀར་ཆག་ལྡན་དཀར་མ་དང་འཕང་ཐང་མ་གཉིས་སུ་བཀའ་དང་བསྟན་བཅོས་རྣམས་ལོ་ཙཱ་བ་སུས་བསྒྱུར་བཀོད་མེད་པ་དང། སྐད་གྲགས་ཆེ་བའི་རྩོམ་རིག་གཞོན་ནུ་དྲུག་གི་རྟོགས་བརྗོད་ཅེས་པ་དང། དེ་བཞིན་དག་ཡིག་མཁས་པ་དགའ་སྐྱེད་སོགས་ལའང་། མཛད་པ་པོ་སུ་ཡིན་ད་ཕན་གསལ་ཁ་བྱུང་མེད་པ་ལྟ་བུ་རེད། གནས་ཚུལ་དེ་ལྟ་བུའི་འོག་གསོ་རིག་རྒྱུད་བཞི་ལྟ་བུ་སངས་རྒྱས་ཀྱི་བཀར་བསྙད་ནས་སེམས་ཅན་ལ་ཕན་ཅི་ཐོགས་བྱེད་པ་དང། ཤཱཀྱའི་རིང་ལུགས་སྤེལ་པ་དང་། དེའི་ཆོས་བྱེད་མི་སྣའི་ཆེ་བ་བརྗོད་པ་སོགས་ཀྱི་དགོས་དབང་གིས་བཀའ་ཆེམས་ཀ་ཁོལ་མ་སོགས་བྱུང་བར་འཁུམས། འོན་ཀྱང་སུམ་རྟགས་རྩ་གཞུང་དེ་དག་དང་མཚུངས་བསྡུར་བྱེད་མི་རུང་སྟེ ། ཐུ་མི་ཨ་ནུ་ཞེས་པའི་ལོ་རྒྱུས་ཀྱི་མི་སྣ་ཞིག་དངོས་སུ་བྱུང་བ་རྩོད་མེད་དང། དེས་ཡི་གེ་དང་བརྡ་སྤྲོད་ཀྱི་བསྟན་བཅོས་མཛད་ཚུལ་ཁུངས་ལྡན་ཡིག་ཚང་མང་པོར་འབྱུང་བ་མ་ཟད། རགས་པའི་དབང་དུ་བྱས་ན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་དུས་མཉམ་པའི་བོད་ཀྱི་མཁས་པ་རོང་ཟོམ་གྱི་གསུང་འབུམ་དཀར་ཆག་ཏུའང་། ཐུ་མིའི་རྟགས་འཇུག་ལ་འགྲེལ་པ་བརྩམས་ཚུལ་གསལ་ཞིང། དེ་རྗེས་ཀ་དམ་པ་བདེ་གཤེགས་ཀྱི་རྣམ་ཐར་དུའང་ཁོང་གིས་ཐུ་མིས་སུམ་རྟགས་ལ་སློབ་གཉེར་གནང་ཚུལ་གསལ་བ་སྔར་སྨོས་ཟིན་པ་ལྟར་རོ། དེས་ན་སུམ་རྟགས་རྩ་བ་ཤོང་སྟོ ན་རྡོ་རྗེ་རྒྱལ་མཚན་གྱིས་མཛད་ནས་ཐུ་མིས་བརྩམས་པར་བརྫུས་ཟེར་བར་ཁུངས་ལུང་ཅི་ཡང་མེད་པ་ཤེས་པར་གྱིས་ཤིག

སུམ་རྟགས་རྩ་བ་ཐུ་མིས་བརྩམས་པར་བརྫུས་ན། གྲུབ་མཐའ་རིས་མེད་ཀྱིས་ངོས་ལེན་བྱེད་པ་དང། ཆོས་རྗེ་ས་པཎ་ནམ་ཤོང་སྟོ ན་གྱིས་མཛད་ཅེ་ན་ཀླན་ཀ་འབྱུང་ཟེར་བའང་མི་འཐད་དེ། ཆོས་རྗེ་ས་པཎ་གྱི་རིག་གནས་ཕྱོགས་ཀྱི་གསུང་རྩོམ་ཁག་དང། ཤོང་ལོས་བསྒྱུར་པའི་སྙན་ངག་མེ་ལོང་དང་དཔག་བསམ་འཁྲི་ཤིང་སོགས་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་མཁས་པ་རིམ་བྱུང་གིས་ཚད་ལྡན་ཁུངས་དག་ཏུ་བརྩིས་ཏེ་སློབ་གཉེར་གྱི་གཞི་རྟེན་ཉག་གཅིག་ཏུ་བྱེད་པ་ཀུན་ཤེས་ཡོངས་གྲགས་ལྟར་རོ།

དཔྱད་གཞིའི་ཡིག་ཆ་ཁག

[1] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས། ཆབ་སྤེལ་རིག་གཞུང་བསམ་བློའི་ཞིབ་འཇུག་ཚོགས་ཆུང་གིས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་དང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གཉིས་མཉམ་འབྲེལ་གྱིས་བསྐྲུན།
[2] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས་༡༩༩། ཐིག་ཕྲེང་༦ པར་གསལ།
