དུས་ཆེན་ཡོད་ཚད་ལ་མཐོང་ཆེན་མི་འོས། འཛམ་གླིང་གི་དུས་ཆེན་ཡོད་ཚད་ལ་ང་ཚོས་མཐོང་ཆེན་བྱེད་མི་དགོས། འོན་ཀྱང་སྟོན་པའི་འཁྲུངས་སྐར་ལ་རོལ་ན་ཨེ་ཆོག རྨ་མདུད་གྲོལ། སྤྱིར་མི་རིགས་སོ་སོའི་རིག་གནས་དང་དུས་ཆེན་ལ་རྩི་བཀུར་དང་མཐོང་ཆེན་བྱེད་འོས་ལ་ཁོ་བོས་ཀྱང་བྱེད་ངེས་ཡིན། འོན་ཀྱང་མི་རིགས་གང་ཞིག་ཡིན་ཡང་རང་རང་གི་སྲོལ་རྒྱུན་གྱི་དུས་ཆེན་དང་། ཆོས་ལུགས་སམ་རིག་གནས་དང་། ཡང་ན་ལོ་རྒྱུས་དང་འབྲེལ་བའི་དུས་ཆེན་རེ་ཡོད་སྲིད། མི་རིགས་འགའ་གི་རྒྱལ་ཁའི་དུས་ཆེན་དེ་མི་རིགས་གང་རུང་ཞིག་གི་ཕམ་ཁའི་ཉིན་མོ་དངོས་ལ་ཁེལ་ཡོད་སྲིད། རྒྱལ་ཁབ་ཁ་ཅིག་གིས་ངེས་པར་རོལ་དགོས་རྒྱུའི་དུས་ཆེན་དེ་རྒྱལ་ཁབ་གང་རུང་ཞིག་གིས་རོལ་མི་རུང་བའི་དུས་ཆེན་ཞིག་ཡིན་སྲིད། དེ་བཞིན་དུ་ཆོས་ལུགས་དང་རིག་གནས་ལ་ཡང་དེ་མཚུངས་ཀྱི་དགག་སྒྲུབ་གང་རུང་གི་ངོ་བོར་གྱུར་བའི་དུས་ཆེན་རེ་ཡོད་པ་ནི་སྨྲོས་མེད་རེད། དེའི་ན་འཛམ་གླིང་གི་དུས་ཆེན་ཡོད་ཚད་ལ་ང་ཚོས་རོལ་དགོས་པའི་ངེས་པ་མེད་པར་མ་ཟད།རོལ་མི་རུང་བའི་རིགས་ཀྱང་ཡོད་ངེས་པས་ཉམས་འཇོག་དགོས།

ང་ཚོའི་མི་རིགས་ཀྱིས་ད་ལྟ་རི་བོང་ཅལ་འདྲོག་གི་སྣང་ཚུལ་ཞིག་བཟུང་ཡོད་མེད་རང་རང་གིས་མཛུབ་མོ་ནང་དུ་ཀེར་ཏེ་དཔྱད་པ་གཏོང་རན་འདུག རང་རེའི་བོད་མི་གང་མང་ཞིག་གིས་གཞན་གྱི་དྲྭ་ལམ་ནས་དུས་ཆེན་གྱི་ལེགས་སྐྱེས་ཤིག་མཐོང་ཚེ་བརྟག་དཔྱད་མེད་པར་ཐད་ཀར་བརྒྱུད་སྐུར་བྱེད་བཞིན་པའི་རྣམ་པ་དང་། ལྷག་ཏུ་གཞན་གྱི་རྒྱལ་ཚུགས་དུས་ཆེན་དང་། ཡེ་ཤུའི་འཁྲུངས་སྐར་སོགས་ལ་ཐོན་ཚེ་རྟེན་འབྲེལ་གྱི་ལག་སྐྱེས་ཕུལ་དང་འབུལ་བཞིན་པ་ལ་ང་རང་ལ་མཚོན་ན་རྒྱུན་པར་སུན་སྣང་ཅིག་ཡོད་འདུག

