(གསལ་བཤད། དཔྱད་རྩོམ་འདི་ཕྱི་ལོ་༢༠༡༤ ལོར་བྲིས་ཏེ། བོད་ཀྱི་དཔེ་མཛོད་ཁང་གི་ལོ་དེའི་གཏམ་ཚོགས་དུས་དེབ་ཐོག་བཀོད་ཟིན། ལོ་རྒྱུས་སློབ་སྦྱོང་དང་ཞིབ་འཇུག་ལ་ཐུགས་སྣང་ཅན་གྱི་རང་རིགས་འགའི་རེ་འདུན་ལྟར་འདིར་ཆ་ཚང་བསྐྱར་དུ་བཀོད་ཡོད། དཔྱད་རྩོམ་འདི་ནི་བོད་ཀྱི་ལོ་རྒྱུས་རིག་པའི་སྐོར་ལ་ཉམས་ཞིབ་བྱས་ཏེ་བྲིས་པའི་ཕྲན་གྱི་རྩོམ་ཡིག་ཁག་ལས་གཅིག་ཡིན། སྤྲོ་ཚིགས་ཆོས་གྲགས་ཀྱིས། ༢༠༡༥།༢།༨ཉིན།)

 

 

འགོ་བརྗོད།

དེ་ཡང་བོད་མི་རིགས་ནི་ལོ་རྒྱུས་རིག་པར་མཐོང་ཆེན་བྱེད་པའི་མི་རིགས་ཤིག་རེད། བོད་ཀྱི་ཁྱིམ་མཚེས་རྒྱ་དཀར་ནག་གིས་དེ་སྔ་ལོ་རྒྱུས་ཡིག་འཁོད་བྱས་ཚུལ་དང་བསྡུར་ན། རྒྱ་ནག་ནང་བཞིན་རྒྱལ་རབས་རིམ་བྱུང་གི་སྲིད་ལུགས་ལོ་རྒྱུས་ཞིབ་ཚགས་ཀྱིས་ཐོ་འགོད་བྱས་ཐུབ་མེད་ཀྱང་། རིག་གནས་ལོ་རྒྱུས་སྐོར་བཀོད་པའི་ཡིག་འཇོག་ཧ་ཅང་མང་ཞིང་། རྒྱ་གར་དང་བསྡུར་ཚེ་རྒྱལ་རབས་རིམ་པའི་སྲིད་ལུགས་ལོ་རྒྱུས་ཀྱང་གང་འཚམ་ཡིག་འཁོད་ཐུབ་ཡོད་པ་རེད[1]

བོད་ཀྱི་ལོ་རྒྱུས་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་ལ་དུས་རིམ་གསུམ་དུ་དབྱེ་ཆོག་སྟེ། སྲོང་བཙན་སྒམ་པོའི་ (569-650) སྐུ་རིང་ལོ་རྒྱུས་ཡིག་ཐོག་ལ་བཀོད་པ་ནས།[2] ཇོ་བོ་རྗེ་ཨ་ཏི་ཤས་ (982-1054) བཀའ་ཆེམས་ཀ་ཁོལ་མ་གཏེར་ནས་བཏོན་པའི་བར་གནའ་རབས་ཀྱི་དུས་རིམ་དང་། ཇོ་བོ་རྗེས་བཀའ་ཆེམས་ཀ་ཁོལ་མ་གཏེར་བཏོན་བྱས་པ་ནས། དགེ་འདུན་ཆོས་འཕེལ་ (1903-1951) གྱིས་དེབ་ཐེར་དཀར་པོ་མ་བརྩམས་བར་ཉེ་རབས་ཀྱི་དུས་རིམ། དགེ་འདུན་ཆོས་འཕེལ་གྱིས་དེབ་ཐེར་དཀར་པོ་བརྩམས་པ་ནས་ད་ལྟའི་བར་དེང་རབས་ཀྱི་དུས་རིམ་བཅས་སོ། ། དེ་ལྟར་དབྱེ་བའང་གཙོ་བོ་ལོ་རྒྱུས་ཇི་ལྟར་སྨྲ་བའི་ལྟ་བའི་སྒོ་ནས་བརྗོད་པ་སྟེ། སྲོང་བཙན་ནས་ཇོ་བོ་རྗེའི་བར་གྱི་ལོ་རྒྱུས་ཡིག་ཚང་དཔྱད་བཟོད་འཕེར་བ་ཁག་ནི་ལོ་རྒྱུས་ཀྱི་དོན་དངོས་བདེན་པ་བདེན་ཐུབ་ཀྱིས་འགོད་ཐབས་གཙོར་འདོན་བྱས་ཡོད། དེའི་དཔེ་མཚོན་ནི་ཏུན་ཧོང་ཡིག་རྙིང་དུ་གསལ་བའི་བཙན་པོ་རིམ་བྱོན་གྱི་ལོ་རྒྱུས་ལྟ་བུ་རེད། དུས་རིམ་དེའི་ལོ་རྒྱུས་རིག་པར་རྒྱ་ནག་གི་ལོ་རྒྱུས་ཡིག་ཚང་བཅའ་སྲོལ་གྱི་ཤུགས་རྐྱེན་ཐེབས་ཡོད་ཅིང་། སྔར་གྱི་ངག་རྒྱུན་ལོ་རྒྱུས་དང་སྲིད་ལུགས་གཙོ་བོར་བརྗོད་ཡོད། ཇོ་བོ་རྗེས་བཀའ་ཆེམས་ཀ་ཁོལ་མ་གཏེར་ནས་བཏོན་པ་ནས་དགེ་འདུན་ཆོས་འཕེལ་བར་གྱི་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ནང་། སངས་རྒྱས་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་དག་སྣང་གི་བཤད་ཚུལ་དང་། ཐ་ན་རྟོག་བཟོའི་ལྷ་སྒྲུང་ཚུན་མཉམ་བསྲེ་བྱས་ཡོད། དུས་རིམ་དེའི་ལོ་རྒྱུས་རིག་པར་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཤུགས་ཧ་ཅང་སྟུག་ཅིང་། ལོ་རྒྱུས་རིག་པ་ཆོས་ལུགས་ཀྱི་ཆེད་དུ་བེད་སྤྱོད་བྱས་ཡོད། དེའི་དཔེ་མཚོན་ནི། ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས་པའི་རྒྱལ་རབས་གསལ་བའི་མེ་ལོང་[3]ལྟ་བུ་རེད། དགེ་འདུན་ཆོས་འཕེལ་གྱིས་དེབ་ཐེར་དཀར་པོ་དང་། དེ་བཞིན་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་སོགས་བརྩམས་ཏེ། ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་དག་སྣང་གི་བཤད་ཚུལ་དང་། རྟོག་བཟོའི་ལྷ་སྒྲུང་སོགས་ལོ་རྒྱུས་རིག་པའི་ཁྱབ་ཁོངས་ལས་ཕྱིར་ཕུད་ཅིང། ལོ་རྒྱུས་ཞེས་པ་ནི་སྐབས་ཐོག་དེ་དང་དེའི་མི་རྣམས་ཀྱི་ཐུན་མོང་སྤྱོད་ཡུལ་དུ་གྱུར་པ་ཞིག་དགོས་པའི་ལྟ་བ་ནན་བརྗོད་བྱས་ཡོད། དུས་རིམ་འདིའི་ལོ་རྒྱུས་རིག་པར་ནུབ་ཕྱོགས་ཀྱི་ལོ་རྒྱུས་རིག་པའི་ལྟ་ཚུལ་ཁག་དང་། ལྷག་པར་དུ་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་ཚུལ་གྱི་ཤན་ཤུགས་ཆེ་ཞིང། ཆོས་ལུགས་ཀྱི་བཤད་ཚུལ་དང་ལོ་རྒྱུས་དངོས་གཉིས་རྐྱ་བཀར་ཡོད། དེའི་དཔེ་མཚོན་ནི། དུང་དཀར་བློ་བཟང་འཕྲིན་ལས་ (1927-1999) ཀྱིས་བརྩམས་པའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྐོར་བཤད་པ་ཞེས་པའི་ཆེད་རྩོམ་ལྟ་བུའོ། །

བོད་ཀྱི་ལོ་རྒྱུས་རིག་པའི་དུས་རིམ་མ་འདྲ་ཁག་གསུམ་དེའི་ནང་། ལོ་རྒྱུས་ཐོ་འགོད་བྱས་པའི་ཡིག་ཚང་འབོར་ཆེན་ཞིག་བྱུང་ཡོད་ནའང་། ད་ཕན་ལོ་རྒྱུས་ཤེས་བྱར་སློབ་སྦྱོང་དང་། ཞིབ་འཇུག རྩོམ་འབྲི་ཇི་ལྟར་བྱེེད་ཚུལ་གྱི་རིགས་པའི་གཞུང་ལུགས་ཤིག་ཐོན་ཐུབ་མེད་པ་རེད། ཕྲན་གྱིས་དེ་ལྟར་བརྗོད་དོན་ཡང་། བོད་རང་ལ་ལོ་རྒྱུས་རིག་པའི་གཞུང་ལུགས་ཆ་ཚང་ཞིག་ད་ཕན་ཡིག་འཁོད་བྱས་པ་མི་འདུག་ཅེས་བརྗོད་པ་ལས། དུས་རབས་རིམ་བྱུང་གི་ལོ་རྒྱུས་སྨྲ་བ་ཚོར་ལོ་རྒྱུས་ཞིབ་འཇུག་དང་རྩོམ་འབྲིའི་ལག་ལེན་ཁྲོད་ལོ་རྒྱུས་རིག་པའི་རྣམ་གཞག་གམ་གཞུང་ལུགས་ཀྱི་མ་ལག་ཅིག་གྲུབ་ཡོད་པ་སྨོས་ཅི་དགོས། དཔེར་ན། བོད་ཀྱི་ལོ་རྒྱུས་ཀྱི་ཡིག་ཚང་གྲགས་ཅན་རླངས་ཀྱི་པོ་ཏི་བསེ་རུ་ཞེས་པའི་ནང་ལོ་རྒྱུས་ཀྱི་གལ་ཆེའི་རང་བཞིན་བསྟན་ཡོད་ལ། [4] དེ་བཞིན་དུ་ལྡེའུ་ཆོས་འབྱུང་དུ་ལུང་དྲངས་པའི་བོད་ཀྱི་གནའ་བོའི་ལོ་རྒྱུས་ཅན་ལྔ་ཞེས་པའི་ནང་སྔར་བཙན་པོ་རྣམས་ཀྱི་ལོ་རྒྱུས་འབྲི་སྐབས་ཚད་གཞི་དགུའི་སྒོ་ནས་འབྲི་དགོས་ཚུལ་གཏན་འབེབས་གནང་ཡོད་པ་ལྟ་བུ་རེད། [5]

དེ་ལྟར་བོད་ཀྱི་ལོ་རྒྱུས་རིག་པའི་བྱུང་འཕེལ་ཁྲོད། ལག་ལེན་དངོས་ཀྱི་ནང་ལོ་རྒྱུས་ཇི་ལྟར་སློབ་ཞིབ་དང་རྩོམ་འབྲི་བྱ་བའི་གཞུང་ལུགས་ཀྱི་མ་ལག་ཅིག་གྲུབ་ཡོད་ནའང་། དེ་དག་ཁ་འཐོར་དང་གོ་རིམ་མེད་པའི་ངང་གདོད་མའི་རྒྱུ་ཆའི་རྣམ་པར་ཡོད་པ་ཙམ་ལས། བསྟན་བཅོས་ལུགས་སུ་ཕྱོགས་བསྡོམས་བྱས་པའི་ཡིག་འཁོད་གཞུང་ལུགས་ཆ་ཚང་ཞིག་ད་ཕན་བྱུང་མེད། དེས་ན་ཁོ་བོ་ལྟ་བུ་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དམན་ཞིང་། ལྷག་པར་དུ་ལོ་རྒྱུས་ཤེས་བྱའི་སྐོར་ལ་ལྟ་རྒྱ་ཐོས་རྒྱ་ཆུང་བ་ཞིག་གིས་བོད་ཀྱི་ལོ་རྒྱུས་རིག་པའི་རྨང་གཞིའི་ཤེས་བྱ་ལེགས་པོ་ཞིག་འཆད་རྒྱུ་རྔོ་མི་ཐོགས་མོད། འདས་པའི་ལོ་ཤས་རིང་བོད་ཀྱི་ལོ་རྒྱུས་སྐོར་ལ་དོ་སྣང་ཕྲན་བུ་བྱས་པའི་ཉམས་མྱོང་གཞིར་བཟུང་ཐོག ཕྱི་གླིང་བའི་སྐད་ཡིག་ཐོག་བཀོད་པའི་ལོ་རྒྱུས་རིག་པ་དང་འབྲེལ་བའི་རྩོམ་ཡིག་ཁག་ཅིག་གི་ལེགས་ཆའང་བསྡུས་ཏེ། རང་རིགས་གསར་སློབ་ཚོར་ཅུང་ཟད་ཕན་རེས་དཔྱད་རྩོམ་འདི་བྲིས་པ་ཡིན།

ས་བཅད་དང་པོ། ལོ་རྒྱུས་ཞིབ་འཇུག་གི་དཔྱད་གཞིའི་རྒྱུ་ཆའི་སྐོར།

ལོ་རྒྱུས་ཞེས་པ་ནི་དཔྱད་གཞིའི་རྒྱུ་ཆར་ཁུངས་བཅོལ་ཏེ་བདེན་པ་བདེན་ཐུབ་ཀྱིས་འཆད་དགོས་པའི་རིག་གནས་ཤིག་ཡིན། དཔྱད་གཞིའི་རྒྱུ་ཆ་མེད་ཕྱིན་ཁུངས་ལྡན་གྱི་ལོ་རྒྱུས་གཞིར་མ་གྲུབ་ཅིང་། ལོ་རྒྱུས་སྨྲ་བ་ཚོས་འབྲེལ་ཡོད་དཔྱད་གཞིའི་རྒྱུ་ཆ་ཁག་འཚོལ་བསྡུ་བྱས་ཏེ། དེ་ལ་བརྟེན་ནས་འདས་པའི་གནས་ཚུལ་ཤེེས་རྟོགས་ཡོང་ཐབས་དང་འགྲེལ་བརྗོད་བྱེད་བཞིན་ཡོད། ལོ་རྒྱུས་དང་སྒྱུ་རྩལ་རྩོམ་རིག་གཉིས་མི་འདྲ་སྟེ། སྒྱུ་རྩོམ་འབྲི་བར་སྤྱི་ཚོགས་འཚོ་བའི་ཉམས་མྱོང་གི་རྒྱུ་ཆ་ངེས་ཅན་དགོས་ནའང་། རྩོམ་པ་པོས་རྒྱུ་ཆ་དེར་རང་གི་སྒྱུ་རྩལ་བློས་བསླངས་ལྟར་གང་འདོད་ཀྱིས་རྟོག་བཟོ་བྱེད་ཆོག་པ་ཡིན། འོན་ཀྱང་ལོ་རྒྱུས་ནི་དེ་དང་མི་འདྲ་བར་དཔྱད་གཞིའི་རྒྱུ་ཆར་ཞིབ་འཇུག་བྱས་ཏེ་ཐོབ་པའི་ངོས་ཟིན་ཙམ་ཇི་བཞིན་དུ་བརྗོད་རྒྱུ་ལས། ལོ་རྒྱུས་སྨྲ་བ་ཚོས་རང་འདོད་ཀྱིས་རྟོག་བཟོ་བྱ་མི་རིགས་སོ། དེས་ན་དཔྱད་གཞིའི་རྒྱུ་ཆ་ནི་ལོ་རྒྱུས་ཞིབ་འཇུག་གི་གཞི་རྩའི་ཆ་རྐྱེན་གཙོ་བོ་དེ་རེད།

ལོ་རྒྱུས་ཞིབ་འཇུག་གི་དཔྱད་གཞིའི་རྒྱུ་ཆའི་ཐད། དེང་དུས་ཀྱི་ལོ་རྒྱུས་རིག་པའི་གཞུང་ལུགས་རྣམས་སུ་དཔྱད་གཞིའི་རྒྱུ་ཆ་གཙོ་བོའམ་རིམ་པ་དང་པོ་དང་། དཔྱད་གཞིའི་རྒྱུ་ཆ་ཕལ་བའམ་རིམ་པ་གཉིས་པ་ཞེས་རིགས་དབྱེ་བཞིན་ཡོད། དེ་ལས་དཔྱད་གཞིའི་རྒྱུ་ཆ་གཙོ་བོ་ཞེས་པ་ནི། ཞིབ་འཇུག་བྱ་ཡུལ་དུ་གྱུར་པའི་མི་སྣའམ་དོན་རྐྱེན་དེའི་སྐོར་སྐབས་ཐོག་དེར་བྱུང་བའི་མཐོང་ཐོས་མྱོང་གསུམ་གྱི་ཁུངས་དང་དཔང་རྟགས་ངོ་མ་དག་ལ་ཟེར། དཔྱད་གཞིའི་རྒྱུ་ཆ་ཕལ་བ་ནི། ཞིབ་འཇུག་བྱ་ཡུལ་དུ་གྱུར་པའི་མི་སྣ་སོགས་ཀྱི་སྐོར་བརྒྱུད་ནས་ཐོབ་པའམ། རྒྱུ་ཆ་གཙོ་བོར་བརྟེན་ནས་བྱུང་བའི་ཕྱིས་ཀྱི་དཔྱད་གཞིའི་རིགས་ལ་ཟེར། ད་ཕན་བོད་ཡིག་ཐོག་དབྱེ་བ་འདི་རིགས་བཀར་བ་མ་མཐོང་བས། འདིར་དཔེ་མཚོན་རེ་ཟུང་ལམ་ནས་གསལ་ཙམ་བརྗོད་ན། དེ་ཡང་དཔེར་ན་རྗེ་ཙོང་ཁ་པའི་(1357-1419) སྐུ་ཚེའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་ལྟ་བུར་མཚོན་ན། ཁོང་གི་དངོས་སློབ་མཁས་གྲུབ་དགེ་ལེགས་དཔལ་བཟང་(1385-1438)གིས་རང་གི་མཐོང་ཐོས་མྱོང་གསུམ་གཞིར་བཞག་གིས་བྲིས་པའི་རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས་ལྟ་བུ་ནི་དཔྱད་གཞིའི་རྒྱུ་ཆ་གཙོ་བོར་གཏོགས་ཤིང་། ཕྱིས་སུ་མཁས་གྲུབ་རྗེས་མཛད་པའི་རྣམ་ཐར་དེར་གཞི་བཅོལ་ཏེ་འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི་རྗེ་ཙོང་ཁ་པའི་རྣམ་ཐར་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ་ལྟ་བུ་ནི་དཔྱད་གཞིའི་རྒྱུ་ཆ་ཕལ་བར་གཏོགས་པ་ཡིན། དེ་བཞིན་དུ་རྒྱལ་དབང་ལྔ་པའི་(1617-1682)སྐུ་ཚེའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ན། ཁོང་རང་ཉིད་ཀྱིས་བྲིས་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་ལྟ་བུ་ནི་དཔྱད་གཞིའི་རྒྱུ་ཆ་གཙོ་བོར་གཏོགས་ཤིང་། ཕྱིས་སུ་རྒྱལ་དབང་ལྔ་པའི་རང་རྣམ་ལ་བརྟེན་ནས་གཞན་གྱིས་བྲིས་པའི་རྒྱལ་དབང་ལྔ་པའི་སྐོར་གྱི་ཡིག་ཆ་ཁག་ནི་དཔྱད་གཞི་ཕལ་བར་གཏོགས་པས་མཚོན་ནོ། ། སྐབས་འདིའི་དཔྱད་གཞི་གཙོ་ཕལ་ཞེས་པ་ནི་དངོས་དང་བརྒྱུད་ནས་ཐོབ་པའི་ཁྱད་པར་རམ། ཡང་ན་ལོ་རྒྱུས་ཀྱི་དུས་སྐབས་དེ་དང་དེའི་ཤུལ་བཞག་དཔྱད་གཞིའི་རིགས་ལ་གཙོ་བོ་དང་། དུས་ཚོད་གང་འཚམ་འདས་རྗེས་བྱུང་བའི་ལོ་རྒྱུས་ཀྱི་གནས་ཚུལ་དེ་དང་འབྲེལ་ཡོད་རྒྱུ་ཆ་ཁག་ལ་ཕལ་བ་ཞེས་བརྗོད་པ་ཡིན། ལོ་རྒྱུས་ཞིབ་འཇུག་སྐབས་སུ་དཔྱད་གཞིའི་རྒྱུ་ཆ་གཙོ་བོ་དེ་རྩ་ཆེ་ཤོས་དང་གཞི་འཛིན་སའི་ཁུངས་གཙོ་བོར་བྱེད་པ་ཡིན། འོན་ཀྱང་ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆ་ཡིན་ན་ངེས་པར་དུ་ཡིག་རིགས་སམ། དེབ་ཐེར་འབའ་ཞིག་ཡིན་མི་དགོས། འདིར་གཙོ་ཕལ་མེད་པར་སྤྱི་ལྡོག་ནས་ལོ་རྒྱུས་ཞིབ་འཇུག་གི་དཔྱད་གཞིའི་རྒྱུ་ཆའི་རིགས་སམ་དབྱེ་བ་གཙོ་བོ་ཁག་ངོ་སྤྲོད་བསྡུས་ཙམ་བྱེད་ན།