[3] བོད་ཀྱི་སྲིད་དོན་རྒྱལ་རབས། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་སྦྱར་བའོ། གླེགས་བམ་དང་པོ། ཤོག་ངོས་༢༩༠ ། ཐིག་ཕྲེང་༡༦ པར་གསལ་ཡོད། ཀ་བློན་སྦུག་ཞྭ་སྒབ་ཤག་ ༡༩༧༦
[4] སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་ལ་འཇུག་པའི་བཤད་སྦྱར་དཎྜིའི་དགོངས་རྒྱན། ལྕགས་པར། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ། མཚོ་སྔོ ན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༤༨༣། ཐིག་ཕྲེང་༨ པར་གསལ།
[5] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས་༡༩༩། ཐིག་ཕྲེང་༡༣ པར་གསལ།
[6] འཇུ་མི་ཕམ་བཀའ་འབུམ། སྨད་ཆ། པོད་ཙ་པ། ཀ་ཐོག་རྒྱུད་སྡེ་བཤད་སྒྲུབ་ནོར་བུའི་ལྷུན་པོས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང། ཤོག་ངོས་༨༦༨ ཐིག་ཕྲེང་༡༦པར་ཀློང་ཆེན་རབ་འབྱམས་པའི་གསུང་ཞུ་སྒྲིག་མཛད་ཚུལ་འཁོད་སྐབས་”དེ་ཡང་ལུང་ཁུངས་ནོར་བ་མང་པོ་འདུག་ཀྱང་ཀུན་མཁྱེན་ཆེན་པོ་འདི་མདོ་རྒྱུད་དགོངས་འགྲེལ་ཐམས་ཅད་ཐུགས་ལ་མངའ་བས་བསམ་ཡས་ལུང་མང་བ་ཞེས་ཡོངས་སུ་གྲགས་ལ། ཕྱིས་བསྟན་བཅོས་རྩོམ་ཚེ་དབེན་པར་དཔེ་ལྟ་ཀློ ག་མ་མཛད་པར་ཐུགས་ནས་བརྩམས་པར་གྲགས་པ་ལྟར་དོན་དུ་གནས་པས། ཁུངས་ནོར་དང་ལུང་གི་ཚིག་དོན་ཁྱད་མེད་ཀྱང་ཟུར་ཅུང་མི་འདྲ་བ་སྐབས་འགའ་ཞིག་བྱུང་བ་འདི་རིགས། ཕྱིས་སུ་ཡི་གེ་ཉམས་པའི་སྐྱོན་མ་ཡིན་ལ། དང་པོ་རྩོམ་གཞིའི་སྟེང་ན་ལྗགས་རྩོམ་འདི་ལྟར་མཛད་པ་ན། རྡོ་རྗེའི་གསུང་གི་ཟུར་མ་ཉམས་པར་བྱས་ན་བྱིན་རླབས་ཆེ་བས་སོར་བཞག་པ་ཡིན་ལ། འདི་འདྲའི་རིགས་ལ་དོན་གྱི་འགལ་བ་སྤུ་ཙམ་མེད་པར་མ་ཟད། བརྟགས་ཤེས་ན་ཡ་མཚན་པའི་ཡོན་ཏན་དུ་གནས་པས་ཕྱིས་ཀྱང་སུས་བཅོས་པར་མ་བྱས་ན་ལེགས། ” ཞེས་འབྱུང་བ་བཞིན་ནོ།
[7] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས་༡༩༩། ཐིག་ཕྲེང་༢༤ པར་གསལ།
[8] སི་ཏུའི་སུམ་རྟགས་འགྲེལ་ཆེན་ལྟར་ན། སུམ་ཅུ་པར་ཚིགས་བཅད་སོ་གཉིས་དང་རྐང་པ་གསུམ། རྟགས་འཇུག་ལ་ཚིགས་བཅད་སོ་གསུམ་དང་རྐང་པ་གཉིས་ཡོད། སྡེ་དགེའི་བསྟན་འགྱུར་ཤིང་པར་ཅོ་པར་གསལ་པའི་སུམ་རྟགས་རྩ་ཚིག་ལ་དེའི་ཐོག་མཆོད་བརྗོད་སོགས་ཚིག་རྐང་ལྔ་ལྷག་མར་ཡོད་པ་སློབ་དཔོན་གྱི་རང་གཞུང་ཡིན་མི་བརྟག་དགོས་ལ། ཡིན་དབང་དུ་བཏང་རུང་སུམ་རྟགས་གཉིས་ཀར་ཚིགས་བཅད་རེ་བདུན་དང་རྐང་པ་གཉིས་ལས་མེད།