ངས་ཁྱེད་རྣམས་ལ་འདྲི། ཁྱེད་རང་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ངོས་ནས་སྟོན་པའི་འཁྲུངས་སྐར་ལ་ལན་གཅིག་རོལ་ཨེ་མྱོང་། ཁྱོད་རང་གྲྭ་བ་ཞིག་ཡིན་ན་ཆོག གྲོང་པ་ཞིག་ཡིན་ཡང་རུང་། སློབ་མ་དང་རོང་འབྲོག་གང་ཞིག་ཡིན་ཡང་རང་ཉིད་“ནང་པ་སངས་རྒྱས་པ་”ཞིག་ཡིན་པ་དང་ནང་ཆོས་ནི་ཁྱིམ་བརྒྱུད་ཀྱི་ཆོས་ལུགས་གཉིས་ཀ་ཡིན་པའི་ངོས་ནས་སྟོན་པའི་འཁྲུངས་སྐར་ལ་རོལ་ན་ཤིན་ཏུ་འོས་ཤིང་འཚམ་ན་རང་ཅག་གིས་དེ་སྔོན་སྟོན་པ་བཀའ་དྲིན་ཅན་གྱི་འཁྲུངས་སྐར་ལ་ཇི་ལྟར་རོལ་ཡོད་དམ། སྔར་སྟོན་པའི་འཁྲུངས་སྐར་རོལ་མ་ཐུབ་པའམ་རོལ་རྒྱུ་བརྗེད་སོང་བའི་སྟོང་ཆ་ཞིག་ཡོད་ན། ད་ནས་བཟུང་ང་ཚོས་བསམ་པ་གཅིག་མཐུན་གྱིས་མགོ་རྩོམ་ན་ཅི་འདྲ་རེད། འཛམ་གླིང་གི་ཆོས་ལུགས་གཞན་པ་ཚོར་ལྟད་མོ་ཞིག་ལྟོས་དང་། ཡེ་ཤུའི་ཆོས་ལུགས་པ་རྣམས་ཀྱིས་ཡེ་ཤུའི་འཁྲུངས་སྐར་ལ་ཐོན་དུས་རྒྱ་ནག་དང་བོད་ཡུལ་སོགས་ས་གང་ཞིག་ཏུ་ཡོད་ཀྱང་། ཡེ་ཤུའི་ཆོས་ལུགས་པ་རང་གཅིག་པུ་ལས་མེད་ཀྱང་། ཉེ་ཁོར་གྱི་གྲོགས་པོ་དག་ལ་ང་ཚོའི་སྟོན་པའི་འཁྲུངས་སྐར་ལ་ཐོན་འདུག་པས་ང་ལ་ཡེ་ཤུའི་འཁྲུངས་སྐར་རོལ་རོགས་ཟེར་ཏེ་བོས་ནས་ཡེ་ཤུའི་བསྟོད་པ་སོགས་ཚིགས་བཅད་འགའི་ཡི་གེ་སྦྱིན་ནས་ཉེ་ཁོར་གྱི་མི་རྣམས་ཀྱི་སེམས་ལ་བག་ཆགས་བཞག་ཅི་ཐུབ་བྱེད་པ་རེད། ཁ་ཆེའི་ཆོས་ལུགས་པ་རྣམས་ཀྱིས་ཀྱང་སྨྱུང་གནས་ཀྱི་དུས་ཆེན་ལ་ཐོན་དུས་སློབ་མ་དང་ལས་དཀའ་བ་གང་ཞིག་ཡིན་ཡང་ཉིན་མོ་ཟས་མི་ཟ་བའི་ཆོད་སེམས་བརྟན་པོ་ཡོད་པ་དེ་ནི་ངོ་མ་སྨོན་ཡུལ་ཞིག་གོ། །

ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་མཚོན་ན་དུང་ཞེན་ཙམ་མ་ཡིན་པར་ལྟ་སྤྱོད་ཀྱི་ཆ་ནས་ཆོས་ལུགས་གཞན་ལས་འབུར་དུ་ཐོན་པ་ཞིག་ཡིན་པར་མངོན་གསལ་ཡིན་ཡང་། རྗེས་འཇུག་རྣམས་ཀྱི་བྱེད་ཐབས་ལ་གཞིགས་ན་ད་བར་དུ་འཁྲུངས་སྐར་ཚད་ལྡན་ཞིག་རོལ་མ་མྱོང་བ་ལྟ་བུའོ།།

རིགས་མཐུན་རྣམ་པ་ལགས། ང་ཚོའི་གྲྭ་གྲོང་དང་སློབ་མ་ཡོད་ཚད་པོས་སྟོན་པ་བཀའ་དྲིན་ཅན་གྱི་སྐར་ལ་རོལ་རྒྱུར་དམ་བཅའ་བྱེད་ན་ག་འདྲ་རེད། འཁྲུངས་སྐར་ལ་རོལ་སྟངས་ང་ཚོས་གྲོས་མོལ་བྱས་ན་ག་འདྲ་རེད།

རྨ་མདུད་གྲོལ་གྱིས།