དང་པོ། ཡིག་རིགས།

དཔྱད་གཞིའི་ཡིག་རིགས་ཁོངས་སུ་དཔར་དུ་བསྐྲུན་ཟིན་པའི་ལོ་རྒྱུས་ཀྱི་དཔེ་དེབ་དང་། ད་སྔ་དཔར་དུ་མ་བསྐྲུན་པའི་ལོ་རྒྱུས་ཀྱི་དཔེ་ཆ་ལག་བྲིས་མ། དེ་བཞིན་གཞུང་ཕྱོགས་ཀྱི་ཡིག་ཚགས་དང་། ཚོགས་པ་དང་སྒེར་གྱི་ལོ་རྒྱུས་ཞིབ་འཇུག་གི་དཔྱད་གཞིར་རུང་བའི་ཡིག་ཆའི་རིགས་མཐའ་དག་འདུ་བ་ཡིན།

དཔར་སྐྲུན་ཟིན་པའི་ཡིག་རིགས་ལ་མཚོན་ན། ལོ་རྒྱུས་ཀྱི་དཔེ་དེབ་ཁག་དང་། དེ་བཞིན་དུས་དེབ། ཚགས་པར། གཞུང་འབྲེལ་ཡིག་ཆ། གཞུང་འབྲེལ་མ་ཡིནཔའི་སྙན་ཐོ། རྩོམ་རིག་བརྩམས་ཆོས། ས་ཁྲ། ཁྱབ་བསྒྲགས་ཡི་གེ། ཁྲིམས་ཡིག ཁྲིམས་ཁང་གི་བཅད་ཁྲ་སོགས་རྣམ་གྲངས་ཧ་ཅང་། དེ་ལས་བོད་ཡིག་ཐོག་ཡོད་པའི་ལོ་རྒྱུས་སྐོར་གྱི་དཔེ་ཆ་གཅིག་པུར་མཚོན་ནའང་འཛམ་གླིང་ནང་གྲངས་འབོར་མང་ཤོས་ཀྱི་གྲས་ཡིན་ཏེ། ཁམས་སྤྲུལ་བསོད་ནམས་དོན་གྲུབ་ཀྱིས་བསྡུ་སྒྲིག་མཛད་པའི་བོད་ཀྱི་ལོ་རྒྱུས་དཔེ་ཐོ་ཞེས་པའི་ནང་འབྲེལ་ཡོད་དཔེ་ཆ་གྲངས་ཆིག་སྟོང་ཉིས་བརྒྱ་བཅུ་གསུམ་གྱི་མཚན་བྱང་བཀོད་ཡོད་པས་མཚོན་ནོ། །[6] ལོ་རྒྱུས་དང་འབྲེལ་བའི་དཔེ་ཆ་དེ་དག་ཀྱང་རིགས་དང་ཐ་སྙད་མི་འདྲ་མང་པོ་ཡོད་པ་ནི་དེབ་ཐེར་དང་། ཆོས་འབྱུང་། བཀའ་ཐང་། རུས་མཛོད། གདུང་རབས། གདན་རབས།  ཡིག་ཚང་། དཀར་ཆག རྣམ་ཐར། རྟོགས་བརྗོད། བསྟན་རྩིས། བཀའ་གཙིགས་ཀྱི་ཡི་གེ་སོགས་མང་ངོ་། བོད་ཀྱི་གནའ་དེང་གི་ལོ་རྒྱུས་སྨྲ་བ་ཚོས་དཔྱད་གཞིའི་རྒྱུ་ཆ་དེ་དག་མཐོང་ཆེན་བེད་སྤྱོད་གནང་ཡོད་དེ། དཔེར་ན། བྲག་དགོན་པ་བསྟན་པ་རབ་རྒྱས་(1801-?)ཀྱིས་མདོ་སྨད་ཆོས་འབྱུང་རྩོམ་འབྲི་གནང་སྐབས་ལོ་རྒྱུས་དང་འབྲེལ་བའི་དཔེ་ཆ་ཁག་དྲུག་བརྒྱ་ལྷག་ལ་ཟུར་ལྟའི་དཔྱད་གཞི་མཛད་ཡོད་པ་དང་།[7] བཙན་བྱོལ་ཁྲོད་ཀྱི་ལོ་རྒྱུས་སྨྲ་བ་མཁས་ཅན་ཇོ་སྲས་བཀྲ་ཤིས་ཚེ་རིང་གིས་གླིང་ཚང་གི་རྒྱལ་རབས་སྐོར་དཔྱད་རྩོམ་ཐུང་ངུ་ཞིག་རྩོམ་འབྲི་གནང་སྐབས་དཔྱད་གཞིའི་ཁུངས་བདུན་ཅུ་ལྷག་ལ་བརྟེན་ཡོད་པ་ལྟ་བུ་རེད།[8] འདི་ནི་རང་རིགས་གཞོན་སྐྱེས་ལོ་རྒྱུས་ཞིབ་འཇུག་པ་ཚོས་ཅིས་ཀྱང་སློབ་སྦྱོང་བྱ་འོས་པའི་མིག་ལྟོས་བཟང་པོ་ཞིག་རེད།

དེ་བཞིན་དུ་དཔར་སྐྲུན་བྱས་མེད་པའི་ཡིག་རིགས་ཀྱི་དཔྱད་གཞིར་མཚོན་ནའང་། ཡིག་ཚགས་ཁག་དང་། སྒེར་གྱི་འཕྲིན་ཡིག ཉིན་ཐོ། ཁ་ཆེམས་ཡི་གེ། ཐོ་དེབ་སོགས་ལོ་རྒྱུས་ཞིབ་འཇུག་ལ་ཕན་ཐོགས་པའི་དཔྱད་ཡིག་མཐའ་དག་སྟེ། དེ་ལས་ཡིག་ཚགས་ལྟ་བུར་མཚོན་ན། དེ་སྔ་བོད་ཀྱི་རྒྱལ་རབས་རིམ་པའི་སྐབས་སུ་ཉར་ཚགས་བྱས་པའི་ཁྲལ་བསྡུ་ཁྲིམས་གནོན་དང་བཀའ་རྒྱ་བཏང་བ་སོགས་ཀྱི་ཡིག་ཆ་ཁག་དང་། དེ་བཞིན་དགོན་སྡེའམ་བླ་བྲང་ཆེ་ཁག་དང་། དེ་བཞིན་སྒེར་པ་མི་དྲག་གི་ཁྱིམ་ཚང་སོགས་ཀྱིས་སྤྱི་ཚོགས་ཐོག་ཆོས་དང་སྲིད་ཀྱི་ལས་དོན་བྱས་རིགས་ཐོ་འགོད་བྱས་པའི་ཉར་ཚགས་ཡིག་ཆའི་རིགས་ལ་ཟེར་ཞིང་། དེ་དག་ནི་ལོ་རྒྱུས་ཞིབ་འཇུག་ལ་ཉེ་བར་མཁོ་བའི་དཔྱད་གཞི་རིན་ཐང་བྲལ་བ་ཡིན། དེང་སྐབས་འཛམ་གླིང་གི་ཚན་རིག་ཞིབ་འཇུག་གི་ལས་དོན་དང་། ལྷག་པར་དུ་སྤྱི་ཚོགས་ལོ་རྒྱུས་ཞིབ་འཇུག་གི་རྣམ་པ་འཕེལ་རྒྱས་འགྲོ་བ་དང་བསྟུན། ཡིག་ཚགས་ཀྱི་དཔྱད་གཞིའི་རིན་ཐང་ཆེ་རུ་ཇེ་མཐོར་སོང་སྟེ། ལོ་རྒྱུས་ཞིབ་འཇུག་པ་ཚོས་ལོ་རྒྱུས་ཡིག་ཚགས་ཁག་ནི་ལོ་རྒྱུས་ཞིབ་འཇུག་གི་རྨང་གཞིའི་རྒྱུ་ཆ་གལ་ཆེར་བརྩི་བཞིན་ཡོད། བོད་ཀྱི་ལོ་རྒྱུས་སྨྲ་བ་གྲགས་ཅན་ཚོས་ཀྱང་རང་གི་བྲིས་པའི་ལོ་རྒྱུས་ཀྱི་ཆེད་རྩོམ་ནང་ལོ་རྒྱུས་ཡིག་ཚགས་བེད་སྤྱོད་གང་ལེགས་གནང་ཡོད་དེ། དཔེར་ན། ལོ་རྒྱུས་སྨྲ་བའི་མཁས་དབང་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་(1907 –1989)གྱིས་མཛད་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ནང་། དགའ་ལྡན་ཕོ་བྲང་སྲིད་གཞུང་གིས་ཉར་ཚགས་བྱས་པའི་གཞུང་འབྲེལ་ཡིག་ཚགས་རྩ་ཆེན་ཁག་དཔྱད་གཞིར་བཟུང་ཡོད་པ་ལྟ་བུ་རེད[9]། དེས་ན་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་སྐབས་ངེས་པར་དུ་ལོ་རྒྱུས་ཡིག་ཚགས་ཀྱི་དཔྱད་གཞིའི་རིན་ཐང་ལ་མཐོང་ཆེན་བྱེད་དགོས།

གཉིས་པ། ངག་རྒྱུན།

ངག་རྒྱུན་ཞེས་པ་ནི་ལོ་རྒྱུས་ཀྱི་མི་སྣ་དང་དོན་རྐྱེན་སོགས་ཀྱི་གནས་ཚུལ་ཡིག་ཐོག་ལ་མ་བཀོད་པར་ངག་ཐོག་ནས་གནས་པ་ལ་ཟེར་ཞིང་། རྒྱལ་ཁབ་དང་། མི་སྒེར། ཡང་ན་ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ཞིག་གི་སྐོར་སོགས་མི་རྣམས་ཀྱི་ངག་ཐོག་ཏུ་མི་རབས་ནས་མི་རབས་བརྒྱུད་སྤེལ་བྱས་པའི་ལོ་རྒྱུས་གཏམ་རྒྱུད་དག་ལ་ངག་རྒྱུན་ལོ་རྒྱུས་ཟེར། ནུབ་ཕྱོགས་ཀྱི་དེང་དུས་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཚོས་ངག་རྒྱུན་ལོ་རྒྱུས་རྩད་གཅོད་དང་སྒྲ་འཇུག་སོགས་བྱས་ཏེ་དཔྱད་གཞིའི་རྒྱུ་ཆ་གལ་ཆེར་བརྩི་བར་མ་ཟད། བོད་ལ་མཚོན་ན་སྔར་ནས་བཟུང་ངག་རྒྱུན་ལོ་རྒྱུས་ཁུངས་ཐུབ་ཁག་བསྡུ་སྒྲིག་དང་ཡིག་ཐོག་ལ་འགོད་པའི་སྲོལ་རྒྱུན་ཡོད་དེ། བོད་ཀྱི་མི་རྣམས་སྤྲེའུ་དང་བྲག་སྲིན་མོའམ་སྤྲ་མོ་ལས་ཆད་ཚུལ་གྱི་གནའ་བོའི་ངག་རྒྱུན་ཤོད་སྲོལ་ཕྱིས་སུ་རྒྱལ་རབས་གསལ་བའི་མེ་ལོང་སོགས་སུ་བསྡུས་ཡོད་པ་དང་། དེ་བཞིན་སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་ཆད་ཁུངས་སྐོར་གྱི་ངག་རྒྱུན་ཤོད་སྲོལ་ཁག་ཕྱིས་སུ་ལྡེའུ་ཆོས་འབྱུང་སོགས་སུ་བསྡུས་ཡོད་པ་དང་།[10] གྲི་གམ་བཙན་པོར་མཚན་བཏགས་པ་དང་ཐུགས་ལ་གདོན་གསོལ་ཚུལ་སོགས་ཀྱི་ངག་རྒྱུན་ཤོད་སྲོལ་ཏུན་ཧོང་ཡིག་རྙིང་ནང་དུའང་བཀོད་ཡོད།[11] ད་ལྟའི་སྐབས་སུའང་བོད་མི་ཚོས་ངག་རྒྱུན་ལོ་རྒྱུས་རྩད་གཅོད་དང་། དེ་ལོ་རྒྱུས་ཞིབ་འཇུག་གི་དཔྱད་གཞིར་སྤྱོད་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་དེ། དཔེར་ན། ངྷ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གིས་ད་ཕན་ཡིག་ཐོག་ཏུ་མེད་པའི་ངག་རྒྱུན་ལོ་རྒྱུས་དང་ཤེས་རིག་སྲུང་ཉར་ཆེད་ཕྱི་ལོ་ ༡༩༧༦ ནས་ངག་རྒྱུན་ལོ་རྒྱུས་སྡེ་ཚན་ཟུར་བཙུགས་བྱས་ཏེ། ལོ་རྒྱུས་དང་འབྲེལ་ཡོད་ཀྱི་ངག་རྒྱུན་འབོར་ཆེན་སྒྲ་འཇུག་ཉར་ཚགས་བྱས་ཡོད་ཅིང་། དེ་དག་ལས་ད་ཕན་དེབ་གཟུགས་སུ་དཔར་སྐྲུན་བྱས་པའང་གྲངས་ ༣༤ ཡོད་པ་རེད།[12] དེ་བཞིན་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཚོས་ད་ཕན་མང་ཚོགས་ཀྱི་ངག་རྒྱུན་ལ་ཡོད་པ་གང་ཞིག ཆོས་སྲིད་བཀག་རྒྱ་སྣ་ཚོགས་རྐྱེན་པས་ད་ཕན་མར་མུར་སབ་སིབ་ཙམ་ལས་གླེང་མ་ཐུབ་པའི་ངག་རྒྱུན་ལོ་རྒྱུས་ཁག་ཀྱང་རྩད་གཅོད་དང་རིགས་པས་བརྡར་ཤ་བཅད་ཡོད་དེ། དཔེར་ན། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་སྐུ་ཞབས་ཆབ་འགག་རྡོ་རྗེ་ཚེ་རིང་ལགས་ཀྱིས་རང་གི་དཔྱད་རྩོམ་ནང་། རྒྱ་བཟའ་ཀོང་ཇོ་(སྔ་མ་)བོད་དུ་བཙུན་མོར་ཡོང་སྐབས་ཁམས་ཕྱོགས་ཀྱི་ལམ་བར་དུ་ནལ་བུ་ཞིག་སྐྱེས་ཚུལ་སྐོར་གྱི་ངག་རྒྱུན་སྐོར་རྩད་གཅོད་དང་རིགས་པས་དཔྱད་ཡོད་པ་ལྟ་བུ་རེད།[13] དེས་ན་ངག་རྒྱུན་ལོ་རྒྱུས་ནི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཚོས་སྣང་ཆེན་བྱེད་དགོས་སའི་དཔྱད་གཞིའི་རྒྱུ་ཆའི་རྣམ་གྲངས་ཤིག་རེད།

གསུམ་པ། སྒྱུ་རྩལ་རིག་དངོས།

སྒྱུ་རྩལ་རིག་དངོས་ཞེས་པ་ནི། རི་མོ་དང་འབུར་རྐོས་སོགས་ཀྱི་སྒྱུ་རྩལ་ཤུལ་བཞག་ཁག་ལ་ཟེར་བ་ཡིན། ལོ་རྒྱུས་ཀྱི་དུས་སྐབས་མ་འདྲ་བར་བཞེངས་པའི་སྒྱུ་རྩལ་རིག་དངོས་ཁག་ནི་འགྲོ་བ་མིའི་རིགས་ཀྱི་ཕུལ་དུ་བྱུང་བའི་རིག་གནས་ཀྱི་ཐོན་རྫས་ཡིན་པར་མ་ཟད། ལོ་རྒྱུས་ཀྱི་དུས་སྐབས་མ་འདྲ་བའི་མི་རྣམས་ཀྱི་བསམ་བློ་དང་། ཆས་གོས། ཆ་ལུགས་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱ་བའི་དཔྱད་གཞིའི་རྒྱུ་ཆར་ཡང་རུང་བ་ཡིན། དེའི་རྒྱུ་མཚན་ནི་སྒྱུ་རྩལ་གྱི་བརྩམས་ཆོས་གང་ཞིག་ཡིན་ནའང་དེའི་རྒྱུ་ཆའི་འབྱུང་ཁུངས་དངོས་ཡོད་འཚོ་བ་ལ་ཐུག་པས་ཡིན། དཔེར་ན་དེ་སྔ་ཁྲི་སྲོང་ལྡེ་བཙན་(742-804)རིང་བསམ་ཡས་གཙུག་ལག་ཁང་བཞེངས་སྐབས་མཛེས་མ་ལྕོག་རོ་བཟའི་གཟུགས་ལ་དཔེར་བྱས་ཏེ་སྒྲོལ་མའི་སྐུ་བཞེངས་པའི་ལོ་རྒྱུས་འབྱུང་བ་ལྟར་རོ།[14] དེང་སང་ནུབ་ཕྱོགས་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཚོས་སྒྱུ་རྩལ་རིག་དངོས་ཁག་ལོ་རྒྱུས་ལ་དཔྱོད་པའི་དཔྱད་གཞི་གལ་ཆེར་འཛིན་ཞིང་། བོད་ལའང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་སྒྱུ་རྩལ་རིག་དངོས་ཁག་ལོ་རྒྱུས་ཞིབ་འཇུག་གི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་དུ་འཛིན་རིགས་ཚུལ་མཛུབ་སྟོན་གནང་ཡོད།[15] དེས་ན་སྔར་གྱི་རིས་བྲིས་རྙིང་བ་དང་ལྷ་སྐུ་རྙིང་བ་སོགས་ལ་ཞིབ་འཇུག་བྱས་ནའང་འབྲེལ་ཡོད་གནས་ཚུལ་འགའ་རེ་ཤེེས་རྟོགས་ཐུབ་པ་ཡིན་ནོ།

བཞི་པ། གནའ་བོའི་ཤུལ་རྫས།

གནའ་བོའི་ཤུལ་རྫས་ནི་ལོ་རྒྱུས་གོང་གི་ཤུལ་ལུས་འགྱུར་རྡོའམ། གནའ་བོའི་མི་རྣམས་ཀྱི་ཤུལ་ལུས་དངོས་པོ་དཔེར་ན་ཐོད་རུས་དང་མཁར་ཤུལ་སོགས་ལ་ཟེར། དེ་དག་ནི་འགྲོ་བ་མིའི་རིགས་ཀྱི་གདོད་མའི་ལོ་རྒྱུས་ལ་དཔྱོད་པའི་གཞི་འཛིན་ས་ཉག་ཅིག་ཡིན་ཞིང་། ཡིག་སྲོལ་མ་དར་གོང་གི་གནའ་བོའི་ལོ་རྒྱུས་ནི་གནའ་བོའི་ཤུལ་རྫས་ལ་བརྟེན་ནས་རྟོགས་ཐབས་བྱ་རྒྱུ་ལས་ཐབས་གཞན་མེད་པས། འཛམ་གླིང་གི་ས་ཁུལ་སོ་སོ་ནས་ཐོན་པའི་གནའ་ཤུལ་དེ་དག་ནི་གནའ་བོའི་ལོ་རྒྱུས་དཔྱོད་པའི་མེ་ལོང་ལྟ་བུར་གྱུར་ཡོད། བོད་ལ་མཚོན་ནའང་། དེང་སྐབས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་གནའ་ཤུལ་ལ་ཚན་རིག་གིས་བརྟག་དཔྱད་བྱས་པའི་གྲུབ་དོན་ཁག་ལ་མཐོང་ཆེན་བྱས་ཏེ་རང་གི་ཆེད་རྩོམ་ནང་དྲངས་ཡོད་དེ། དཔེར་ན། ལོ་རྒྱུས་མཁས་ཅན་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་(1922-2013)ཀྱིས་བོད་ཀྱི་ས་ཁམས་ཆགས་ཚུལ་སྐོར་གླེང་སྐབས་ཚན་རིག་པ་ཚོས་བོད་ཀྱི་ས་ཁམས་དང་འགྱུར་རྡོར་བརྟག་དཔྱད་བྱས་པའི་གྲུབ་དོན་ལུང་འདྲེན་གནང་ཡོད་པ་དང།[16] དེ་བཞིན་གུ་གེ་ཚེ་རིང་རྒྱལ་པོའི་ལོ་རྒྱུས་ཞིབ་འཇུག་གི་ཆེད་རྩོམ་ནང་བོད་ས་ནས་རྙེད་པའི་རྡོ་ཆས་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་ལུང་འདྲེན་བྱས་ཡོད་ཅིང་།[17] ཤེས་རབ་བཟང་པོ་ལགས་ཀྱིས་ཀྱང་བོད་ཀྱི་གནའ་བོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་གནའ་དཔྱད་རིག་པ་དང་ཟུང་འབྲེལ་བྱས་ཏེ་ཕན་ཚུན་གཞོགས་འདེགས་ཡོང་ཐབས་བྱེད་དགོས་ཚུལ་ཆེད་རྩོམ་མཛད་ཡོད་པ་ལྟ་བུ་རེད། [18] དེས་ན་བོད་ཀྱི་གནའ་བོའི་ལོ་རྒྱུས་སྤྱི་དང་། ལྷག་པར་དུ་ལོ་རྒྱུས་འགོ་མ་ཚུགས་པའི་གདོད་མའི་གནས་ཚུལ་ལ་དཔྱོད་སྐབས་གནའ་བོའི་ཤུལ་རྫས་བསྔོག་འདོན་བརྟག་དཔྱད་ལ་མཐོང་ཆེན་བྱས་ཏེ། དེའི་ཞིབ་འཇུག་གི་གྲུབ་དོན་གསར་པས་བོད་ཀྱི་གནའ་བོའི་ལོ་རྒྱུས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་འབད་དགོས་སོ། །

དེ་ལྟར་ལོ་རྒྱུས་ཞིབ་འཇུག་ལ་དཔྱད་གཞི་གལ་ཆེ་བ་དང་། དཔྱད་གཞིའི་རྒྱུ་ཆའི་རྣམ་གྲངས་གཙོ་ཁག་ངོ་སྤྲོད་མདོར་བསྡུས་བྱས་རྗེས། འདིར་དཔྱད་གཞིའི་རྒྱུ་ཆ་གང་ཞིག་ཡིན་ཡང་དེའི་བཤད་ཚུལ་ལ་ལུང་རིགས་ཀྱིས་དཔྱད་པ་ཞིབ་མོ་བྱེད་དགོས་པ་དང་། དཔྱད་གཞིའི་རྒྱུ་ཆ་བེད་སྤྱོད་གཏོང་སྐབས་ཚན་རིག་དང་མཐུན་པའི་སྤྱོད་ཚུལ་འཛིན་དགོས་ཚུལ་ཅུང་ཟད་སྨྲ་ན། དེ་ཡང་སྔར་གྱི་ལོ་རྒྱུས་ཡིག་ཚང་ཁག་གི་བཤད་ཚུལ་ལ་ཤ་གཟུག་ཟ་རྐྱང་གིས་བདེན་ཁ་མི་སྦྱིན་པར་དཔྱད་པ་ཞིབ་མོ་བྱེད་དགོས་པའི་རྒྱུ་མཚན་ནི། སྔར་གྱི་མིས་བྲིས་པའི་ལོ་རྒྱུས་ཡིག་ཆའི་ནང་བཀོད་ཚད་ཚང་མས་སྐབས་དེའི་ལོ་རྒྱུས་ཀྱི་དོན་དངོས་མཚོན་ཐུབ་པའི་ཁྱབ་པ་མེད་ཅིང་། ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཆབ་སྲིད་ཀྱི་བཀག་རྒྱའི་རྐྱེན་པས་ལོ་རྒྱུས་ཡིག་ཚང་ཁག་ནང་ལོ་རྒྱུས་དངོས་དང་མི་མཐུན་པའི་བཤད་ཚུལ་འཁྱོག་པོ་མང་དུ་མཆིས་པས་སོ། ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཐང་ཡིག་སྡེ་ལྔར་གདེང་འཇོག་གནང་སྐབས། དེ་སྔའི་ལོ་རྒྱུས་རྣམས་ལ་ཕྱིས་སུ་བསྲེ་ལྷད་ཞུགས་ཏེ་མགོ་ནས་མཇུག་བར་རྫུན་ཚིག་གཅིག་ཀྱང་མ་འདྲེས་པ་ཞིག་རྙེད་དཀའ་ [19] ཞེས་གསུངས་པ་ནི་ཉམས་མྱོང་གི་སྡོམ་ཚིག་ཡང་དག་པ་ཞིག་རེད།

བོད་ལ་རིག་གནས་དང་ལོ་རྒྱུས་ཀྱི་བཤད་ཚུལ་གང་ཞིག་ཡིན་ཡང་དོན་དངོས་དང་མཐུན་མིན་དཔྱད་པ་བྱེད་སྲོལ་སྔར་ནས་ཡོད་ཅིང་། མཐའ་དྲུག་ཚུལ་བཞི་དང་། རྟོན་པ་བཞི། དཔྱད་པ་གསུམ་སོགས་ཀྱི་སྒོ་ནས་སངས་རྒྱས་ཀྱི་གསུང་རབ་དང་། དགོངས་འགྲེལ་གྱི་བསྟན་བཅོས་ཁག་གི་ནང་དོན་གཏན་ལ་ཕབ་པས། བོད་ཀྱི་སངས་རྒྱས་ཆོས་ལུགས་ལ་རིགས་པའི་ཆོས་ལུགས་སུ་བསྙད་ཀྱི་ཡོད། དེ་བཞིན་དུ་ཆོས་ལུགས་རིག་གནས་ཙམ་མ་ཟད་ལོ་རྒྱུས་ཀྱི་ངོས་ཐད་ནས་ཀྱང་བསྟན་བཅོས་ཁག་ལ་དཔྱད་པ་བྱས་ཡོད་དེ། བོད་སྔ་རབས་ཀྱི་དབུ་མའི་བསྟན་བཅོས་མཛད་མཁན་ཚོས་ག་ལས་འཇིགས་མེད་སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རྩ་ཤེའི་རང་འགྲེལ་ཡིན་ཚུལ་གསུངས་ཤིང་། ཕྱིས་སུ་སྡེ་དགེའི་བསྟན་འགྱུར་གྱི་དཀར་ཆག་ཏུའང་རང་འགྲེལ་ཡིན་ཚུལ་བཀོད་ཡོད་ནའང་། རྗེ་ཙོང་ཁ་པས་ག་ལས་འཇིགས་མེད་ཀྱི་གཞུང་དངོས་ལ་བརྟག་དཔྱད་གནང་མཐར་དེ་ནི་སློབ་དཔོན་གྱི་རང་འགྲེལ་མིན་ཚུལ་དགག་སྒྲུབ་གནང་ཡོད་པ་ལྟ་བུ་རེད།[20] འདིས་མཚོན་བོད་ཀྱི་སྔ་རབས་ཀྱི་མཁས་པ་ཚོས་རིག་གནས་དང་ལོ་རྒྱུས་ཀྱི་གཞུང་རྣམས་ཀྱི་བཤད་ཚུལ་དང་། དེ་དག་གི་རྩོམ་པ་པོ་སུ་ཡིན་སོགས་ཀྱི་ཐད་དཔྱད་པ་ཞིབ་མོར་གནང་ཡོད་པར་མ་ཟད། དེང་རབས་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་ཀྱང་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ཁག་ལ་བརྟག་དཔྱད་ཞིབ་མོར་གནང་ཡོད་དེ། དཔེར་ན། དགེ་འདུན་ཆོས་འཕེལ་གྱིས་ཐང་ཡིག་སྡེ་ལྔའི་སྐོར་མ་ཕྱི་བྱིངས་གནའ་དུས་སུ་བྲིས་ཀྱང་ཕྱིས་སུ་གཞན་གྱིས་བསྲེ་ལྷད་བཅུག་ཡོད་ཚུལ་དཔྱད་ཞིབ་གནང་ཡོད་ཚུལ་གོང་སྨོས་ལྟར་དང་། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་དེ་སྔ་ཡོངས་གྲགས་སུ་བཀའ་ཆེམས་ཀ་ཁོོལ་མ་དེ་སྲོང་བཙན་གྱིས་མཛད་པ་ཡིན་ཚུལ་ཟེར་བའི་ཐད་དཔྱད་བརྗོད་བྱས་ཡོད་ཅིང་།[21] དོར་ཞི་གདོང་དྲུག་སྙེམས་བློས་བོད་ཀྱི་ལོ་རྒྱུས་ཡིག་ཚང་གྲགས་ཅན་སྦ་བཞེད་དེ་ཉིད་སྦ་གསལ་སྣང་གིས་མཛད་པ་མིན་ཚུལ་གསུངས་ཡོད།[22] ལྷག་པར་དུ་སྐུ་ཞབས་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་གཉའ་ཁྲི་བཙན་པོ་ནི་བོད་རང་གི་མི་ཞིག་ཡིན་ཞེས་པའི་དཔྱད་རྩོམ་བྲིས་ཏེ། དེའི་ནང་སྤུ་རྒྱལ་གདུང་རབས་ཀྱི་རྩ་བའི་འབྱུང་ཁུངས་སྐོར་ལ་བཤད་ལུགས་མ་འདྲ་བ་གང་ཡོད་ལ་ཞིབ་འཇུག་བྱས་མཐར། གཉའ་ཁྲི་བཙན་པོ་ནི་སྤུ་བོའི་ཡུལ་ནས་བོད་ཀྱི་རྗེར་གཤེགས་པའི་བཤད་ཚུལ་དེ་ཁོ་ན་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་ཚུལ་ལུང་རིགས་ལམ་ནས་དགག་གཞག་བྱས་ཡོད་པ་རེད། དེ་ནི་ལོ་རྒྱུས་ཀྱི་བཤད་ཚུལ་མ་འདྲ་བ་ཁག་ཤ་གཟུག་ཟ་རྐྱང་མི་བྱེད་པར་རྟོག་ཞིབ་དང་དཔྱད་བརྗོད་ཇི་ལྟར་བྱེད་ཚུལ་གྱི་དཔེ་མཚོན་ཧ་ཅང་ལེགས་པོ་ཞིག་ཏུ་མཐོང་།

འོ་ན་དཔྱད་གཞིའི་ཡིག་ཆར་རྟོག་ཞིབ་བྱེད་ཚུལ་ཇི་ལྟར་ཡིན་ཞེ་ན། ཚད་གཞི་བརྒྱད་ཀྱི་སྒོ་ནས་བརྟག་དཔྱད་བྱས་ན་ད་གཟོད་དཔྱད་གཞིའི་ཡིག་རིགས་དེ་ཉིད་ཚད་འཛིན་འཕེར་མིན་བརྡར་ཤ་གཅོད་ཐུབ། ཚད་གཞི་བརྒྱད་ནི། དཔྱད་གཞིའི་ཡིག་ཆ་དེ་སུས་བརྩམས་པ་ཡིན། ཅིའི་ཕྱིར་བརྩམས་པ་ཡིན། ལོ་རྒྱུས་ཀྱི་མི་སྣའམ་དོན་རྐྱེན་དེ་དང་རྩོམ་མཁན་བར་འབྲེལ་བ་ཅི་ཡོད། རྩོམ་མཁན་དེ་ཡིད་ཆེས་འཕེར་བའི་ཞིབ་འཇུག་པ་ཞིག་ཡིན་མིན། རྩོམ་མཁན་དེས་ལངས་ཕྱོགས་ངེས་ཅན་ཞིག་གཞིར་བཟུང་ནས་བྲིས་པ་ཡིན་མིན། རྩོམ་མཁན་དེས་ཡིག་ཆ་དེའི་ནང་ཅི་ཞིག་བཤད་ཡོད་མེད་། རྩོམ་མཁན་དེས་རང་གི་དམ་བཅས་པའི་བསྒྲུབ་བྱ་སྒྲུབ་པར་སྒྲུབ་བྱེད་ཀྱི་ལུང་རིགས་དཔང་རྟགས་ཅི་ཙམ་བཀོད་ཡོད་མེད། རྩོམ་མཁན་དེ་དོན་དངོས་ཀྱི་དཔང་རྟགས་ལ་གཡོལ་ཐབས་བྱས་ཡོད་མེད་བཅས་ཡིན།

དཔྱད་གཞིའི་རྒྱུ་ཆ་བེད་སྤྱོད་གཏོང་སྐབས་ཚན་རིག་དང་མཐུན་པའི་སྤྱོད་ཚུལ་འཛིན་དགོས་ཞེས་པ་ནི། དཔྱད་གཞིའི་རྒྱུ་ཆར་ཞིབ་འཇུག་འཐུས་ཚང་བྱེད་པ་དང་། རང་འདོད་ཕྱོགས་ལྷུང་གིས་མ་བསླད་པར་དཔྱད་གཞི་རང་ངོས་ཀྱི་བདེན་དོན་གཙིགས་འཛིན་དང་བེད་སྤྱོད་ཇི་བཞིན་གཏོང་དགོས་པ་དེ་ཡིན། དཔྱད་གཞིའི་རྒྱུ་ཆ་བེད་སྤྱོད་གཏོང་སྐབས་ནམ་རྒྱུན་ལྷགས་བཞིན་པའི་གནད་དོན་གཙོ་བོ་ཁག་ནི། མ་ཡིག་གི་གོ་དོན་རང་འདོད་ལྟར་ལོག་འགྲེལ་བྱེད་པ་དང་། ལུང་ཚིག་རང་འདོད་ལྟར་གཅོད་གཏུབ་བྱས་ཏེ་འདྲེན་པ། ཚིག་མཚམས་ལོག་བཅད་བྱེད་པ། ལུང་དྲངས་པའི་དཔྱད་གཞིའི་ཡིག་ཆའི་ཁུངས་ལུང་གསལ་པོ་མེད་པ་བཅས་རེད།

འདིར་གནད་དོན་དེ་དག་དཔེ་མཚོན་དང་བཅས་ཅུང་གསལ་ཙམ་བརྗོད་ན། དེ་ལས་མ་ཡིག་གི་གོ་དོན་རང་འདོད་ལྟར་ལོག་འགྲེལ་བྱེད་པ་ནི། ཆོས་ལུགས་ཀྱི་འཐེན་འཁྱེར་བསམ་བློའམ། ཆབ་སྲིད་འཐབ་རྩོད་སོགས་ཀྱི་དབང་གིས་མ་ཡིག་གི་གོ་དོན་ལ་རང་འདོད་ལྟར་བཟོ་བཅོས་བྱེད་པ་སྟེ། དཔེར་ན། སུམ་པ་ཡེ་ཤེས་དཔལ་འབྱོར་(1704-1788)གྱིས་རང་ཉིད་རྙིང་ཆོས་ལ་མི་དགའ་བའི་དབང་གིས་རྒྱལ་པོ་སྐུ་ལྔའི་གསོལ་ཁ་འཇིག་རྟེན་མཆོད་བསྟོད་མ་ཞེས་པའི་མ་ཡིག་ནང་། འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་གྲུ་འཛིན་པ། ། ཞེས་པ། ཤཱཀྱ་སེངྒེའི་བསྟན་པ་སྲུང་མཛད་པ། ། ཞེས་པར་བསྒྱུར་བ་དང་། ཡང་། པད་མ་ཐོད་ཕྲེང་སོ་ཟུར་གནུབས་ཉང་ཚོགས། ། ཞེས་པ། པདྨ་འབྱུང་གནས་བློ་བཟང་གྲགས་པ་སོགས། ། ཞེས་སོགས་སུ་རང་འདོད་ལྟར་བསྒྱུར་ནས་དགོན་ལུང་དགོན་པའི་ཚོགས་འདོན་སུ་ལྗགས་བསྒྲིགས་མཛད་པ་ལ། སུམ་པ་རང་གི་དངོས་སློབ་ཐུའུ་བཀན་ཆོས་ཀྱི་ཉི་མས(1737-1802)་ “ཚིག་བསྒྱུར་འདི་འདྲ་ནི་ངེས་པར་དབང་གཞུའི་སྙིང་པོ་དང་མཚུངས་སོ།”[23]ཞེས་གསུངས་ཏེ་ཐེར་འདོན་དང་དགག་སྒྲུབ་གནང་ཡོད་པ་ལྟ་བུ་དང་། དེ་བཞིན་དུ་སྲིད་དོན་དགོས་དབང་གིས་བཟོ་བཅོས་བརྒྱབ་པའང་། དཔེར་ན། ཕྱི་ལོ་ ༡༩༨༨ ལོའི་ཕྱི་ཟླ་བཅུ་གཉིས་པའི་ཤེས་བྱ་དུས་དེབ་ནང་རྩོམ་སྒྲིག་པ་བྱམས་པ་བསྟན་འཛིན་ལགས་ཀྱིས་ང་ཕོད་ཀྱི་གཏམ་བཤད་ལ་དགག་ལན་ཞིག་བསྐྱོན་ཡོད་ཅིང་། ཕྱིས་སུ་རདབང་རྒོད་སོགས་ཀྱིས་བརྩམས་པའི་<<བོད་ལྗོངས་ཀྱི་ལོ་རྒྱུས་གོ་བབ་དཔྱད་ཞིབ།>>ཅེས་པའི་སྟོད་ཆའི་གླེང་བརྗོད་ནང་། དེའི་ལུང་འདྲེན་སྐབས་རང་འདོད་ལྟར་ལོག་འགྲེལ་བྱས་ཡོད་པ་ལྟ་བུ་རེད།[24] སྤྱིར་མ་ཡིག་གི་དོན་ལ་ལོག་འགྲེལ་བྱེད་པར་གོ་དོན་མ་རྟོགས་པའི་དབང་གིས་འབྱུང་སྲིད་ཀྱང་། གོང་དུ་དྲངས་པའི་དཔེར་མཚོན་དེ་དག་ནི་བསམ་བཞིན་དུ་བཟོ་བཅོས་དང་ལོག་འགྲེལ་བྱས་པ་ཡིན་པས། ཚུལ་འདི་འདྲ་ཞིབ་འཇུག་པ་དང་ལོ་རྒྱུས་སྨྲ་བ་ཚོས་ངེས་པར་དུ་དོར་བྱ་ཡིན་ནོ།