[9] འདིའི་སྐོ ར་ཁོ་བོའི་དཔྱད་རྩོམ། སུམ་རྟགས་རྩ་གཞུང་གི་གཞི་རྩའི་ཁྱད་ཆོས་མདོ་ཙམ་བསྟན་པ་ཞེས་པའི་ནང་རྒྱས་གླེང་བྱས་ཡོད། དཔྱད་རྩོམ་དེ་ནི་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་དུ་བསྐྲུན་པའི་ཁོ་བོའི་དཔྱད་རྩོམ་དེབ། བོད་དང་བོད་ཀྱི་ཁྱད་ནོར་གླེང་བ་ཞེས་པའི་ཤོག་ངོས་༡༥་ནས་གསལ།
[10] ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། ལྕགས་པར། ཤོག་ངོས་༡༦། ཐིག་ཕྲེང་༡༨པར་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
[11] བོད་ཡིག་རྡོ་རིང་ཞིབ་འཇུག ཆབ་འགག་རྟ་མགྲི ན་གྱིས་བརྩམས། ལྕགས་པར། ཤོག་ངོས་༥༣་ནས་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
[12] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས་༢༠༠། ཐིག་ཕྲེང་༡༤་ཐོག་གསལ།
[13] ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༦༠། ཐིག་ཕྲེང་༢༦ ཐོག “བོད་ལ་སྔ་མ་ཡི་གེ་མྱེད་པ་ཡང། བཙན་པོ་འདིའྀ་ཚེ་བྱུང་ནས། ”ཞེས་གསལ།
[14] ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས། དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར། ལྕགས་པར། མཚོ་སྔོ ན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཐང་ཡིག་གསར་མར། “སྲི ་སྐྱོང་བ་ལ་ཡི་གེ་ནི་མེད། ཐག་ལ་མདུད་པ། ཤིང་ལ་རྟགས་བུ་བཏབ་སྟེ ་རྩིས་བྱེད། ” ཤོག་ངོས་༦། ཐིག་ཕྲེང་༡༧པར་གསལ། ཐང་ཡིག་རྙིང་མར། “ཡི་གེ་མེད་ཅིང། ཐག་ལ་མདུད་པ་དང་ཤིང་ལ་རྟགས་བུ་བཏབ་སྟེ ་རྩིས་བྱེད། “ཤོག་ངོས་༡༢༩། ཐིག་ཕྲེང་༡༢་བར་གསལ།
[15] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། དེབ་དང་པོ། ལྕགས་པར། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས་༢༤༧། ཐིག་ཕྲེང་༧་པར། “དེ་ཡང་ཡི་གེའི་གཟུགས་འདི་ལ་རང་བཞིན་གྱིས་བྱུང་བ་ཞིག་དང་། མཁས་པ་རྣམས་ཀྱིས་ཆེད་དུ་བྱས་པ་གཉིས་ལས། སྔ་མ་ནི་དབྱངས་གསལ་སོགས་ཕྱི་མི་ཉུང་ངུ་ཞིག་གི་ནང་དུ་བསྡུས་པ་མེད་ཅིང། བརྗོད་བྱ་ཀ་བུམ་སོགས་ཀྱི་དངོས་པོ་དང་རྗོད་བྱེད་ཀྱི་སྒྲ་རེ་རེ་བཞིན་ཡིག་འབྲུ་རེ་བཅོས་པ་ཡིན་ནོ། དེ་ལྟ་བུའི་ཡི་གེ་ཡང་འཛམ་གླིང་གི་ཡུལ་གྲུ་མང་པོར་དར་བའི་འགོ་བཙུགས་པར་མངོན་ཀྱང་རིམ་གྱིས་ནུབ་པ་ཡིན་ལ། དེ་དག་ལས་རྒྱུན་རིང་པོའི་བར་བྱུང་བ་ནི། ནུབ་ཕྱོགས་ཀྱི་ཨེ་རྗེབ་རྣམས་དང་། ཤར་གྱི་རྒྱ་ནག་གི་ཡི་གེ་ཡིན་ནོ། ཞེས་དང་། ཡང་ཤོག་ངོས་༢༤༩། ཐིག་ཕྲེང་༡༣པར། ཡི་གེ་ཕྱི་མོ་སྐད་ཀྱི་གདངས་ལ་མཁོ་བ་རྣམས་ཟུར་དུ་བསྡུས་ནས་ཡི་གེ་བྱས་པ་ནི་མཁས་པ་རྣམ་དཔྱོ ད་ཅན་གྱིས་མཛད་པ་ཡིན་ཏེ། ཡིག་རིགས་དྲུག་ཅུ་རྩ་བཞིར་བགྲང་བ་དེ་དག་ཡིན་ཅིང། དེ་ཐམས་ཅད་ཕལ་ཆེར་གྱི་དང་པོའི་ཕྱི་མོའམ་འབྱུང་ཁུངས་ནི་སྟོན་པའི་སྐུ་དུས་ཙ་ནས་བྱུང་བའི་རྒྱ་གར་དབུས་ཀྱི་ཡི་གེ་འདི་ཡིན་པར་མཐོང་ལ། འདི་ལ་དེང་སང་བྲམ་ཟེའི་ཡི་གེའམ་ཚངས་པའི་ཡི་གེར་འབོད་དོ། དེ་ལས་རིམ་གྱིས་ཡཝནའི་ཡི་གེ་བྱུང་ཞིང། དེ་ལས་རོ་མན་སོགས་ཀྱི་ཡི་གེ་འཕེལ་བའི་ཕྱི་གླིང་འཇར་མན། ཨུ་རུ་སུ་སོགས་ཐམས་ཅད་ཀྱི་ཡི་གེའི་ཕྱི་མོ་ཡང་བྲམ་ཟེའི་ཡི་གེ་འདི་ཡིན་ལ། གཟུགས་ཀྱང་ཤིན་ཏུ་འདྲ་བ་མཐོང་ངོ་།
[16] རྒྱལ་བའི་བཀའ་འགྱུར་ཡིད་བཞིན་ནོར་བུ་ལས་བཀའ་འགྱུར་དཀར་ཆག དེབ་བརྒྱ་དང་སོ་གཅིག་པ། དཔར་སྐྲུན་པ་དར་ཐང་སྤྲུལ་སྐུ། ཤོག་ངོས་༣༠༤ ། ཐིག་ཕྲེང་༡༦པར“དཔང་སྐོང་ཕྱག་བརྒྱ་པ་ཐུ་མི་སམ་བྷོ་ཊའི་འགྱུར། ”ཞེས་འབྱུང།
[17] བུ་སྟོན་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད། ལྕགས་པར། བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པ། ཤོག་ངོས་༡༨༢། ཐིག་ཕྲེང་༡༢ བར་གསལ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
[18] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས་༢༠༨། ཐིག་ཕྲེང། ༡༡ པར་གསལ།
[19] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས་༢༡༣། ཐིག་ཕྲེང་༢༢་པར་གསལ།
[20] གོང་མཚུངས། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས་༢༠༨། ཐིག་ཕྲེང། ༢༡ པར་གསལ།
[21] བོད་ཀྱི་བརྡའི་བསྟན་བཅོས་སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན། པྲ་ཏི་རིན་ཆེན་དོན་གྲུབ་གྲུབ། ལྕགས་པར། ཤོག་ངོས་༡༣། ཐིག་ཕྲེང་༢ པར་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང།
[22] གོང་མཚུངས་སི་ཏུའི་འགྲེལ་ཆེན། ཤོག་ངོས་༩༦ ཐིག་ཕྲེང་༡༢ པར་གསལ།
[23] གོང་མཚུངས་སི་ཏུའི་འགྲེལ་ཆེན། ཤོག་ངོས་༧༣ ཐིག་ཕྲེང་༥ པར་གསལ།
[24] གོང་མཚུངས་སི་ཏུའི་འགྲེལ་ཆེན། ཤོག་ངོས་༢༤༨ ཐིག་ཕྲེང་༥ པར་གསལ།
[25] སྨྲ་སྒོ་མཚོན་ཆ། ལྕགས་པར། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས། ༡༢་ཐིག་ཕྲེང་༡༡་པར་གསལ།
[26] སྨྲ་སྒོ་མཚོན་ཆ། ཤོག་ངོས། ༧༣། ཐིག་ཕྲེང་༣ པར་གསལ།
[27] གངས་ལྗོངས་བརྡ་དག་ཀུན་བཏུས། འབྲས་གཙང་བསྟན་འཛིན་ཐབས་མཁས་ཀྱིས་བསྒྲིགས། ལྕགས་པར། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་བྱས། དག་ཡིག་ཉེར་་མཁོ་བསྡུས་པ། ཤོག་ངོས ༩། ཐིག་ཕྲེང་ ༩ པར། “འདི་ནི་སྔོ ན་གྱི་སྒྲ་བསྒྱུར་རྣམས། ། སྦྱོར་ཚུལ་མཐུན་པའི་བརྡ་ལ་ནི། ། ཅུང་ཟད་ཕལ་ཆེར་མི་མཐུན་ནའང་། ། ཕལ་ཆེར་གསར་བཅད་དབང་དུ་བྱས། ། ” ཞེས་དང་། ཐིག་ཕྲེང་༡༣། “དག་ཡིག་ཉེར་མཁོ་བསྡུས་པ་ཞེས་བྱ་བ། ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཕྱོགས་གཅིག་ཏུ་སྡེབས་པའོ། “ཞེས་འབྱུང།
[28] གོང་མཚུངས། གངས་ལྗོངས་བརྡ་དག་ཀུན་བཏུས། ཤོག་ངོས་༤། ཐིག་ཕྲེང་༨ པར་གསལ།
[29] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས་༢༠༩། ཐིག་ཕྲེང། ༩ པར་གསལ།
[30] ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོ ས་ཀྱི་གསུང་འབུམ། གླེགས་བམ་བཞི་པ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༢༣༩ ། ཐིག་ཕྲེང་༥ པར་གསལ།
[31] གསེར་ཏོག་སུམ་རྟགས་ངོ་མཚར་འཕྲུལ་གྱི་ལྡེ་མིག གསེར་ཏོག་སྐུ་འཕྲེང་ལྔ་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་བརྩམས་པ། ལྕགས་པར། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༡༩༧། ཐིག་ཕྲེང་༣་པ་ནས་གསལ།
[32] བོད་ཀྱི་བརྡ་སྤྲོད་བློ་གསལ་རིག་པའི་གསང་མཛོད། བསོད་ནམས་རྒྱལ་མཚན་གྱིས་བརྩམས། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་འགྲེ མས་སྤེལ་བྱས། སེར་བྱེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་ཀྱིས་བྲིས་པའི་དེབ་དེའི་གླེང་བརྗོད་དུ་གསལ།
[33] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས་༢༡༡ ཐིག་ཕྲེང། ༡༢ པར་གསལ།
[34] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས་༢༡༢ ཐིག་ཕྲེང། ༧ པར་གསལ།
[35] དཔལ་ལྡན་ས་སྐྱ་པའི་གསུང་རབ། པོད་གཉིས་པ། སུམ་རྟགས་དང་དག་ཡིག མཁན་པོ་ཀུན་དགའ་བཟང་པོས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་༡༩༡། ས་པཎ་གྱིས་མཛད་པའི་སྡེབ་སྦྱོར་གྱི་བསྟན་བཅོས་བསྟོད་དབྱངས་ཀྱི་ཕྲེང་བ་ཞེས་པའི་ནང། “རྟག་ཏུ་གནས་པ་ནཱ་དའི་སྒྲ། ། ཀུན་འགྲོ འི་གསུང་དང་རབ་ལྡན་པས། ། འགྲོ་བ་སོ་སོའི་སྐད་རྣམས་སུ། ། དམ་ཆོས་གསུང་ལ་ཕྱག་འཚལ་ལོ། ། དེ་ཕྱིར་བོད་ལ་བོད་སྐད་དུ། ། གསུང་ཕྱིར་སམ་བྷོ་ཏྲ་(ཊ)་ལ་སོགས། ། འཇིག་རྟེན་མིག་རྣམས་བྱིན་བརླབས་ནས། ། བསྟན་པ་སྤེལ་ལ་ཕྱག་འཚལ་ལོ། ། ” ཞེས་འབྱུང། བརྩམས་ཆོས་འདི་ས་པཎ་གྱི་གསུང་འབུམ་ཕྱོགས་བསྒྲིགས་གཞན་གྱི་ནང་ད་ཕན་མེད་ཅིང་། དེབ་འདིའི་གཤམ་དུ་མ་ཡིག་གཅིག་ལས་མེད་ཚུལ་བཀོད་འདུག་པས་དཔྱད་དགོས་པར་སྣང། གལ་སྲི ད་འདི་ཉིད་ས་པཎ་གྱིས་བརྩམས་ཆོས་ཡིན་ངེས་ན། འདིའི་ནང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ནས་ལོ་ཙཱ་བ་སམ་བྷོ་ཊས་མཛད་ཚུལ་བཀོད་ཡོད།