ལུང་ཚིག་རང་འདོད་ལྟར་གཅོད་གཏུབ་བྱེད་པ་ནི། རང་གི་འདོད་བློ་ངེས་ཅན་ཞིག་སྒྲུབ་ཆེད་དཔྱད་གཞིའི་ཡིག་ཆའི་ནང་གང་ཡོད་སོར་བཞག་མི་བྱེད་པར་བསམ་བཞིན་འཕྲི་སྣོན་གྱིས་ལུང་འདྲེན་པ་ལ་ཟེར། དཔེར་ན། དགེ་འདུན་ཆོས་འཕེལ་སྐོར་གྱི་དཔྱད་བརྗོད་དེབ། <<དྲང་བདེན་གྱིས་བསླུས་པའི་སློང་མོ་བ་>>ཞེས་པའི་ནང་དུ་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་དེ་དགེ་འདུན་ཆོས་འཕེལ་གྱི་བརྩམས་ཆོས་ཡིན་ཚུལ་དང་། དེ་ཞྭ་སྒབ་པ་སོགས་ཁ་མཐུན་བྱས་ཏེ་འཕྲོག་བཅོམ་བྱས་པ་ཡིན་ཚུལ་བརྗོད་འདུག་ཅིང་། དེའི་སྒྲུབ་བྱེད་གཙོ་བོར་ཀིརྟི་རིན་པོ་ཆེས་ཞིབ་འཇུག་དང་རྩོམ་སྒྲིག་གནང་བ་<<དགེ་འདུན་ཆོས་འཕེལ་གྱི་རབ་བྱེད།>> ཅེས་པའི་དེབ་ལས། དགེ་སློང་རིག་འཛིན་དབང་པོ་ཟེར་བའི་སྐད་ཆ་ཞིག་ལུང་འདྲེན་བྱས་ཡོད། འོན་ཀྱང་ལུང་དྲངས་པའི་སྐད་ཆ་དེ་རང་འདོད་ལྟར་གཅོད་གཏུབ་བྱས་འདུག དེ་ཡང་གསལ་པོར་བཤད་ན། མ་ཡིག་ངོ་མའི་ནང་། “དགེ་འདུན་ཆོས་འཕེལ་ལགས་ཀྱི་འཛམ་གླིང་ཤེས་བྱ་ཉོས་པའི་དེབ་ཟེར་བ་ཞིག་ཀ་ཤོད་པས་བཀྱག་པ་རེེད། དེའི་ནང་སྲིད་དོན་དང་རྒྱལ་རབས་སོགས་ཡོངས་རྫོགས་ཡོད་པ་འདྲ། གང་ལྟར་ཁོ་རང་གི་བརྗེད་ཐོ་ཞིག་རེད།”[25] ཅེས་སྨྲས་པ་ལ། དཔེ་དེབ་དེའི་ནང་ “དགེ་འདུན་ཆོས་འཕེལ་ལགས་ཀྱི་འཛམ་གླིང་ཤེས་བྱ་ཉོས་པའི་དེབ་ཟེར་བ་ཞིག་ཀ་ཤོད་པས་བཀྱག་པ་རེད། དེའི་ནང་ལ་སྲིད་དོན་རྒྱལ་རབས་སོགས་ཡོངས་རྫོགས་ཡོད་པ་འདྲ།”[26] ཞེས་བསམ་བཞིན་ལུང་ཚིག་གཅོད་གཏུབ་བྱས་ཏེ་བཀོད་ཡོད་པ་ལྟ་བུ་རེད། དགེ་སློང་རིག་འཛིན་དབང་པོའི་སྐད་ཆའི་ནང་དོན་ནི། དགེ་འདུན་ཆོས་འཕེལ་ལ་འཛམ་གླིང་ཤེས་བྱ་ཉོས་པའི་དེབ་ཟེར་བའི་ཟིན་བྲིས་དེབ་ཅིག་ཡོད་པ་དང་། དེའི་ནང་སྲིད་དོན་གྱི་སྐོར་དང་རྒྱལ་རབས་ཀྱི་སྐོར་སོགས་སྣ་ཚོགས་ཡོད་པར་སྣང། དེ་ཀ་ཤོད་པས་ཁྱེར་བ་རེད་ཅེས་པའི་དོན་ཡིན་པ་ལ། <<དྲང་བདེན་གྱིས་བསླུས་ཀྱིས་བསླུས་པའི་སློང་མོ་བ།>>ཞེས་པའི་ནང་ལུང་འདྲེན་སྐབས་སྲིད་དོན་དང་རྒྱལ་རབས་ཞེས་པའི་བར་གྱི་དང་སྒྲ་མེད་པར་བཟོས་ཏེ། སྲིད་དོན་རྒྱལ་རབས་ཞེས་བཅོས་ནས་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་དང་མིང་གཅིག་པར་བཟོས་པ་དང་།  དགེ་སློང་རིག་འཛིན་དབང་པོས་གང་ལྟར་ཁོ་རང་གི་བརྗེད་ཐོ་ཞིག་རེད་ཅེས་པ་དེ་ནག་སུབ་བཏང་འདུག དེ་ལྟ་བུའི་ལུང་ཚིག་བསམ་བཞིན་གཅོད་གཏུབ་བྱས་ཏེ་ཞེ་འདོད་སྒྲུབ་ཐབས་བྱེད་པ་ནི།  སྤྱིར་ཞིབ་འཇུག་གི་ལས་དོན་གཉེར་མཁན་དང་། ལྷག་པར་དུ་ལོ་རྒྱུས་ཞིབ་འཇུག་པ་ཞིག་ལ་མཚོན་ན་གཟབ་ནན་མེད་པའི་སྤྱོད་ཚུལ་ཙམ་མིན་པར་ཀུན་སྤྱོད་ཀྱི་གནད་དོན་ཞིག་ཡིན་པས། ལོ་རྒྱུས་ཞིབ་འཇུག་དང་རྩོམ་འབྲིར་བློ་ཁ་ཕྱོགས་པ་དག་གིས་བྱེད་ལུགས་འདི་འདྲ་རྣམ་པ་ཀུན་ཏུ་སྤོང་རིགས་སོ། །

ཚིག་མཚམས་ལོག་བཅད་བྱེད་པ་ནི། དཔྱད་གཞིའི་ཡིག་ཆའི་ཚིག་གི་གཅོད་མཚམས་ཡར་གཅོད་དགོས་སར་མར་བཅད། མར་གཅོད་དགོས་སར་ཡར་བཅད་དེ་ནང་དོན་གཞན་དུ་བསྒྱུར་ནས་རང་གི་འདོད་ཕྱོགས་སྒྲུབ་ཐབས་བྱེད་པ་ལ་ཟེར། སྤྱིར་ཀློག་དག་པ་མེད་པའི་དབང་གིས་ཚིག་གི་གཅོད་མཚམས་ནོར་བ་ཡོང་སྲིད་ལ། ལྷག་པར་དུ་ཡིག་རྩ་ལེགས་པོ་མེད་པའི་ཕྱི་གླིང་པ་སོགས་ཀྱིས་བོད་ཡིག་གི་ཡིག་རྙིང་ཁག་ཀློག་སྐབས་གཅོད་མཚམས་ལོག་པའི་དབང་གིས་དོན་ལོག་པར་གོ་བ་མཐོང་ཆོས་སུ་འདུག་ནའང་། འདིར་ནི་བསམ་བཞིན་དུ་ཚིག་མཚམས་ལོག་བཅད་བྱས་པ་དག་ལ་དམིགས་པ་ཡིན། དཔེར་ན། རྗེ་ཙོང་ཁ་པའི་བྱང་ཆུབ་ལམ་རིམ་ཆེན་མོར་ལམ་རིམ་གྱི་བསྟན་འབྱུང་སྐོར་གསུངས་སྐབས། “སྤྱིར་ན་གངས་རིའི་ཁྲོད་དུ་བསྟན་པ་སྔ་དར་ལ་དཔལ་ལྡན་ཞི་བ་འཚོ་དང་པདྨ་སམྦྷ་བས་བསྟན་པའི་སྲོལ་བཙུགས་པ་ལ། སྟོང་བ་ཉིད་ཀྱི་གོ་བ་གནད་དུ་མ་སོང་བ་ལ་བརྟེན་ནས་ཐབས་ཀྱི་ཆ་ལ་སྐུར་ཞིང་ཡིད་ལ་བྱེད་པ་ཐམས་ཅད་འགོག་པའི་རྒྱ་ནག་གི་མཁན་པོ་ཧྭ་ཤང་གིས་བསྟན་པ་འགྲིབས་པར་བྱས་པ། སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལས་ལེགས་པར་བཀག་ནས་རྒྱལ་བའི་དགོངས་པ་གཏན་ལཕབ་པས་སྐུ་དྲིན་ཤིན་ཏུ་ཆེ་ལ།” [27] ཞེས་འབྱུང་བའི་དོན་ངོ་མ་ནི། སྲོལ་བཙུགས་པ་ལ་ཞེས་ཡར་བཅད། ལྟ་བའི་གོལ་ས་ཞེས་སོགས་མར་གཅོད་དགོས་རྒྱུ་ལ། འགའ་ཞིག་གིས་ཞི་བ་འཚོ་དང་སློབ་དཔོན་པདྨས་བསྟན་པའི་སྲོལ་བཙུགས་པ་ལ་ལྟ་བའི་གོ་བ་གནད་དུ་མ་སོང་བར་ལམ་རིམ་ནས་བཤད་ཅེས་ལོག་འགྲེལ་བྱས་ཡོད་པ་ལྟར་རོ། [28]

དཔྱད་གཞིའི་ཡིག་རིགས་ལུང་འདྲེན་སྐབས་ཁུངས་ལུང་གསལ་པོ་མེད་པ་ནི། དཔྱད་གཞིའི་ཡིག་ཆ་བེད་སྤྱོད་བྱེད་ཚུལ་ཙམ་མ་ཟད། རིག་གཞུང་ཆེད་རྩོམ་འབྲི་ཚུལ་གྱི་གནད་དོན་ཞིག་ཀྱང་རེད། དེ་ཡང་བོད་ཀྱི་སྔར་སྲོལ་ལ་མཁས་པ་ཆེན་པོ་རྣམས་ཀྱི་ཡིག་ཆ་གཞན་ལས་ལུང་འདྲེན་སྐབས། མདོ་ལས་ཞེས་སམ། ཁ་ཅིག་གིས་ཞེས་དང་། ཡང་ན་ཇི་སྐད་དུ་ཞེས་པ་ལྟ་བུ་མ་གཏོགས་ལུང་འདྲེན་བྱ་སའི་གཞུང་གི་མཚན་བྱང་དང་། རྩོམ་པ་པོའི་མིང་ཆ་ཚང་བཀོད་མེད་པ་ཧ་ཅང་མང་བས་འདིར་དཔེ་མཚོན་འདྲེན་དགོས་མ་མཐོང་ཞིང་། དེ་ཡང་མཁས་པ་རྣམས་ཕན་ཚུན་ལ་ལུང་ཁུངས་གསལ་པོ་ར་སྤྲགས་དགོས་པ་མེད་པའམ། ཡང་ན་ཕྱོགས་སྔ་འགའ་ཞིག་གི་མིང་དངོས་སུ་སྨོས་ན་གྲུབ་མཐའི་ཆགས་སྡང་གི་རྐྱེན་དུ་འགྱུར་བ་སོགས་ཀྱི་དབང་གིས་ཡིན་སྲིད་ཀྱང་། དེང་དུས་ཀྱི་ཞིབ་འཇུག་དཔྱད་རྩོམ་འབྲི་སྟངས་ལྟར་ན་བླང་བྱར་མི་བརྩི་ལ། ལོ་རྒྱུས་དང་རིག་གཞུང་གི་དཔྱད་རྩོམ་ནང་ལུང་དྲངས་པའི་དཔྱད་གཞིའི་ཡིག་ཆ་རྣམས་ཀྱི་ཁུངས་ལུང་ངེས་པར་དུ་གསལ་པོ་འགོད་དགོས་པ་དེང་དུས་ཀྱི་ཞིབ་འཇུག་རྩོམ་ཡིག་གི་སྤྱི་ལུགས་ཆགས་ཡོད། དེ་ཡང་བལྟ་ཀློག་བྱས་པའི་དཔྱད་གཞིའི་ཡིག་ཆ་དང་། ལུང་ཁུངས་སུ་དྲངས་པའི་ཡིག་ཆ་ཁག་གི་རྩོམ་པ་པོ་སུ་ཡིན་དང་། སྒྱུར་བ་པོ། པར་དུ་ཐོན་ལོ། རྩོམ་ཡིག་གི་མཚན་བྱང་ཆ་ཚང་། པར་སྐྲུན་ཁང་། ཤོག་ངོས་དང་ཐིག་ཕྲེང་བཅས་ཞིབ་པར་འགོད་དགོས། དེ་འདྲ་བྱས་པའི་དཔྱད་རྩོམ་ཁག་ནི་རྒྱལ་སྤྱིའི་ཚད་གཞི་ལྟར་ཞིབ་འཇུག་གི་རིན་ཐང་ལྡན་པར་ངོས་འཛིན་བྱེད་པ་ཡིན།

ས་བཅད་གཉིས་པ། ལོ་རྒྱུས་སྨྲ་བའི་རྨང་གཞིའི་ཆ་རྐྱེན་སྐོར།

ལོ་རྒྱུས་སྨྲ་བ་ཞེས་པ་ནི། འདས་པའི་ལོ་རྒྱུས་སྐོར་ལ་ཐོས་བསམ་སློབ་གཉེར་དང་ཞིབ་འཇུག་མཐར་ཕྱིན་བྱས་ཏེ། ལོ་རྒྱུས་ཀྱི་སྤྱི་བྱེའི་ཤེས་བྱའི་སྐོར་རྩོམ་འབྲི་དང་འཆད་ཁྲིད་གནང་མཁན་ཞིག་ལ་ཟེར་ཆོག་སྙམ། དེ་ཡང་ལོ་རྒྱུས་སྨྲ་བ་ཚོས་མིའི་རིགས་ཀྱི་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་རྟོག་དང་འགྲེལ་བརྗོད་བྱེད་ཀྱི་ཡོད། རང་སྦྱོང་གི་ནུས་པར་བརྟེན་ནས་ལོ་རྒྱུས་སྨྲ་བར་གྱུར་པ་མང་ཡང་། སྤྱིར་བཏང་བཤད་ན་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་ལོ་རྒྱུས་སློབ་ཚན་ལ་ཆེད་དམིགས་སློབ་སྦྱོང་དང་། རྒྱུན་རིང་ཞིབ་འཇུག་བྱས་མཐར་ལོ་རྒྱུས་སྨྲ་བ་ཚད་ལྡན་དུ་འགྱུར་གྱི་ཡོད། ནུབ་ཕྱོགས་པར་མཚོན་ན་དུས་རབས་བཅུ་དགུ་བའི་སྨད་ཙམ་ནས་ལོ་རྒྱུས་སྨྲ་བ་ཞེས་པ་ཆེད་ལས་ཀྱི་ལས་རིགས་ཤིག་ཏུ་གྱུར་ཡོད། བོད་ལ་མཚོན་ན། སྔོན་ཆད་ལོ་རྒྱུས་སྐོར་ཡིག་འཇོག་གནང་མཁན་ཧ་ཅང་མང་པོ་བྱོན་མྱོང་ཡང་། དེ་དག་མང་ཆེ་བ་ནི་མདོ་སྔགས་ཀྱི་གཞུང་ཆེན་མོ་ཁག་ལ་ཐོས་བསམ་སློབ་གཉེར་དང་ཉམས་ལེན་གནང་ཞོར་ཞིབ་འཇུག་དང་རྩོམ་འབྲི་གནང་མཁན་མ་གཏོགས། ལོ་རྒྱུས་རིག་པ་ཁོ་ནར་སྐུ་ཚེའི་རིང་ཆེད་ལས་གནང་མཁན་སྔོན་གྱི་མཁས་པའི་ཁྲོད་ཧ་ལམ་མེད་པར་སྣང་། ཐ་ན་ལོ་རྒྱུས་སྨྲ་བ་ཞེས་པ་ཡང་སྙིང་ག་འདྲ་ཞིག་ལ་གོ་དགོས་པའམ། ལོ་རྒྱུས་སྨྲ་བ་ཞིག་ལ་ཚང་དགོས་པའི་རྨང་གཞིའི་ཆ་རྐྱེན་ག་རེ་ཡོད་མེད་ཙམ་ཡང་། ད་ཕན་བོད་ཡིག་ཐོག་ཁ་གསལ་གྱིས་བཤད་པ་ཞིག་མཐོང་ཐོས་སུ་མ་གྱུར། དེར་བརྟེན་ཁོ་བོས་ལོ་རྒྱུས་སྨྲ་བ་ཞིག་ལ་ཚང་དགོས་པའི་མ་མཐའི་ཆ་རྐྱེན་ཐད་རང་གི་ལྟ་ཚུལ་ཙམ་བརྗོད་པར་བྱའོ།

དང་པོ། ལོ་རྒྱུས་ཤེས་བྱར་སྤྲོ་སྣང་ཡོད་དགོས་པ།

ལོ་རྒྱུས་སྨྲ་བ་ཞིག་ཡིན་ཕྱིན་ལོ་རྒྱུས་ཀྱི་ཤེས་བྱར་དོ་སྣང་དང་དགའ་མོས་གཞན་ལས་ཆེ་བ་ཞིག་ཡོད་དགོས། སྤྱིར་མིའི་རིགས་ཀྱི་བྱ་བ་གང་ཡིན་ཡང་སྒྲུབ་འདོད་ཀྱི་མོས་པའམ་སྤྲོ་སྣང་གལ་ཆེ་ཞིང་། སྤྲོ་སྣང་ཡོད་ཕྱིན་བརྩོན་པ་འདྲེན་ལ། བརྩོན་འགྲུས་ལ་བརྟེན་ནས་ད་གཟོད་གཡུར་དུ་ཟ་བའི་གྲུབ་འབྲས་ལེན་ཐུབ་པ་ཡིན། དེས་ན་ལོ་རྒྱུས་སྨྲ་བ་ཞིག་ལ་མཚོན་ན་རང་གི་ཆེད་ལས་ལ་སྤྲོ་སྣང་དགོས་པ་སྨོས་ཅི་དགོས། བསླབ་བྱའི་གནས་ལ་སྤྲོ་སྣང་དགོས་ཚུལ་སྐོར་སྔར་ནས་འཕགས་བོད་ཀྱི་མཁས་པ་མང་པོས་གསུངས་ཡོད་དེ། སློབ་དཔོན་ཞི་བ་ལྷས། བརྩོན་གང་དགེ་ལ་སྤྲོ་བ་འོ། ། ཞེས་དང་། འཇམ་མགོན་ཐུ་མིས། ཟོ་བཟང་དད་པ་ལ་བརྟེན་པ། ། ཞེས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། ། ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། ། ངང་བས་ཆུ་ལས་འོ་མ་ལེན་པ་ལྟར། ། རང་གི་འདོད་པ་དང་པོར་བླང་བར་བྱ། ། ཞེས་གསུངས་པ་ལྟར་རོ། ། མཁས་པ་དེ་དག་གིས་གསུངས་པའི་སྤྲོ་བ་དང་། དད་པ། རང་གི་འདོད་པ་རྣམས་ནི་མཐར་གཏུགས་ན་བསླབ་པར་བྱ་བའི་གནས་དེར་འཛིན་པའི་སྤྲོ་སྣང་གི་དོན་རེད། དེ་ནི་ལོ་རྒྱུས་རིག་པ་ཚུད་པའི་ཤེས་བྱ་གང་ཞིག་ལ་སློབ་སྦྱོང་དང་། ལག་ལེན་བྱེད་ནའང་ངེས་པར་དུ་ཚང་དགོས་པའི་མ་མཐའི་ཆ་རྐྱེན་ཞིག་ཡིན་ཞིང་། ལོ་རྒྱུས་སྨྲ་བ་ཚོར་རང་གི་ཆེད་ལས་ཀྱི་ཤེས་བྱ་དེ་ལ་གཞན་དང་མ་འདྲ་བའི་སྤྲོ་སྣང་ཞིག་དགོས་པར་གྲུབ་བོ། །