[36] ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོ ས་ཀྱི་གསུང་འབུམ། གླེགས་བམ་བཞི་པ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༡༤༦ ། ཐིག་ཕྲེང་༡༤ ནས་རྒྱས་པར་བསྟན་ཡོད།
[37] གོང་མཚུངས་སི་ཏུའི་འགྲེལ་ཆེན། ཤོག་ངོས་༣༤་ཐིག་ཕྲེང་༢༠ པར་གསལ།
[38] བརྡ་སྤྲོད་གྲུབ་མཐའི་གླེང་བརྗོད་འཛམ་གླིང་རྒྱན་གཅིག། སློབ་དཔོན་འགོས་པདྨ་རྒྱལ་མཚན། ཤོག་ངོས་༦༦ ཐོག། སུམ་རྟགས་རྩ་བ་དང་པོ་སྐད་གང་གི་ཐོག་བརྩམས་པ་ཞེས་པའི་དཔྱད་རྩོམ་དུ་གསལ།
[39] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས་༢༡༤། ཐིག་ཕྲེང། ༡༠ པར་གསལ།
[40] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས་༢༡༥། ཐིག་ཕྲེང། ༢ པར་གསལ།
[41] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས་༢༡༥། ཐིག་ཕྲེང། ༡༨ པར་གསལ།
[42] བོད་ཡིག་རྡོ་རིང་ཞིབ་འཇུག ཆབ་འགག་རྟ་མགྲི ན་གྱིས་བརྩམས། ལྕགས་པར། ཤོག་ངོས་༩༨། ཐིག་ཕྲེང་༡༦་པར་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
[43] དཀར་ཆག་འཕང་ཐང་མ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༤༢། ཐིག་ཕྲེང་༢་པར་གསལ། དཀར་ཆག་འཕང་ཐང་མ་ནི་སྔོ ན་དུས་བཙན་པོའི་རྒྱལ་རབས་སྐབས་སུ། ཡར་ ལུངས་འཕང་ཐང་ཀ་མེད་ན་བཞུགས་པའི་བཀའ་བསྟན་མདོ་ཕྱོགས་གཙོ་ཆེ་བའི་དཀར་ཆག་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་བསྒྲིགས་པ་ཞིག་ཡིན།
[44] བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ཀུ། པོད་གྲངས་༧༩། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས་༥༩། ཐིག་ཕྲེང་༢་པ་ནས་གསལ།
[45] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ཡ། པོད་གྲངས་༦༩། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང། ཤོག་ངོས་༦༨། ཐིག་ཕྲེང་༥་ཐོག། “བླ་མ་ཕྱོགས་ཀྱི་སངས་རྒྱས་དགའ་བའི་དཔལ་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ། ”་ཞེས་དང་། ཤོག་ངོས་༧། ཐིག་ཕྲེང་༡༦་ཐོག། “བླ་མ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་དགའ་བས་བྱིན་ལ་ཕྱག་འཚལ་ལོ། ”ཞེས་འབྱུང་ངོ།
[46] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ཝུ། པོད་གྲངས་༨༨ ། ཤོག་ངོས་༡༠༡༡ ། ཐིག་ཕྲེང་༡༨ པར་གསལ།
[47] ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ། བོད་བཙན་པོའི་རྒྱལ་རབས། རྩོམ་སྒྲིག་པ། འབྲི་གུང་སྐྱབས་མགོན་ཆེ་ཚང་། ཤོག་ངོས་༥༡༧། ཐིག་ཕྲེང་༡༤ པར་གསལ།
[48] སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱིས་བརྩམས་པའི་བོད་ཀྱི་སྐད་ལས་གསར་རྙིང་གི་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང་། མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཤོག་ངོས་༢༤། ཐིག་ཕྲེང་༡༢ ཐོག། “སྐྱོགས་སྟོན་གྱིས་རེག་ཟིག་ཏུ་བཀོད་པའོ། ་” ཞེས་དང། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ། སློབ་ གསོའི་སྐོར་གྱི་དཔྱད་རྩོམ། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༣༡༤། ཐིག་ཕྲེང་༢༠ ཐོག། “དྲི་བ། བཀས་བཅད་དང་པོ་དང། གཉིས་པ། གསུམ་པ་བཅས་ཀྱི་སྐབས་སུ་མིང་དང་ཚིག་ལ་བསྒྱུར་བཅོས་གང་དང་གང་མཛད་པའི་བརྗེད་ཐོ་ཞིག་ཡོད་པ་དེའི་མིང་ལ་གང་ཟེར་བ་དང། མཛད་པ་སུ་ཡིན། ལན། བརྗེད་ཐོ་དེ་ལ་ཡོངས་གྲགས་སུ་དག་ཡིག་ལི་ཤིའི་གུར་ཁང་ཟེར་ཞིང། མཛད་པ་པོ་ནི་ཞྭ་ལུ་ལོ་ཆེན་གྱི་སློབ་མ་སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ཡིན། ” ཞེས་འབྱུང།
[49] དེབ་ཐེར་སྔོ ན་པོ། འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༧༠། ཐིག་ཕྲེང་༨ པར་གསལ།
[50] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས་༢༡༦། ཐིག་ཕྲེང། ༡༥ པར་གསལ།
[51] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས་༢༡༧། ཐིག་ཕྲེང། ༢༢ པར་གསལ།
[52] རོང་ཟོམ་ཆོས་བཟང་གི་གསུང་འབུམ། པོད་གཉིས་པ། ལྕགས་པར། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༢༣༨། ཐིག་ཕྲེང་༡༤་པར་གསལ།
[53] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས༢༡༧་། ཐིག་ཕྲེང། ༢༤ པར་གསལ།
[54] གོང་མཚུངས་སི་ཏུའི་འགྲེལ་ཆེན། ཤོག་ངོས་༣༤ ཐིག་ཕྲེང་༦ པར་གསལ།
[55] ས་སྐྱ་པའི་བཀའ་འབུམ། ༥ པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་བཀའ་འབུམ། ཐཱོ་ཡཱོ་སྦུང་ཁོ། ཐཱོ་ཁྱཱོ། ཤོག་ངོས་༤༢༩ བར། ས་པཎ་གྱིས་མཛད་པའི་བསྟན་བཅོས་མཁས་པའི་ཁ་རྒྱན་ཞེས་པའི་རྩོམ་པར་དམ་བཅའི་ཚིག་ཏུ། “གསར་བཅད་སྐད་ཀྱི་ནོར་བུ་རིན་ཆེན་ཚོགས། ། རྣམ་དག་བློ་ཡིས་བྱི་དོར་ལེགས་བྱས་ཤིང་། ། དྲི་མེད་ཚིག་གི་སྲད་བུར་ལེགས་བརྒྱུས་ཏེ། ། མཁས་རྣམས་ཁ་རྒྱན་མཛེས་པ་བདག་གིས་བྱ། ། ” ཞེས་དང། ཤོག་ངོས ༤༣༡། ཐིག་ཕྲེང་དྲུག་པར་མཛད་བྱང་དུ། “ཅེས་མཁས་པའི་ཁ་རྒྱན། ས་སྐྱ་པཎྜི་ཏས་སྐད་གསར་བཅད་དང་བརྗེས་སུ་མཐུན་པར། བརྡ་སྤྲོད་པའི་མཁས་པ་རྣམས་ལ་ཉེ་བར་མཁོ་བ་བཞིན་རྒྱན་དུ་བྱས་པའོ། “ ཞེས་འབྱུང་།