གཉིས་པ། གཟུར་གནས་ཀྱི་བསམ་སྤྱོད་ལྡན་དགོས་པ།

ལོ་རྒྱུས་སྨྲ་བ་ཚད་ལྡན་ཞིག་ཡིན་ཕྱིན། ངེས་པར་དུ་གཟུ་བོར་གནས་པའི་བསམ་བློ་དང་སྤྱོད་པ་ལྡན་དགོས་ཤིང་། དེ་ནི་ལོ་རྒྱུས་སྨྲ་བའི་གཞི་རྩའི་ཀུན་སྤྱོད་ཀྱི་གནད་དོན་ཞིག་ཆགས་ཡོད། གནའ་ནས་ད་ལྟའི་བར་ལོ་རྒྱུས་སྨྲ་བ་དྲང་དགོས་ཞེས་མི་བརྗོད་མཁན་མེད་ནའང་དོན་ངོ་མའི་ལག་ལེན་ཁྲོད། གྱི་ལོང་རུས་མཛོད་དུ། ལོ་རྒྱུས་སྨྲ་བ་ཕྱོགས་རིས་མེད་པ་དཀོན་ཞེས་གསུངས་པ་ལྟར། རང་གར་གཏོགས་ཀྱི་ཆོས་བརྒྱུད་གྲུབ་མཐའ་འམ། ས་ཁུལ་སོགས་ཀྱི་ཕྱོགས་ཞེན་དབང་དུ་ཤོར་ཏེ་ལོ་རྒྱུས་བྲིས་ཤིང་སྤེལ་བ་ལས། གཟུར་གནས་དྲང་འབྲེལ་གྱི་སྒོ་ནས་ལོ་རྒྱུས་སྨྲ་མཁན་ཧ་ཅང་ཉུང་། གནད་དོན་འདི་ནི་དེང་རབས་བོད་ཀྱི་ལོ་རྒྱུས་རིག་པའི་ཁྱབ་ཁོངས་སུ་ངེས་པར་དུ་གླེང་རིགས་ཤིང་། དུས་དང་བསྟུན་ནས་བསྒྱུར་བཅོས་གཏིང་ཟབ་དགོས་པའི་གནད་དོན་ཞིག་རེད་སྙམ། དེ་ཡང་ལོ་རྒྱུས་སྨྲ་བར་སྤྲོ་བ་བརྟས་པ་སུ་ཞིག་ཡིན་ཡང་། གཟུ་བོར་གནས་པའི་ཕན་ཡོན་དང་། མ་གནས་པའི་ཉེས་དམིགས་ལ་ངེས་ཤེས་འདྲོང་རྒྱུ་གལ་ཆེ་སྟེ། གཟུ་བོར་གནས་པའི་བསམ་བློ་དང་སྤྱོད་ཚུལ་མི་ལྡན་ཕྱིན། ལོ་རྒྱུས་ལ་ཞིབ་འཇུག་དང་ལོ་རྒྱུས་འཆད་པའི་ཀུན་སློང་མི་དག་ཅིང་། དཔྱད་གཞིའི་ཡིག་ཆ་ལས་རང་ལ་གང་ཕན་དེ་ལེན་བྱེད་པ་ལས་བདེན་པའི་རང་བཞིན་ལ་བརྩི་འཇོག་མི་བྱེད་པ། ཞིབ་འཇུག་གི་སྡོམ་ཚིག་ཀྱང་ཕྱོགས་རེ་བ་ཞིག་ལས་མི་འབྱུང་བས་ཀུན་གྱིས་ཁས་མི་ལེན་པར་མ་ཟད། སྐྱོན་བརྗོད་དང་ཐེར་འདོན་ཀྱང་བྱ་ངེས་རེད། དེ་ལས་ལྡོག་སྟེ། བདེན་པ་བདེན་དྲང་གི་ལོ་རྒྱུས་སྨྲ་བ་ཞིག་ཡིན་ཕྱིན། གནས་ལུགས་འཚོལ་བའི་ཆེད་དུ་ཞིབ་འཇུག་བྱེད་པ་དང་། དཔྱད་གཞིའི་རྒྱུ་ཆ་ཁྱོན་ཡོངས་ལ་ལྟ་ཐུབ་པ། རང་ཕན་གྱི་ལུང་ཚིག་ཁོ་ན་འདྲེན་པ་དང་ཐ་ན་ལུང་ཚིག་གཅོད་གཏུབ་ཚུན་བྱེད་པའི་ཐ་ཤལ་གྱི་བྱེད་ལུགས་དེ་རིགས་མི་ལྡན་ཞིང་། ཞིབ་འཇུག་གི་སྡོམ་ཚིག་ཀྱང་དོན་དངོས་དང་ཉེ་བ་ཡིན་པས་རྣམ་དཔྱོད་བཀྲ་བའི་མི་རྣམས་ཀྱིས་གུས་བརྩི་དང་ཁས་ལེན་བྱེད་པ་ཡིན། རང་ཅག་བོད་ལ་མཚོན་ན། དེ་ལྟ་བུའི་ལོ་རྒྱུས་སྨྲ་བ་བྱུང་མྱོང་ཡོད་དེ། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་དེབ་ཐེར་སྔོན་པོའི་ཁྱད་ཆོས་བརྗོད་སྐབས། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་(1392-1481)ནི་གྲུབ་མཐའི་ཕྱོགས་ལྷུང་མེད་པར་ལོ་རྒྱུས་དྲང་འབྲེལ་གྱིས་སྨྲ་མཁན་ཞིག་ཡིན་ཚུལ་བསྟན་ཡོད་པ་ལྟ་བུ་རེད།[29] དེས་ན་ལོ་རྒྱུས་ཞིབ་འཇུག་དང་ལོ་རྒྱུས་སྨྲ་བ་ཞིག་ཡིན་ཕྱིན་གཟུ་བོར་གནས་པའི་བསམ་སྤྱོད་ཅིག་དགོས་པར་གྲུབ་བོ། །

གསུམ་པ། ལྟ་རྒྱ་དང་ཐོས་རྒྱ་ཆེ་དགོས་པ།

དཔྱད་གཞིའི་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དང་། ལྟ་རྒྱ་ཐོས་རྒྱ་ཆེ་དགོས་པ་ནི་ལོ་རྒྱུས་སྨྲ་བར་ཚང་དགོས་པའི་ཆ་རྐྱེན་གཙོ་བོ་དེ་ཡིན། དེའི་རྒྱུ་མཚན་ནི་ལོ་རྒྱུས་ཞེས་པ་དཔྱད་གཞིའི་རྒྱུ་ཆ་ཁག་ལ་ཡུན་རིང་སློབ་སྦྱོང་དང་། བརྟག་དཔྱད་བྱས་ཏེ་གླེང་དགོས་པས་དཔྱད་གཞིའི་རྒྱུ་ཆ་མེད་ཕྱིན་ལོ་རྒྱུས་ཞེས་པ་གླེང་ཐབས་བྲལ་ཞིང་། ལོ་རྒྱུས་སྨྲ་བ་དེ་ཉིད་ལྟ་རྒྱ་ཐོས་རྒྱ་ཆེ་བ་ཞིག་མིན་ཕྱིན་ཞིབ་འཇུག་གི་སྡོམ་ཚིག་ཆ་ཚང་ཞིང་ཡང་དག་པ་ཞིག་འཐོབ་མི་ཐུབ། དེས་ན་ལོ་རྒྱུས་རིག་པར་བློ་ཁ་ཕྱོགས་པ་རྣམས་ཀྱིས་སྤྱིར་བཏང་གི་ཤེས་བྱ་སྣ་ཚོགས་དང་། ལྷག་པར་དུ་ཆེད་ལས་ལོ་རྒྱུས་སྐོར་གྱི་དཔེ་ཆ་འབོར་ཆེན་ལ་ལྟ་ཀློག་དང་། རང་གི་ཞིབ་འཇུག་གི་བརྗོད་གཞི་དང་ཐད་ཀར་འབྲེལ་བ་ཡོད་པའི་ས་ཁུལ་ཁག་ཏུ་རྟོག་ཞིབ་ཆེད་དངོས་སུ་བསྐྱོད་རྒྱུ་གལ་ཆེན་པོ་ཡིན། ལོ་རྒྱུས་སྨྲ་བ་ཞིག་ལྟ་རྒྱ་ཐོས་རྒྱ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་ཁོའི་ལོ་རྒྱུས་སྐོར་གྱི་རྩོམ་ཡིག་དང་གཏམ་བཤད་ཁག་ཁུངས་བཙུན་པ་དང་རིན་ཐང་ལྡན་པ་ཡིན། གོང་སྨྲོས་ལྟར་མདོ་སྨད་ཆོས་འབྱུང་ཞེས་གྲགས་ཆེ་བའི་རྒྱུ་མཚན་གཙོ་བོ་ཡང་། དེའི་རྩོམ་པ་པོས་དཔྱད་གཞིའི་ཡིག་ཆ་ཁག་དྲུག་བརྒྱ་ལྷག་ལ་ཞིབ་འཇུག་དང་དཔྱད་གཞི་མཛད་ཡོད་པས་ཡིན།  དེས་ན་ལྟ་རྒྱ་ཐོས་རྒྱ་ཆེ་དགོས་པ་ནི་ལོ་རྒྱུས་སྨྲ་བའི་རྨང་གཞིའི་ཆ་རྐྱེན་གཙོ་བོ་ཡིན་པ་གསལ་ལོ། །

བཞི་པ། དབྱེ་ཞིབ་ཀྱི་རིག་སྟོབས་ཡོད་དགོས་པ།

ལོ་རྒྱུས་སྨྲ་བ་ཞིག་ལ་མཚོན་ན། དཔྱད་གཞིའི་རྒྱུ་ཆ་འཛོམས་པ་ཙམ་གྱིས་མི་ཆོག་པར། དཔྱད་གཞི་དེ་དག་ལ་དབྱེ་ཞིབ་དང་། ཕྱོགས་བསྡོམས་བྱེད་པའི་རིག་སྟོབས་སམ་རྣམ་དཔྱོད་ཅིག་ཡོད་དགོས། སྤྱིར་དངོས་པོའི་གནས་ལུགས་ལ་དཔྱོད་པའི་རིག་སྟོབས་ནི་ལོ་རྒྱུས་རིག་པ་ཙམ་མ་ཟད། ཤེས་བྱའི་གནས་ཐམས་ཅད་ལ་འཇུག་པར་མེད་དུ་མི་རུང་ཞིང་། བོད་ཀྱི་སྔར་སྲོལ་ལ་ཆོས་དང་འཇིག་རྟེན་གྱི་ལུགས་གང་ལའང་། ཆོས་རབ་རྣམ་འབྱེད་ཀྱི་རིག་སྟོབས་དེ་གལ་ཆེ་ཤོས་སུ་བརྩི་བ་རེད། དཔེར་ན། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཏུ། ཡན་ལག་འདི་དག་ཐམས་ཅད་ནི། ། ཐུབ་པས་ཤེས་རབ་དོན་དུ་གསུངས། ། ཞེས་ཆོས་ཀྱི་ཆ་ནས་སྦྱིན་སོགས་ཀྱི་ཡན་ལག་གཞན་མཐའ་དག་ཀྱང་། མཐར་གཏུགས་ན་ཡང་དག་པའི་ཤེས་རབ་ཀྱིས་སྒྲིབ་པ་སྤོང་བའི་གྲོགས་སུ་འགྲོ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་བསྟན་པར་གསུངས་ལ། དེ་བཞིན་དུ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་(1846-1912)མཛད་པའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ཞེས་པར། མཐོང་དང་མ་མཐོང་ཡོན་ཏན་ནི། ། ཀུན་གྱི་རྩ་བ་ཤེས་རབ་ཡིན། ། ཤེས་རབ་མེད་ན་ཡུལ་འཁོར་ལ། ། བྱམས་པ་ཙམ་གྱིས་སྐྱོང་མི་ནུས།། ཤེས་རབ་ལྡན་པས་བརྩམས་བྱས་ན། ། མི་འགྲུབ་པ་ནི་གང་ཡང་མེད།  ། ཅེས་འཇིག་རྟེན་ལུགས་ལའང་། ཤེས་རབ་གལ་ཆེ་ཤོས་སུ་གསུངས་ཡོད་དོ། བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ལམ་ལུགས་ནང་གཏན་ཚིགས་རིག་པར་ཐོས་བསམ་སློབ་གཉེར་བྱས་ཏེ། དགག་གཞག་སྤོང་གསུམ་བྱེད་པའི་རིགས་ལམ་གྱི་བསམ་བློ་འཛུགས་རྒྱུར་ཧ་ཅང་དོ་ནན་བྱེད་ཅིང་། སྔོན་ཆད་བོད་ལ་འགྲན་ཟླ་བྲལ་བའི་མཁས་པ་གྲངས་མེད་བྱོན་ཏེ། རིགས་པས་དཔྱད་བཟོད་འཕེར་བའི་བསྟན་བཅོས་འབོར་ཆེན་ཡིག་འཇོག་ཐུབ་ཡོད་པའང་། དེ་ལྟ་བུའི་སློབ་གསོའི་ལམ་ལུགས་ཀྱི་འགན་ལེན་འོག་བྱུང་བ་རེད། སྐབས་བབ་ལོ་རྒྱུས་སྨྲ་བ་ཞིག་ལ་མཚོན་ན། ལོ་རྒྱུས་ཀྱི་སྤྱི་བྱེའི་ཤེས་བྱར་རང་སྟོབས་ཀྱིས་དཔྱོད་ཐུབ་པའི་རིག་སྟོབས་གལ་ཆེ་སྟེ། དེ་ལྟ་བུའི་རིག་སྟོབས་མེད་ན། དཔྱད་གཞིའི་རྒྱུ་ཆར་རང་སྟོབས་ཀྱིས་དཔྱད་བརྗོད་དང་བདེན་རྫུན་རྣམ་དབྱེ་འབྱེད་མི་ཐུབ་ཅིང་། བཤད་སྲོལ་མ་འདྲ་བ་ཁག་ལ་དཔྱད་བསྡུར་བརྒྱུད། རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལྟ་ཚུལ་འཛུགས་མི་ཐུབ། བོད་ཀྱི་ལོ་རྒྱུས་སྨྲ་བའི་ཁྲོད་དེ་ལྟ་བུའི་རིག་སྟོབས་ཅན་གྱི་ལོ་རྒྱུས་སྨྲ་བ་བྱུང་ཡོད་དེ། དཔེར་ན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ལྟ་བུ་རེད། ཁོང་ལ་མཚོན་ན་གནས་དུས་སོགས་ཀྱི་རྒྱུ་རྐྱེན་དབང་གིས་ཁོང་གིས་བྲིས་པའི་ལོ་རྒྱུས་སྐོར་གྱི་ཆེད་རྩོམ་ཁག་ནང་ཁས་ལེན་བྱེད་མི་ཐུབ་པའི་བཤད་ཚུལ་དང་། ནོར་འཁྲུལ་མངོན་གསལ་ཅན་དེ་འདྲ་མེད་པ་མིན་ཡང་། སྤྱིར་བཏང་ཁོང་གིས་བརྩམས་པའི་དུང་དཀར་ཚིག་མཛོད་ཆེན་མོ་དང་། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྐོར་བཤད་པ། བོད་ཀྱི་དཀར་ཆག་རིག་པ་ཞེས་པ་སོགས་ཀྱི་དཔེ་ཆ་དང་ཆེད་རྩོམ་ཁག་ནང་། ལོ་རྒྱུས་དང་འབྲེལ་བའི་མི་སྣའམ་དོན་རྐྱེན་སོགས་ཀྱི་ཐད་དཔྱད་གཞིའི་རྒྱུ་ཆ་ཁག་ལ་རིག་སྟོབས་ཆེན་པོས་དབྱེ་ཞིབ་དང་ཕྱོགས་བསྡོམས་གནང་ཡོད། དེ་ཡང་གཙོ་བོ་ཁོང་གིས་བོད་རང་གི་སྔར་སྲོལ་གཏན་ཚིགས་རིག་པར་ལག་ལེན་འཁྱོལ་ངེས་སྦྱངས་པ་དང་། དེའི་ཐོག་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་ཚུལ་ཀྱང་ཁོང་དུ་ཆུད་ཡོད་པས་དེ་ལྟའི་རིག་སྟོབས་ལྡན་པར་གྱུར་པ་རེད། དེས་ན་ལོ་རྒྱུས་རིག་པར་བློ་ཁ་ཕྱོགས་པའི་རང་རིགས་གཞོན་སྐྱེས་སློབ་གཉེར་བ་དང་། ལོ་རྒྱུས་སྨྲ་བ་ཚོས་ཀྱང་རང་གི་རིག་སྟོབས་ཀྱི་ནུས་པ་མཐོར་འདེགས་གཏོང་ཆེད་འབད་རིགས་སོ། །