[56] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས༢༡༩་། ཐིག་ཕྲེང། ༣ པར་གསལ།
[57] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས༢༢༠་། ཐིག་ཕྲེང། ༦ པར་གསལ།
[58] གོང་མཚུངས་གསེར་ཏོག་སུམ་རྟགས། ཤོག་ངོས་༡༦༥། ཐིག་ཕྲེང་པ་ནས་གསལ།
[59] རྗེ་ལམ་རིམ་པའི་གསུམ་འབུམ། པོད་གསུམ་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་༥༡༡། ཐིག་ཕྲེང་༩ པར་གསལ།
[60] དེབ་ཐེར་དཀར་པོ། དགེ་འདུན་ཆོས་འཕེལ་གྱིས་མཛད། ལྕགས་པར། མི་རིགས་དཔེ་སྐྲུན་ཁང། ཤོག་ངོས༢། ཐིག་ཕྲེང་༡༧ པར་གསལ།
[61] གོང་མཚུངས་སི་ཏུའི་འགྲེ ལ་ཆེན། ཤོག་ངོས་༡༥ ཐིག་ཕྲེང་༡༨ པར་གསལ།
[62] རྒྱལ་བ་ཀཿཐོག་པའི་ལོ་རྒྱུས་མདོར་བསྡུས། འཇམ་དཔལ་རྒྱལ་མཚན་གྱིས་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༢༠ ། ཐིག་ཕྲེང༡༠ པར་གསལ། རྒྱལ་བ་ཀཿ་ཐོག་པ་ཆེན་པོ་བདེ་གཤེགས་ཤེས་རབ་སེང་གེ་ནི་ཕག་གྲུ་རྡོ་རྗེ་རྒྱལ་པོ་དང་སྤུན་ཡིན་ཞིང་། བོད་རབ་བྱུང་གཉིས་པའི་ཆུ་ཕོ་སྟག་ལ་འཁྲུངས་ཤིང་། རབ་བྱུང་གསུམ་པའི་ཆུ་བྱི་ལོར་སྐུ་གཤེགས་པ་ཡིན།
[63] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས༢༢༢། ཉིན་ངོས། ཐིག་ཕྲེང་༡པར་གསལ
[64] སྡེ་དགེའི་བསྟན་འགྱུར་དཀར་ཆག ཤིང་པར། བཙུན་པ་ཚུལ་ཁྲིམས་རིན་ཆེན། ཤོག་ངོས་༣༣༨ ། ཐིག་ཕྲེང་༤ པར་གསལ།
[65] རྒྱ་གར་ཆོས་འབྱུང། ཏཱ་ར་ནཱ་ཐས་བརྩམས། ལྕགས་པར། ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༡༧༢་གཤམ་ནས་གསལ།
[66] གོང་མཚུངས། སྡེ་དགེའི་བསྟན་འགྱུར་དཀར་ཆག ཤོག་ངོས་༤༦༣། སྲི བ་ངོས། ཐིག་ཕྲེང་༣ པར་གསལ།
[67] དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཐོས་པའི་ཡི་གེ་དོན་གཉེར་གདེང་ཅན་རོལ་པའི་ཆུ་གཏེར། ཚུལ་ཁྲིམས་རིན་ཆེན། ཤོག་ངོས་༣༦། ཉིན་ངོས། ཐིག་ཕྲེང་༥པར་གསལ།
[68] བོད་ཀྱི་རིག་གནས་ལྔའི་རྣམ་གཞག མི་རིགས་དཔེ་སྐྲུན་ཁང་། བཙུན་པ་ཚུལ་ཁྲིམས་རིན་ཆེན། ཤོག་ངོས་ ༣༥། ཐིག་ཕྲེང་༡༠ པར་གསལ།
[69] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས ༢༢༢ ཐིག་ཕྲེང། ༡༧ པར་གསལ།
[70] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས། སྟོད་ཆ། ཤོག་ངོས༢༢༣། ཐིག་ཕྲེང། ༢༥ པར་གསལ།