ལྔ་པ། གཟབ་ནན་གྱི་ཞིབ་འཇུག་བྱེད་སྟངས་ཤིག་དགོས་པ།

གཟབ་ནན་ཏན་ཏིག་གི་ཞིབ་འཇུག་བྱེེད་སྟངས་ཤིག་དགོས་པ་ནི། ལོ་རྒྱུས་སྨྲ་བ་ཞིག་ལ་མཚོན་ན་མེད་མི་རུང་བའི་རྨང་གཞིའི་ཆ་རྐྱེན་ཞིག་རེད། དེ་ཡང་རྫ་དཔལ་སྤྲུལ་རིན་པོ་ཆེས།་ “ལྷ་ཆོས་ལ་ཤེས་གལ་ཆེ། མི་ཆོས་ལ་གོམས་གལ་ཆེ། ལོ་རྒྱུས་ལ་ཞིབ་གལ་ཆེ།”[30] ཞེས་གསུངས་པ་ལྟར། སྤྱིར་ཞིབ་འཇུག་པ་དང་ལྷག་པར་དུ་ཆེད་ལས་ལོ་རྒྱུས་ཞིབ་འཇུག་པར་གཟབ་ནན་གྱི་སྒོ་ནས་ཞིབ་འཇུག་དང་། འཆད་རྩོམ་བྱེད་པའི་གཤིས་སྤྱོད་ཅིག་གལ་ཆེ་སྟེ། ལོ་རྒྱུས་ཞིབ་འཇུག་ཅེས་པ་ནི་དཔྱད་གཞིའི་རྒྱུ་ཆར་གོ་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། དཔྱད་བསྡུར་བྱེད་པའི་བརྒྱུད་རིམ་ཞིག་ལ་ཟེར་ཞིང་། བརྒྱུད་རིམ་དེའི་ནང་ཞིབ་འཇུག་པས་གཟབ་ནན་ཏན་ཏིག་མེད་པར་གང་དྲན་གང་འདོད་དང་ཚམ་ཚོམ་བྱས་ན། གང་ཞིག་ཞིབ་འཇུག་དང་འཆད་རྩོམ་བྱས་པ་དེ་ཚད་འཛིན་མི་འཕེར་བའི་ཚིག་གི་ཕུང་བོ་ཞིག་ཏུ་འགྱུར་རོ། ལོ་རྒྱུས་སྨྲ་བ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ནི་ལོ་རྒྱུས་ཞིབ་འཇུག་བྱེད་སྐབས་ཧ་ཅང་གཟབ་ནན་བྱེད་མཁན་མིག་དཔེར་འོས་པ་ཞིག་ཡིན། ཁོང་གིས་བྲིས་པའི་དེབ་ཐེར་དཀར་པོ་སོགས་སུ་ལོ་རྒྱུས་ཀྱི་གནད་དོན་གང་ཅིར་དཔྱོད་སྐབས། རིགས་ལམ་དང་ཐབས་ཚུལ་སྣ་ཚོགས་སྤྱད་དེ། ཞིབ་ཚགས་ནན་ཏན་གྱིས་དཔྱད་མཐར་སྡོམ་ཚིག་འཇོག་པ་མ་གཏོགས། སྣང་བར་གང་ཤར་གྱིས་ཞིབ་འཇུག་མ་བྱས་སྔོན་ནས་ལྟ་ཚུལ་ལམ་མཐའ་སྡོམ་ཐག་བཅད་པ་ལྟ་བུའི་དྲི་མ་མེད་ཅིང་། ཐོས་པ་ཆུང་བའི་འོལ་ཚོད་དང་། ལུང་ཙམ་ལ་བརྟེན་པ། སྔར་གྱི་བཤད་སྲོལ་ཙམ་རྒྱུ་མཚན་དུ་བྱས་ནས་དོན་དངོས་དང་མི་མཐུན་པའི་ལོ་རྒྱུས་བཤད་ཚུལ་ཁག་བཏང་སྙོམས་སུ་བཞག་མེད་པ་ཁོང་གི་གསུང་རྩོམ་ཁག་མཇལ་ན་ཤེས་ཤིང་། འོག་ཏུའང་རོབ་ཙམ་འཆད་རྒྱུ་ཡིན། དེས་ན་རང་རིགས་ལོ་རྒྱུས་སྨྲ་བ་ཚོས་ཀྱང་ཁོང་གི་གཟབ་ནན་རང་བཞིན་གྱི་ཞིབ་འཇུག་བྱེད་སྟངས་ལ་མིག་དཔེར་ལྟ་འོས། །

ས་བཅད་གསུམ་པ། ལོ་རྒྱུས་ཇི་ལྟར་ཞིབ་འཇུག་བྱེད་པའི་རྩ་བའི་བྱ་ཐབས་སྐོར།

རིགས་པའི་དབང་ཕྱུག་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལས། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། ། དེ་འཆད་པ་ནི་དཀའ་བ་ཡིན། ། ཞེས་གསུངས་པ་ལྟར། ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ཞིག་སྒྲུབ་ནའང་ཐོག་མར་དེའི་རྣམ་གཞག་ཤེས་རྒྱུ་གལ་ཆེ་བ་བཞིན། ལོ་རྒྱུས་རིག་པར་ཞིབ་འཇུག་དང་། ཤེས་རྟོགས། རྩོམ་འཆད་བཅས་བྱེེད་པར་ཡང་ཐོག་མར་ལོ་རྒྱུས་སློབ་ཞིབ་ཇི་ལྟར་བྱེད་པའི་རྩ་བའི་བྱ་ཐབས་ཁག་ཁོང་དུ་ཆུད་དགོས་རྒྱུ་གནད་ཀྱི་དོན་པོར་མཐོང་ངོ།

བོད་ལ་ད་ཕན་ལོ་རྒྱུས་རིག་པའི་གཞུང་ལུགས་མེད་ཐོག ཕྲན་རང་ཐོས་རྒྱ་དང་རིག་སྟོབས་དམན་པས་གནད་དོན་འདིའི་ཐད་གླེང་བའི་སྤོབས་པ་ཧ་ཅང་ཕྲ། བོད་ལ་ལོ་རྒྱུས་ཡིག་འཁོད་ཀྱི་སྲོལ་བྱུང་ནས་བཟུང་། དུས་རབས་རིམ་བྱུང་གི་མཁས་པ་ཚོས་ལོ་རྒྱུས་རིག་པའི་དཔེ་ཆ་འབོར་ཆེན་བརྩམས་ཡོད་ཅིང་། དེ་དག་ནང་རིགས་ལམ་སྣ་ཚོགས་སྤྱད་དེ་ལོ་རྒྱུས་ཞིབ་འཇུག་དང་རྩོམ་འབྲི་གནང་ཡོད་པ་གདོན་མི་ཟ་བས། སྲོལ་རྒྱུན་གྱི་ཞིབ་འཇུག་ཐབས་ལམ་ཁག་ཞིབ་འཇུག་དང་། ཕྱོགས་བསྡོམས་བྱེད་རྒྱུ་ནི་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོའི་དུས་ལ་བབ་པའི་འོས་འགན་ཞིག་རེད། ཁོ་བོས་འདིར་བོད་ཀྱི་སྲོལ་རྒྱུན་ལོ་རྒྱུས་སྨྲ་བ་ཁག་གི་མཇུག་སྡུད་ལྟ་བུ་དང་། བོད་ཀྱི་དེང་རབས་ལོ་རྒྱུས་སྨྲ་བའི་ཤིང་རྟའི་སྲོལ་འབྱེད་ལྟར་གྱུར་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་རིག་པའི་སྐོར་གྱི་ལེགས་བཤད་ཁག་ཅིག་ཕྱོགས་བསྡོམས་ཐོག རང་ཉིད་ཀྱི་བསམ་ཚུལ་གྱིས་བརྒྱན་ཏེ་ཅུང་ཟད་སྨྲ་བར་འཇུག་ན།

དང་པོ། ལོ་རྒྱུས་སྨྲ་བའི་ལྟ་བ་སྐོར།

ལོ་རྒྱུས་སྨྲ་བའི་ལྟ་བ་ཞེས་པ་ནི། ལོ་རྒྱུས་སྨྲ་བའི་གཞི་རྩའི་བསམ་བློའམ་ལངས་ཕྱོགས་ཏེ། གཟུར་གནས་དྲང་བདེན་གྱི་ལྟ་བ་སྲོག་ཏུ་བཟུང་སྟེ་ལོ་རྒྱུས་སྨྲ་དགོས་པ་དེ་ཡིན། མཁས་པ་དང་ལོ་རྒྱུས་སྨྲ་བ་ཚོས་བདེན་དོན་ལ་གཙིགས་ཆེན་བྱེད་དགོས་ཚུལ་ཐད་དགེ་འདུན་ཆོས་འཕེལ་མཆོག་གིས། མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་ལ། ། རང་མགོ་བསྐོར་པའི་གོས་ཀྱིས་མི་གཡོགས་པ། །འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ། །སྲོག་ལ་བབས་ཀྱང་འབད་པས་བསྲུང་བར་འཚལ། །ཞེས་གདམས་ཡོད།  དེ་བཞིན་དུ་དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མའི་དབུར། “འོལ་ཚོད་ཀྱིས་ཡིན་ཐག་བཅད་པ་དང་། མང་པོ་ཞིག་མགུ་བ་བསྐྱེད་པའི་སླད་དུ་ཁུངས་མེད་ཀྱི་གཏམ་རྒྱུད་ཆེས་ངོ་མཚར་མཚར་བ་དག་བྲི་བ་དང་། གཞན་གྱི་ངོ་བསྲུང་དྲགས་ཏེ་གཏམ་བདེན་པ་ཡང་སྨྲ་བའི་སྤོབས་པ་མེད་པར་རང་གི་རྩམ་ཁུག་བསྲུང་བའི་ཆེད་དུ་ཡིན་མིན་གྱི་དབྱེ་གསལ་ཐམས་ཅད་བཏང་སྙོམས་སུ་བཞག་ནས་ཇོ་བཟང་གི་མིང་ལ་རེ་བ་སོགས་དོར་ཏེ། ཤེས་རབ་ཅན་གྱི་སྐྱེས་བུ་བློ་གཟུ་བོར་གནས་པ་འགའ་ཞིག་ཁོ་ནའི་ཆེད་དུ་དཀྱུས་མའི་གླེང་མོ་བཞིན་དུ་གང་རྙེད་པ་སྐབས་སུ་བཅུག་སྟེ་གླེགས་བམ་ཞིག་བྱེད་པར་འདོད་དོ།”[31] ཞེས་དང་། དེབ་དཀར་དུ། “དཀྱུས་ཀྱི་རྟགས་བཏབ་པ་རྣམས་ནི། རྒྱལ་རབས་ཀྱི་དུམ་བུ་དེ་རྣམས་གུང་བསྒྲིགས་ཏེ་རང་ཉིད་ཀྱིས་དཔྱད་པའི་ལུགས་སུ་བྱས་ཤིང་། ཐ་ན་བོན་གྱི་ངག་སྒྲོས་ཚུན་ཆད་ཀྱང་བླངས་ཏེ། ཐོས་པ་ཆུང་བའི་འོལ་ཚོད་དང་། ཕྱོགས་ལྷུང་གི་གཅམ་བུ་ལ་སོགས་པའི་དྲི་མས་མ་གོས་པར་བྲིས་པའི་ཁུལ་དུ་ལགས་པས། གཟུར་གནས་དཔྱོད་ལྡན་འདྲ་ཡོད་ན་དགྱེས་པའི་མཆོད་ཡོན་དུ་ཆེའོ་སྙམ་སྟེ། གང་གི་ཕྱིར་ཞེ་ན། ཟོལ་གྱིས་བཅོས་པའི་སྨིན་མ་མི་གཡོ་ཞིང་། ཕྱོགས་སུ་ལྷུང་པའི་ཟུར་མིག་མི་བལྟ་བ། རང་བཞིན་གཤིས་ཀྱིས་འཛུམ་པའི་མེ་ཏོག་འདིས། ། དཔྱོད་ལྡན་སྐྱེ་བོའི་ཡིད་རབ་ཅིས་མི་འཕྲོག།”[32] ཅེས་གསུངས་སོ། དགེ་འདུན་ཆོས་འཕེལ་མཆོག་ནི་རིག་གཞུང་ཞིབ་འཇུག་དང་། ལྷག་པར་དུ་ལོ་རྒྱུས་ཞིབ་འཇུག་ཐད་རྩ་བའི་ཆ་ནས་ཀུན་གྱིས་ཁས་ལེན་པའི་མཁས་པ་ཞིག་ཡིན་ཞིང་། ཁོང་གི་ལོ་རྒྱུས་སྐོར་གྱི་ཡིག་འཇོག་གཙོ་བོ་ནི་རྒྱལ་རབས་རྩོམ་འཕྲོ་ཅན་དེབ་ཐེར་དཀར་པོ་དང་། དེ་བཞིན་གཏམ་རྒྱུད་གསེར་ཐང་ནང་གི་ལོ་རྒྱུས་སྐོར་གྱི་ཟིན་རིས་དང་། ལོ་རྒྱུས་རིག་པའི་སྐོར་གྱི་བཤད་པ་ཐར་ཐོར་དེ་ཚོ་རེད། གོང་དུ་དྲངས་པའི་ལུང་དེ་གཉིས་ནི་ཁོང་གིས་དེབ་དཀར་དང་། གཏམ་རྒྱུད་གསེར་ཐང་ཇི་ལྟར་རྩོམ་པའི་བསྟན་བཅོས་ཀྱི་གླེང་བསླང་བའི་ཚིག་ཡིན་ལ། དེ་དག་ཐོག་ནས་ཁོང་གི་རིག་གནས་ཞིབ་འཇུག་དང་ལོ་རྒྱུས་ཞིབ་འཇུག་གི་རྩ་བའི་བསམ་བློ་དཔོག་ཐུབ་སྟེ། ལོ་རྒྱུས་སྨྲ་བ་ཚོས་འོལ་ཚོད་དང་། ཕྱོགས་ལྷུང་། འུར་གཏམ། གཞན་གྱི་ངོ་བསྲུང་སོགས་དོར་ནས་ལོ་རྒྱུས་བདེན་པར་སྨྲ་དགོས་པ་དེ་རེད།

ལོ་རྒྱུས་བདེན་པར་སྨྲ་ཚུལ་ཡང། རང་ཉིད་ཆོས་ལུགས་གང་ཞིག་ལ་དད་མོས་བྱེད་མིན་ལ་མ་ལྟོས་པར་ལོ་རྒྱུས་བཤད་སྐབས་ཆོས་ལུགས་གྲུབ་མཐའི་ཁ་འཛིན་དབང་དུ་མ་ཤོར་བ་དང་། དེ་བཞིན་སྐབས་ཐོག་གི་ཆབ་སྲིད་སྟོབས་ཤུགས་བསྟུན་ནས་བདེན་རྫུན་གོ་བཟློག་མི་བྱེད་པ། སྒེར་གྱི་ཁེ་ཕན་ཕྲན་བུ་བློས་གཏོང་མ་ཐུབ་པར་རྫུན་གཏམ་སྨྲ་བ་སོགས་མ་ཡིན་པ་སྟེ། ཆོས་ལུགས་གྲུབ་མཐའི་ཁ་འཛིན་དབང་དུ་ཤོར་ན་ལོ་རྒྱུས་བདེན་པར་སྨྲ་མི་ཐུབ་པ་ནི། བསྟན་པ་ཕྱི་དར་གྱི་རྗེས་སུ་བརྩམས་པའི་ཆོས་འབྱུང་དེབ་ཐེར་མང་ཆེ་བ་རང་རང་སོ་སོའི་གྲུབ་མཐའི་ཁ་འཛིན་ཆེེད་བྲིས་ཏེ། གྲུབ་མཐའ་གཞན་དང་འབྲེལ་བའི་ལོ་རྒྱུས་རྩིས་མེད་གཏོང་བ་སྟེ། དཔེར་ན། རྒྱལ་རབས་གསལ་བའི་མེ་ལོང་དུ། “རྗེ་གཉའ་ཁྲི་བཙན་པོ་ནས། ལྷ་ཐོ་ཐོ་རི་སྙན་ཤལ་ཡན་ལ་གདུང་རབས་ཉི་ཤུ་རྩ་བདུན་ལ་ལོ་བརྒྱ་དང་ལྔ་བཅུ་སོང་འདུག་པར་ངེས་ཟེར་ནའང་། ཆོས་དང་འབྲེལ་བའི་རྒྱལ་པོར་མི་འདུག་པས་ལོ་རྒྱུས་རྒྱས་པར་མ་བཀོད།”[33] ཅེས་ཟེར་བས་མཚོན་ནོ། དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་སྐོར་གྱི་གསུང་རྩོམ་གང་གི་ནང་དུའང་། སྤྱིར་བན་བོན་གཉིས་དང་། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་གི་ནང་རང་ཉིད་རྙིང་མ་ཡིན་པའི་ཁ་འཛིན་བྱས་ཏེ། ལོ་རྒྱུས་འཁྱོག་པོར་བརྗོད་པ་མི་སྣང་ཞིང་། “འོན་ཀྱང་རྒྱ་གར་པའི་སྲོལ་ཡིན་ཞེས་ཡར་འཇོག་བྱེད་པ་དང་། བོད་དང་བོན་གྱི་ལུགས་ཡིན་ཞེས་བསྙད་ཐབས་སུ་བྱེད་པའི་ཤན་དེ་ངེད་ལ་ནི་ཅུང་ཟད་ཀྱང་མེད་པས་རང་གི་རྣམ་རྟོག་དེ་ང་ལ་རྒྱས་འགེབས་པ་སོགས་སྔ་ཕྱི་གང་གི་སྐབས་སུ་ཡང་མ་བྱེེད།”[34]ཅེས་བསྟན་ཡོད། སྐབས་ཐོག་གི་ཆབ་སྲིད་སྟོབས་ཤུགས་དབང་གིས་བདེན་རྫུན་གོ་བཟློག་བྱེད་པ་ནི། སྔན་ཆད་ཙམ་མིན་པར་དེང་སང་ཡང་མང་གཙོ་མིན་པའི་ཡུལ་ལུང་ཁག་ནང་ལོ་རྒྱུས་སྨྲ་བ་ཚོར་འཕྲད་བཞིན་པའི་དཀའ་ངལ་ཞིག་སྟེ། བོད་ནང་གི་རང་རིགས་ལོ་རྒྱུས་སྨྲ་བ་མང་པོས་དབང་བསྒྱུར་པའི་འདོད་མོས་ལྟར་བོད་ཀྱི་སྲིད་ལུགས་ལོ་རྒྱུས་ལ་འཁྱོག་བརྗོད་བྱེད་བཞིན་པ་ལྟ་བུ་སྟེ། དཔེར་ན། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་དཔྱད་རྩོམ་<<ཐང་བོད་འབྲེལ་བའི་གཙོ་རྒྱུན་འབྲེལ་བ་ནི་མཐུན་འབྲེལ་ཡིན།>>[35] ཞེས་པའི་རྩོམ་ཡིག་ལྟ་བུ་རེད། དེ་བཞིན་དུ་སྒེར་གྱི་ཁེ་ཕན་ཆེད་ཁ་གསག་ངོ་སྲུང་གིས་ལོ་རྒྱུས་བྲིས་པའི་དཔེ་མཚོན་ནི། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་(1697-1763)གྱིས་བྲིས་པའི་མི་དབང་རྟོགས་བརྗོད་ལྟ་བུ་རེད། མི་དབང་ཕོ་ལྷ་བ་(1689-1747)ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་ཞིག་ཡིན་ཡང་། སྲིད་དོན་ལོ་རྒྱུས་ངོས་ནས་བཤད་ན། མན་ཇུའི་དཔོན་དམག་བོད་དུ་སྣེ་འདྲེན་བྱེད་མཁན་གྱི་ལོ་རྒྱུས་ཉེས་ཅན་པ་ཞིག་ཡིན་ཡང་། མི་དབང་རྟོགས་བརྗོད་ནང་མི་དབང་ཕོ་ལྷ་བའི་མཛད་རྗེས་ལ་སྒྲོ་བཏགས་ནས་འུད་བསྟོད་བྱས་པ་མ་གཏོགས་ནོར་འཁྲུལ་སྐོར་བྲིས་མེད་པ་ལྟ་བུ་དང་། དེ་བཞིན་དུ་དེང་དུས་ཀྱི་བོད་ཀྱི་ལོ་རྒྱུས་སྨྲ་བ་ཤར་ཡུལ་ཕུན་ཚེ་རིང་གིས་བྲིས་པའི་<<བོད་ཀྱི་ལོ་རྒྱུས་ཀུན་གསལ་མེ་ལོང་>>ཞེས་པའི་ནང་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་གསེར་ཁྲི་མངའ་གསོལ་སྐབས་ཝུ་ཀྲུང་ཧྲིན་གྱིས་མཛད་སྒོ་གཙོ་སྐྱོང་བྱས་ཚུལ་ནན་བརྗོད་བྱས་ཡོད་[36]པ་ལྟ་བུ་རེད།

གཉིས་པ། ལོ་རྒྱུས་ཞིབ་འཇུག་གི་དགོས་དམིགས་སྐོར།

དེ་ཡང་པཎ་ཌི་ཏ་ཟླ་བ་མངོན་དགས། ། བསྟན་བཅོས་དག་ནི་ཐམས་ཅད་དང་། ། ལས་ནི་ཅི་ཡང་རུང་བ་ཡི། ། ཇི་སྲིད་དགོས་པ་མ་སྨྲས་པ། ། དེ་སྲིད་དུ་ནི་ཅི་ཞིག་འཛིན། ། ཞེས་གསུངས་པ་ལྟར། ལོ་རྒྱུས་རིག་པར་སློབ་ཞིབ་དང་། རྩོམ་འཆད་བྱེད་པར་ཐོག་མར་དེའི་དགོས་པ་དང་དམིགས་ཡུལ་ཤེས་རྒྱུ་གལ་ཆེ། སྔོན་ཆད་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་དང་། ཐ་ན་དམངས་ཁྲོད་གཏམ་དཔེ་ཚུན་དུའང་། རང་རང་གི་འབྲེལ་ཡོད་ལོ་རྒྱུས་ཤེས་རྒྱུ་གལ་ཆེན་ཡིན་ཚུལ་ནན་བརྗོད་བྱས་ཡོད་པ་ནི། རླངས་ཀྱི་པོ་ཏི་བསེ་རུ་ལས། ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མིས་རང་གི་ཆོ་འབྲང་མ་ཤེས་ན། གཡུ་འབྲུག་ཟོལ་མ་འདྲ། ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་འདྲ། ཞེས་དང་། གཏམ་དཔེར་ཡང། ལོ་རྒྱུས་ཚིག་གསུམ་མ་གོ་ན། ། ཕ་ཨ་ཁུ་ཡིན་རུང་ངོ་མི་ཤེས། ། ཞེས་དང་། རྒྱུད་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། ། ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། ། ཞེས་དང་། དེ་བཞིན་ལོ་རྒྱུས་ཀྱི་དགེ་ཐོན་པ་ཞེས་སྔར་སྲོལ་ཕོ་རྩལ་སྣ་དགུའི་ནང་དུ་བགྲང་ཡོད་དོ། དེ་ལྟར་སྤྱི་དང་བྱེ་བྲག་རང་ཉིད་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་ཤེས་ན། བྲག་དགོན་པ་བསྟན་པ་རབ་རྒྱས་ཀྱི་ཞལ་ནས། གོ་མཐའི་ས་ལས་གོམ་གཅིག་མ་བརྒལ་བར། ། འཇིག་རྟེན་དེ་ཉིད་མཐོང་བའི་ལྟད་མོ་འབྱུང། ། ཞེས་གསུངས་པ་ལྟར་རང་ཉིད་ཤེས་རྒྱ་ཆེན་པོར་འགྱུར་ཞིང་། མི་གཞན་གྱིས་ཁྱེད་ཉིད་ལུང་པ་གང་ནས་ཡིན། མི་རིགས་གང་ཡིན། མི་རིགས་དེ་ལ་ཆོས་སྲིད་ཀྱི་ལོ་རྒྱུས་ག་འདྲ་ཡོད་པ་རེད་ཅེས་དྲི་བ་བཏང་ན། ལན་ཐོགས་རྡུགས་མེད་པར་འདེབས་ཐུབ་པ་ཡིན་ནོ།

འོ་ན་ལོ་རྒྱུས་ཞིབ་འཇུག་གི་དགོས་དམིགས་གཙོ་བོ་གང་ཞེ་ན། ལོ་རྒྱུས་སློབ་སྦྱོང་དང་ཞིབ་འཇུག་བྱས་པ་བརྒྱུད་འདས་པའི་ལོ་རྒྱུས་ཤེས་རྟོགས་དང་། ལོ་རྒྱུས་ཞིབ་འཇུག་བརྒྱུད་ལོ་རྒྱུས་ཀྱི་ཉམས་མྱོང་བཟང་པོ་རྒྱུན་འཛིན། འདས་པའི་ནོར་འཁྲུལ་གྱི་ཉམས་མྱོང་ལས་ལོ་རྒྱུས་ཀྱི་བསླབ་བྱ་ལེན་རྒྱུ། མི་རིགས་ཀྱི་ལོ་རྒྱུས་སམ་ཡང་ན་རང་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་ད་ཕན་ཆ་མི་ཚང་བ་ཁ་སྐོང་དང་ཁ་མི་གསལ་བ་གསལ་པོར་བཟོ་རྒྱུ། ལོ་རྒྱུས་ཀྱི་བཤད་ཚུལ་ནོར་འཁྲུལ་ཅན་ལ་ལུང་རིགས་དཔང་རྟགས་བཅས་བཀོད་དེ་དགག་སྒྲུབ་བྱེད་རྒྱུ་བཅས་ཡིན།

ལོ་རྒྱུས་ཤེས་རྟོགས་དགོས་པ་ནི་རྨང་གཞི་ཡིན་ཞིང་། རྨང་གཞི་དེའི་ཐོག་ཉམས་མྱོང་རྒྱུན་འཛིན་དང་ལོ་རྒྱུས་ཀྱི་བསླབ་བྱ་ལེན་དགོས། དཔེར་ན། བོད་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གིས་ལྷ་བཙན་པོ་མེས་དབོན་རྣམ་གསུམ་སོགས་ཀྱིས་མཐའ་བཞི་དབང་དུ་བསྡུས་ཏེ། སྟོབས་ལྡན་རྒྱལ་ཁབ་བཙུགས་པའི་ལ་རྒྱའི་སྙིང་སྟོབས་དང་། བོད་མི་རིགས་ཀྱི་དེ་ཉིད་དཔལ་ཡོན་ལྡན་པའི་མི་རིགས་ཤིག་ཏུ་འགྱུར་ཆེད་རིག་གནས་དཔལ་ཡོན་འཛུགས་སྐྲུན་བྱས་པའི་རྣམ་དཔྱོད་སོགས་ཉམས་མྱོང་བཟང་པོ་རྣམས་རྒྱུན་འཛིན་བྱེད་པ་དང་། དེ་བཞིན་དུ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་བོད་རང་གི་བདག་དབང་སྲ་བརྟན་དང་། སྤྱི་ཚོགས་ལམ་སྲོལ་གོང་འཕེལ་གཏོང་རྒྱུའི་ཐུགས་འདུན་དང་ཕྱག་ལས་གནད་ཆེ་གང་མང་གནང་ཡོད་ཀྱང་། སྐབས་དེའི་འབྲེལ་ཡོད་དཔོན་རིགས་དང་མི་མང་གིས་ཁོང་གི་དགོངས་གཞི་ཁག་ལ་ངོས་འཛིན་དང་ལག་བསྟར་མ་ཐུབ་པ་དང་། ཁོང་སྐུ་གཤེགས་མ་ཐག་ནང་ཁུལ་གྱི་དབང་ཆའི་འཐབ་རྩོད་ལ་གཡེང་སྟེ། སྤྱི་དོན་འཐུས་ཤོར་བཏང་བས་བོད་རང་བཙན་ཤོར་ཞིང་། སྤྱི་ཚོགས་ལམ་ལུགས་དུས་བསྟུན་བསྒྱུར་བཅོས་གཏོང་མ་ཐུབ་པ་རེེད། དེ་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་ཀྱི་སེམས་སྐྱོ་དགོས་པའི་བསླབ་བྱ་ཆེན་པོ་ཞིག་ཡིན་པས། ང་ཚོས་བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་པ་བརྒྱུད་ལོ་རྒྱུས་ཀྱི་བསླབ་བྱ་མ་བརྗེད་པ་བྱས་ཏེ། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་སྐུ་འཚོ་བཞུགས་ཀྱི་རིང་འདིར། བོད་ཀྱི་ཆོས་ལུགས་དང་རིག་གནས་རྒྱུན་འཛིན་དར་སྤེལ། བོད་མིའི་བདེ་སྡུག་མདུན་ལམ་ཐག་གཅོད་ཡོང་བར་འབད་དགོས་པ་ལྟ་བུ་རེད།

ལོ་རྒྱུས་ཁ་སྐོང་བ་ནི་ད་ཕན་ཡིག་འཁོད་བྱས་པའི་ལོ་རྒྱུས་ནང་ཁ་མི་ཚང་བ་ཚང་བར་བྱེད་པ་དང་། གསལ་ཁ་མེད་པ་དག་གསལ་པོར་བཟོ་བ་སྟེ། དཔེར་ན། བོད་མི་རིགས་ཀྱི་ལོ་རྒྱུས་ལ་མཚོན་ན། ཆོས་རྒྱལ་ནམ་མཁའི་ནོར་བུའི་བོད་ཀྱི་ཡ་ཐོག་གི་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཏེ་བོད་ཀྱི་ལོ་རྒྱུས་ཀྱི་རྒྱུན་བསྲིངས་པ་དང་། མཁས་དབང་ཞྭ་སྒབ་པས་བོད་ཀྱི་སྲིད་ལུགས་ལོ་རྒྱུས་ཅུང་ཆ་ཚང་བ་ཞིག་ཞིབ་འཇུག་དང་། རྩོམ་འབྲི་གནང་སྟེ་བོད་ལ་སྲིད་དོན་ལོ་རྒྱུས་ཆ་ཚང་ཞིག་མེད་པའི་སྟོང་ཆ་ཁ་སྐོང་གནང་བ་ལྟ་བུ་རེད། ལོ་རྒྱུས་ཀྱི་བཤད་ཚུལ་ནོར་འཁྲུལ་ཅན་ལ་ལུང་རིགས་དཔང་རྟགས་བཅས་བཀོད་དེ་དགག་སྒྲུབ་བྱེད་པ་ནི། ཆོས་ལུགས་འཐེན་འཁྱེར་དང་ཆབ་སྲིད་དགོས་དབང་སོགས་ཀྱི་ལོ་རྒྱུས་ཀྱི་མི་སྣར་གདེང་འཇོག་བྱེད་ཚུལ་དང་། ལོ་རྒྱུས་ཀྱི་དོན་རྐྱེན་ལ་འགྲེལ་ལོག་བརྒྱབ་པར་རྒྱུ་མཚན་བགྲང་སྟེ། བཤད་ཚུལ་ལོག་པ་སུན་ཕྱུངས་ནས་བདེན་དོན་སྲུང་སྐྱོབ་བྱེད་དགོས་པ་དེ་ཡིན། དཔེར་ན། དེང་སང་བོད་ནང་དུ་ཆབ་སྲིད་དགོས་དབང་གིས་བོད་རྒྱའི་འབྲེལ་བའི་ལོ་རྒྱུས་ལ་འཁྱོག་བརྗོད་བྱས་དང་བྱེད་མུས་ལ་ལན་འདེབས་བྱེད་དགོས་པ་ལྟ་བུ་རེད། ལས་དོན་འདི་ནི་རང་དབང་ལུང་པར་ཡོད་པའི་བོད་མི་ལོ་རྒྱུས་སྨྲ་བ་ཚོའི་དམིགས་བསལ་འགན་འཁྲི་ཆགས་ཡོད།

གསུམ་པ། ལོ་རྒྱུས་ངོ་མ་ངོས་འཛིན་སྐོར།

ལོ་རྒྱུས་ཞེས་པ་འགྲོ་བ་མིའི་རིགས་ཀྱི་འདས་པའི་བྱུང་བ་ལ་ཟེར་ཞིང་། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་འཆད་སྐབས་མི་ལུགས་གཙོར་བཟུང་བྱེད་དགོས་པ་སྨོས་ཅི་དགོས། དེས་ན་དཀྱུས་མའི་ལོ་རྒྱུས་ཞེས་པ་ནི། སྐབས་ཐོག་གི་སྐྱེ་བོ་ཀུན་ལ་ཐུན་མོང་སྣང་ཚོད་དུ་ཤར་བ་ཙམ་ལ་ཟེར་བ་དང་། དེ་ཙམ་གཞིར་བཟུང་སྟེ་ལོ་རྒྱུས་འབྲི་བ་དང་སྨྲ་བ་ཡིན་གྱི། ཐུན་མོང་མ་ཡིན་པའི་དག་སྣང་གི་བཤད་ཚུལ་དང་། རྟོག་བཟོའི་ལྷ་སྒྲུང་རིགས་ལོ་རྒྱུས་དངོས་དང་བསྲེ་མི་རུང་། འདིའི་ཐད་དགེ་འདུན་ཆོས་འཕེལ་གྱིས། “རྒྱལ་པོ་འདི་ནི། ངེས་པའི་དོན་དུ་འཕགས་པ་འཇིག་རྟེན་དབང་ཕྱུག་མི་ཡི་ཟོལ་དུ་བྱོན་པའི་རྩོད་མེད་སྤྲུལ་པའི་སྐྱེས་བུ་ཆེན་པོར་གྲུབ་པས། ཐུན་མོང་མ་ཡིན་པའི་ངེས་དོན་གྱི་རྣམ་པར་ཐར་བ་དག་ཀྱང་གཞན་དུ་གྲགས་པ་ལྟར་ལ། འདིར་ནི་བཙན་པོ་ཉིད་ཀྱིས་འཇིག་རྟེན་སྲིད་ལུགས་དང་འབྲེལ་བའི་མཛད་འཕྲིན་ཇི་ཞིག་གནང་བའི་ཚུལ་རྣམས། དུས་མཉམ་པའི་སྐྱེ་རྒུ་ཐ་མལ་པ་རྣམས་ཀྱིས་མཐོང་ཚུལ་ལྟར་བཀོད་པའི་རྒྱལ་རབས་ཀྱི་དུམ་བུ་གསུམ་ན་ཅུང་ཟད་གསལ་བ་རྣམས་ལྷན་ཅིག་ཏུ་བསྡུས་ཏེ་བཤད་པར་བྱའོ། ། “[37] ཞེེས་དང་། ཡང་གསེར་ཐང་དུ། “ཨོཌི་ཡན་ནི་གནས་ཆེན་པོ་ཉེར་བཞིའི་ནང་ནས་ཀྱང་གཙོ་བོ་ལྟ་བུ་ཡིན་ཅིང་། གྲུབ་པ་དང་རིག་པ་འཛིན་པའི་རྣལ་འབྱོར་པ་རྣམས་ཀྱིས་བཟུང་བས་སྤྲུལ་པའི་ཞིང་ཁམས་ཡིན་པས། དོན་དངོས་པོའི་གནས་ཚོད་ལ་ཡུལ་དེ་ཅི་ལྟར་ཡོད་པ་ནི་ཁྱེད་རྣམས་ལ་ཤིན་ཏུ་གསལ་བས་སྨྲ་མ་དགོས། དེས་ན་ཁོ་བོས་འདིར་ཐུན་མོང་སྣང་ཚོད་གྱིས་དབང་དུ་བྱས་ནས་འཆད་ན། “[38] ཞེས་ཆོས་ལུགས་ཀྱི་དག་སྣང་དུ་ཤར་བའི་ཐུན་མོང་མ་ཡིན་པའི་བཤད་ཚུལ་དང་། སྐྱེ་བོ་ཕལ་བའི་ཐུན་མོང་སྣང་ཚོད་དུ་ཤར་བའི་ལོ་རྒྱུས་དངོས་གཉིས་སོ་སོར་ཕྱེ་དགོས་གསུངས་ཡོད། དེས་ན་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དང་། རྣམ་ཐར་ཁག་ཏུ་ལྷ་བཙན་པོ་མེས་དབོན་རྣམ་གསུམ་རིགས་གསུམ་མགོན་པོའི་རྣམ་སྤྲུལ་ཡིན་པ་དང་། རྗེ་ཙོང་ཁ་པར་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་པ། ལྷ་བཙུན་གྱིས་མཛད་པའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སྐུ་ཚེ་སྨད་ཀྱི་གསང་རྣམ་ནང་ཁོང་གིས་བྱ་རྒོད་ཕུང་པོའི་རི་ཤེར་ཕྱིན་བརྩེགས་པའི་ཕུང་པོར་གཟིགས་ཚུལ་སོགས་ཐུན་མོང་མ་ཡིན་པའི་བཤད་ཚུལ་ཁག་ནི། ཇི་སྐད་དུ། ཆོས་ཚུལ་ཟབ་པས་ཐག་གཅོད་མི་སྔ་ཞིང་། གསུངས་སྲོལ་ལྟར་རེ་ཞིག་བདེན་རྫུན་ཤན་འབྱེད་མི་དགོས་པར་ཆོས་ལུགས་ཀྱི་ཁྱབ་ཁོངས་སུ་བཏང་སྙོམས་འཇོག་རིགས་པ་ཡིན། འོན་ཀྱང་ཐུན་མོང་མ་ཡིན་པའི་དག་པའི་གཟིགས་སྣང་དེ་དག་འཇིག་རྟེན་མི་ལུགས་ཀྱི་ལོ་རྒྱུས་དཀྱུས་མ་དང་བསྲེ་མི་རུང་ངོ། །

དེ་བཞིན་དུ་རྟོག་བཟོའོ་ལྷ་སྒྲུང་མཚར་ཆེ་བ་དག་མིའི་རིགས་ཀྱི་དཀྱུས་མའི་ལོ་རྒྱུས་ནང་བསྲེ་མི་རུང་ཚུལ་ལའང་། གསེར་ཐང་དུ། “དེའི་ཕྱིར་བདེན་རྫུན་ཅི་ལྟར་བས་ཀྱང་རུང་གི་ངོ་མཚར་ཧ་ཅང་ཆེ་བའི་གཏམ་རྣམས་ལོ་རྒྱུས་དཀྱུས་མ་དང་མ་བསྲེས་པར་ཟུར་དུ་བཤད་ན། དད་པ་མི་ཉམས་པ་དང་། རྒྱལ་རབས་མི་འཇིག་པ་དང་། བླུན་པོ་སྨྲ་ཁམས་ཅན་རྣམས་ལང་ལ་མི་འཆོར་བ་སོགས་ཀྱི་དགོས་པ་རྒྱ་ཆེན་པོ་མཆིས་སོ།”[39] ཞེས་དང་། ཡང་། “དེ་ལ་རྒྱལ་པོ་རྫུ་འཕྲུལ་གྱིས་ཤིང་ཐམས་དམག་ཏུ་འགྱུར། རྡོ་བ་ཐམས་ཅད་རྟར་འགྱུར། དེ་ཐམས་ཅད་ཆུ་ཆེན་རྨ་ཆུའི་སྟེང་ནས་ཕར་ལ་རྩྭ་འཇག་མ་གཅིག་གིས་ཟམ་པ་བྱས་ནས་སོང་བྱ་བ་སོགས་ལོ་གཅིག་ལ་བསྒྲུབས་དགོས་རྣམས་ཉིན་གཅིག་ལ་གྲུབ། མི་སྟོང་གིས་བྱེད་དགོས་པ་རྣམས་མཛུབ་མོ་གཅིག་གིས་བྱས་པ་སོགས་ངོ་མཚར་ཧར་ཆེན་པོའི་གཏམ་རྒྱུད་སྨྲས་ན། བླུན་པོ་རྣམས་ཅི་བས་ཀྱང་ངོ་མཚར་སྐྱེས་ནས་འཁོར་གྱི་ནང་དུ་འུར་སྒྲ་དང་། བཞད་གད་དང་། མིག་ཆུ་འདོན་པ་མང་དུ་འོང་། རྟའི་ལོ་ལ་བཙན་པོ་འོན་ཅང་དོ་ན་བཞུགས། གར་ལོག་གི་ཕོ་ཉས་ཕྱག་འཚལ། རྔ་མོང་དང་བ་ལང་མང་པོ་ཕྱག་ཏུ་ཕུལ། སྟོད་སྨད་ཀྱི་རྐུན་མ་བཏུལ་སོགས་སྨྲས་ཚེ། མིའི་ལོ་རྒྱུས་ས་སྟེང་དུ་བྱུང་བ་དེ་ཡིན་པར་ཤེས་ནས། མཉན་མཁན་གྱི་བླུན་པོ་ཉུང་དུ་འགྲོ་སྐབས། ཐམས་ཅད་ཀྱིས་སྔ་མ་འདམས་ནས་གཅིག་ལས་གཅིག་ངོ་མཚར་ཆེ་བའི་གཏམ་རྒྱུད་སྤེལ་པའི་ཐབས་ལ་འབད་པས། དུས་བསྒྲིགས་པའི་རྒྱལ་རབས་དངོས་ལ་རིན་ཐང་ཅི་ཡང་མེེད་པར་བྱས་སོ།”[40] ཞེས་གསུངས་པས་མཚོན་ནོ། ། དེས་ན་རྟོག་བཟོའི་སྒྲུང་དང་ལོ་རྒྱུས་དངོས་གཉིས་སོ་སོར་རྐྱ་བཀར་དགོས་པ་ཡིན། སྔ་མོའི་དུས་སུ་མི་རྣམས་ལ་རང་བྱུང་དང་སྤྱི་ཚོགས་ཀྱི་གནས་ཚུལ་ལ་ངོས་འཛིན་གྱི་ཆུ་ཚད་ཞན་ཞིང་། རིག་ཚན་ཁག་ལ་ཞིབ་ཚགས་ཀྱི་དབྱེ་བ་མེད་པས་འགྲོ་བ་མིའི་རིགས་ཀྱི་ཐོག་མའི་ལོ་རྒྱུས་ལྷ་སྒྲུང་དང་འདྲེས་ནས་ཡོད་པ་བོད་ཙམ་མིན་པར་མི་རིགས་ཀུན་ལ་ཡོད་པ་ཞིག་རེད། འོན་ཀྱང་ད་ལྟའི་སྐབས་སུའང་། བོད་ཀྱི་མིའི་རྒྱུད་པ་བྱུང་ཚུལ་སྐབས་སུ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོའི་ལྷ་སྒྲུང་དང་། དེ་བཞིན་མགར་སྟོང་བཙན་གྱིས་ཐང་རྒྱལ་རབས་ཀྱི་རྒྱལ་བློན་རྣམས་རིག་འཕྲུལ་གྱིས་ཕམ་པར་བྱས་ཏེ་ཀོང་ཇོ་བླངས་ཚུལ་སོགས་བསྐྱར་ཟློས་བྱས་ན་རྣ་བར་འགྲོ་མཁན་དཀོན། དེ་བས་དགེ་འདུན་ཆོས་འཕེལ་གྱིས་”དེས་ན་དཀྱུས་མའི་རྒྱལ་རབས་ཤིག་འཆད་ཚེ། འཇིག་རྟེན་མི་ལུགས་ཀྱི་བྱུང་བ་རྣམས་གཙོ་བོར་བཏོན་དགོས་པ་ཡིན་པས། འདི་འདྲ་དག་གི་སྐབས་སུ་རྒྱལ་པོ་རྣམས་ཀྱི་ཆེ་བ་འདོན་པའི་ཁུལ་དུ་བྱས་ནས། ངོ་མཚར་པའི་སྣོན་མ་སྣ་ཚོགས་འདེབས་དགོས་པའི་དོན་ཅི་ཡང་མེད་དོ། “[41] ཞེས་གསུངས་པ་ལྟར་ཤེས་པར་བྱའོ། ། འོན་ཀྱང་གདོད་མའི་ལྷ་སྒྲུང་ཁག་གི་ནང་དུའང་ལོ་རྒྱུས་ཀྱི་ས་བོན་ངེས་ཅན་རེ་ཡོད་པ་ནི་སྨོས་མ་དགོས་སོ། །

བཞི་པ། ལོ་རྒྱུས་ཀྱི་འབྲེལ་ཡོད་ཐ་སྙད་ལ་དཔྱད་ཞིབ་སྐོར།

ལོ་རྒྱུས་ཞིབ་འཇུག་བྱེད་སྐབས་རང་གི་ཞིབ་འཇུག་བྱ་ཡུལ་དུ་གྱུར་པའི་འབྲེལ་ཡོད་བརྗོད་གཞི་དང་འབྲེལ་བའི་བརྡ་ཆད་གཙོ་བོ་ཁག་གཏན་འཁེལ་བྱས་ཏེ། དེའི་སྐོར་གྱི་དཔྱད་གཞིའི་རྒྱུ་ཆ་རྩད་ཞིབ་བྱེད་པ་དང་། དེ་བཞིན་ལོ་རྒྱུས་དངོས་གཞི་མ་གླེང་སྔོན་དེ་དང་འབྲེལ་ཡོད་ཐ་སྙད་གཙོ་ཁག་གི་འཇུག་དོན་གསེད་དགྲོལ་བྱེད་པ་ནི་ཕན་ཐོགས་ཡོད་པའི་ཐབས་ལམ་ཞིག་ཡིན། དཔེར་ན། དགེ་འདུན་ཆོས་འཕེལ་གྱི་དེབ་དཀར་དུ། “འདིར་འོག་གི་རྒྱལ་རབས་རྟོགས་པའི་ཡན་ལག་ཏུ་གྱུར་པའི་གཞི་འགའ་ཞིག་ཐོག་མར་དཔྱད་པ་ལ། རེ་ཞིག་ཡུལ་གྱི་མིང་དང་རྒྱལ་བློན་སོགས་ཀྱི་ཐ་སྙད་བཏགས་ཚུལ་སོགས་བསམ་པར་བྱ་སྟེ།” [42]ཞེས་གསུངས་ནས་རང་གིས་འོག་ཏུ་འཆད་འགྱུར་གྱི་བཙན་པོའི་རྒྱལ་རབས་སྐོར་ཤེས་རྟོགས་ཡོང་ཆེད། ཐོག་མར་བོད་ཅེས་པའི་ཐ་སྙད་དང་། དེ་བཞིན་དབུས་དང་གཙང་། མངའ་རིས། ཁམས། ཨ་མདོ་ཞེས་སོགས་ཀྱི་ཐ་སྙད་ཁག་གི་འཇུག་དོན་ཁག་ལ་དཔྱད་པ་ཞིབ་མོར་གནང་བ་དང་། གཞན་ཡང་རྗེ་བློན་སོགས་ཀྱི་མིང་གི་ཐ་སྙད་ལའང་དཔྱད་པ་བྱས་ཡོད། ལོ་རྒྱུས་དངོས་གཞི་མ་གླེང་གོང་འབྲེལ་ཡོད་ཐ་སྙད་གཙོ་བོ་ཁག་གི་འཇུག་དོན་དཔྱད་པ་ཞིབ་མོར་བྱེད་པ་འདི་འདྲ་བོད་ཀྱི་དེ་སྔའི་ལོ་རྒྱུས་ཡིག་ཚང་ཡོངས་གྲགས་ནང་མཐོང་དཀོན་པ་ཞིག་རེད།

ལྔ་པ། ལོ་རྒྱུས་ཀྱི་དཔྱད་གཞིའི་རྒྱུ་ཆར་མཐོང་ཆེན་སྐོར།

ལོ་རྒྱུས་ཞིབ་འཇུག་ལ་དཔྱད་གཞི་གལ་ཆེ་བ་དང། དཔྱད་གཞིའི་རིགས་དང་རྣམ་གྲངས་སོགས་ས་བཅད་སྔ་མ་ཁག་ཏུ་རྒྱས་པར་བརྗོད་ཟིན། འདིར་དགེ་འདུན་ཆོས་འཕེལ་གྱིས་དཔྱད་གཞིར་མཐོང་ཆེན་གནང་ཚུལ་མཚོན་ཙམ་སྨྲ་ན། “སྟོང་ཉིད་དང་། རྟེན་འབྱུང་སོགས་འཆད་པ་ལ་ཤེས་རབ་ཟབ་མོ་དགོས་ལ། ད་ལྟ་རང་རེ་ལ་ཤིན་ཏུ་ལྐོག་གྱུར་དུ་སོང་བའི་སྔོན་གྱི་རྒྱལ་པོ་ཞིག་གི་ཕོ་བྲང་གི་དབྱིབས་དང་། ཚེའི་ཚད་སོགས་དེ་དུས་བླུན་པོ་ཞིག་གིས་ཡི་གེར་བྲིས་པ་ཞིག་ལག་ཏུ་སོན་ཀྱང་འཁྲུལ་མེད་དུ་འོངས་བ་ལྟ་བུའོ། ”[43] ཞེས་དང་་། དེབ་དཀར་ལས་“ལར་སྔོན་དུས་ཀྱི་སྲོལ་ལུགས་སོགས་ཇི་འདྲ་ཡིན་བསམ་པའི་ཚེ། རྒྱལ་ཁམས་གཞན་གྱི་ཡི་གེར་བྲིས་པའི་ལོ་རྒྱུས་སོགས་ལ་བལྟ་བ་ཙམ་ལས། རང་གི་མིས་རང་ཡུལ་གྱི་སྲོལ་ལུགས་འདི་འདྲའོ་ཞེས་ཞིབ་ཏུ་བྲིས་པ་ཞིག་ཤིན་ཏུ་རྙེད་དཀའ་བ་འདི་ཡུལ་ཀུན་ལ་འདྲ་བ་ཡིན་ཏེ། ” [44]ཞེས་དང་། ཡང་གསེར་ཐང་དུ་“དེས་ན་ལོ་རྒྱུས་སྨྲ་བར་འདོད་པ་རྣམས་ཀྱིས། འདི་ལྟ་བུའི་གནས་ལ་དཔྱད་པ་ཞིབ་མོ་སྐད་བྱས་པ་ལ་ཅོལ་ཆུང་གི་ལས་ཤིག་ཏུ་མ་བསམ་པར་རྩད་གཅོད་ལེགས་པར་བྱས་ན། སྐབས་འགར་རྒྱལ་རབས་སུ་གྲགས་པའི་གླེགས་བམ་འགའ་ཞིག་ལས་ཀྱང་རྣམ་པ་གསལ་པའི་རྒྱུ་མཚན་མཐོང་རྒྱུ་ཡོད་པ་དགོངས་པར་གྱིས་ཤིག ”[45]ཅེས་སོགས་གསུངས་པ་ལྟར། དགེ་འདུན་ཆོས་འཕེལ་གྱིས་གནའ་རྫས་རིག་པ་དང་། སྒྱུ་རྩལ་རིག་དངོས། དམངས་སྲོལ་རིག་པ། ངག་རྒྱུན། ཕྱི་མིས་བྲིས་པའི་འབྲེལ་ཡོད་ལོ་རྒྱུས། ལོ་རྒྱུས་ཡིག་ཚང་སོགས་མཐའ་དག་ལོ་རྒྱུས་ཞིབ་འཇུག་གི་དཔྱད་གཞིའི་རྒྱུ་ཆར་རུང་བ་དང་། དེ་དག་གང་ལའང་མཐོང་ཆུང་མི་བྱེད་པར་དཔྱད་པ་ཞིབ་མོ་བྱས་ན་ལོ་རྒྱུས་ཤེས་རྟོགས་ཀྱི་ཡན་ལག་ཏུ་འགྱུར་ཚུལ་ཐེངས་མང་གདམས་ཡོད།

དྲུག་པ། ལོ་རྒྱུས་ཀྱི་བྱེ་བྲག་གནད་དོན་ཐད་ཞིབ་འཇུག་སྐོར།

ལོ་རྒྱུས་ཀྱི་བྱེ་བྲག་གནད་དོན་ལ་ཞིབ་འཇུག་ཅེས་པ་ནི། སྤྱི་བཤད་ཙམ་མིན་པར་ལོ་རྒྱུས་དང་འབྲེལ་བའི་མི་སྣའམ། དོན་རྐྱེན་བྱེ་བྲག་པར་དམིགས་སུ་བཀར་ནས་ཞིབ་འཇུག་བྱེད་པ་ལ་ཟེར། ལོ་རྒྱུས་ཞིབ་འཇུག་བྱེད་སྐབས་དུས་ཚོད་བྱེ་བྲག་པ་དང་། ལོ་རྒྱུས་ཀྱི་མི་སྣའམ། དོན་རྐྱེན་བྱེ་བྲག་པར་ཞིབ་འཇུག་བྱེད་སྲོལ་འདི་ནུབ་ཕྱོགས་པའི་ལོ་རྒྱུས་སྨྲ་བར་མཚོན་ན་དར་སོ་ཆེན་པོ་ཡོད་པའི་བྱ་ཐབས་ཤིག་རེད། ནུབ་ཕྱོགས་པའི་དེང་དུས་ལོ་རྒྱུས་སྨྲ་བ་མང་ཆེ་བ་དུས་སྐབས་བྱེ་བྲག་པ་དང་། མི་སྣའམ་དོན་རྐྱེན་བྱེ་བྲག་པའི་སྐོར་ལ་ཆེད་དུ་ཞིབ་འཇུག་དང་། དོ་སྣང་བྱེད་མཁན་མ་གཏོགས། བོད་ཀྱི་དེ་སྔའི་ལོ་རྒྱུས་མཁན་པོ་རྣམས་ལྟར། སྣོད་བཅུད་འཇིག་རྟེན་ཆགས་ཚུལ་ནས་བཟུང་སྟེ། དཀར་ནག་རྒྱ་དང་། སོག་པོ། བོད་སོགས་ཀྱི་ལོ་རྒྱུས་ཧྲིལ་པོ་མི་གཅིག་གིས་སྨྲ་བ་ལྟ་བུའི་སྦྱོར་བ་ལྷུར་མི་ལེན། མི་གཅིག་ཇི་ཙམ་མཁས་ནའང་དེའི་ནུས་པ་དང་། དཔྱད་གཞིའི་རྒྱུ་ཆ། དུས་ཚོད་བཅས་ལ་ཚད་བཀག་ཡོད་པས་ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ནམ། ཡང་ན་མི་སྣའམ་དོན་རྐྱེན་བྱེ་བྲག་པའི་སྐོར་ལ་བྱེ་བྲག་ཏུ་ཞིབ་འཇུག་བྱས་ན། ད་གཟོད་ཞིབ་ཚགས་དང་ཆེད་ལས་ཞིབ་འཇུག་གི་ཁྱད་ཆོས་ཐོན་ཐུབ་པ་ཡིན། དགེ་འདུན་ཆོས་འཕེལ་མཆོག་གི་དེབ་དཀར་ནང་། སྤུ་རྒྱལ་སྲོང་བཙན་སྒམ་པོའི་སྐོར་ལ་འབྲེལ་ཡོད་ཏུན་ཧོང་ཡིག་ཆ་དང་། རྒྱ་ནག་ཐང་རྒྱལ་རབས་ཀྱི་བོད་དང་འབྲེལ་བའི་ཡིག་ཚང་བཅས་ལ་ཁུངས་བཅོལ་ཏེ་དཔྱད་པ་ཞིབ་མོ་བྱས་ཏེ། སྲོང་བཙན་སྒམ་པོའི་འཁྲུངས་འདས་ལོ་ཚིགས་གཏན་འབེབས་དང་། མཐའ་བཞིར་དམག་དྲངས་ཏེ་བོད་ཆེན་པོའི་བཙན་པོའི་རྒྱལ་རབས་བཙུགས་པ། བོད་ཡིག་གི་སྲོལ་ཕྱེས་པ། སངས་རྒྱས་ཆོས་ལུགས་བོད་ལ་ཐོག་མར་དར་སྤེལ་བྱས་ཚུལ་སོགས་ཞིབ་ཚགས་ཀྱིས་གླེང་ཡོད་པ་ལྟ་བུ་དང་། དེ་བཞིན་དུ་བོད་ཅེས་པའི་ཐ་སྙད་ཀྱི་འཇུག་དོན་ཞིབ་འཇུག་དང་། ལི་ཡུལ་ཞེས་པ་གང་ལ་ངོས་འཛིན་དགོས་པའི་གནད་དོན་ལ་ཞིབ་འཇུག་དང་དགག་གཞག་བྱས་ཡོད་པ་སོགས་ནི། ལོ་རྒྱུས་ཀྱི་བྱེ་བྲག་གནད་དོན་ལ་བྱེ་བྲག་ཏུ་ཞིབ་འཇུག་བྱས་པའི་དཔེ་མཚོན་ཤ་སྟག་རེད།

བདུན་པ། ལོ་རྒྱུས་བཤད་པར་ལོ་ཚིགས་ཀྱི་གཞི་འཛིན་སའི་སྐོར།

ཀུན་གྱིས་ཡིད་རྟོན་འཕེར་བའི་ལོ་རྒྱུས་ཚད་ལྡན་ཞིག་སྨྲ་བ་ལ། གཞི་འཛིན་སའི་ལོ་ཚིགས་ཀྱི་རྣམ་གཞག་གསལ་པོ་ཞིག་དགོས་པ་གནའ་དེང་ཕྱི་ནང་གི་ལོ་རྒྱུས་སྨྲ་བ་ཀུན་ཞལ་མཐུན་པར་སྣང་། དེའི་རྒྱུ་མཚན་ཡང་ལོ་རྒྱུས་ཀྱི་མི་སྣའམ་དོན་རྐྱེན་སོགས་གླེང་སྐབས། དུས་སྐབས་ནམ་ཞིག་ལ་བྱུང་བའི་དུས་ཚིགས་ཞིབ་མོར་སྨྲ་རྒྱུ་མེད་ན་རྟོག་བཟོའི་གཏམ་རྒྱུད་དང་གཅིག་པར་འགྱུར་བས་སོ། ། དེའི་ཐད་དགེ་འདུན་ཆོས་འཕེལ་གྱི་དེབ་དཀར་དུ “ཡིད་བརྟན་འཕེར་བའི་རྒྱལ་རབས་སྨྲ་བ་ལ། སྔ་ཕྱིའི་དུས་ཚིགས་ཤེས་མེད་དུ་མི་རུང་བ་ཡིན་པས། འདིར་ལོ་ཚིགས་ཀྱི་རིམ་པ་གང་ལ་སྦྱོར་བའི་གཞི་བཤད་པར་བྱ་སྟེ། ”[46]ཞེས་དང་། དེ་བཞིན་གསེར་ཐང་དུ། “རྒྱལ་པོ་ཧརཤའི་ཁྲི་ལོ་ཉེར་གཉིས་པའི་སྐབས་སུ་རང་རེའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་འཁྲུངས་ཤིང། ཀོང་ཇོ་བོད་དུ་འོངས་ཚེ་ཀླ་ཀློའི་སྟོན་པ་མ་མ་ཐར་ཤི་ནས་ལོ་དགུ་སོང་ཟེར་ལ། དེ་སྲོང་བཙན་དགུང་ལོ་བདུན་པའི་སྐབས་ཤི་བས། དེ་ལྟར་ན་དགུང་ལོ་བཅུ་དྲུག་པར་ཁབ་ཏུ་བཞེས་པ་སོགས་དང་འཁྲིགས་ཀྱི་འགྲིགས་པ་རྒྱལ་རབས་བདེན་པའི་འབྲས་རྟགས་འདི་འདྲ་ཡིན་མོད། བླུན་པོ་རྣམས་ལ་ཡ་མཚན་གྱི་སྣང་བ་རྡུལ་ཙམ་ཡང་མི་འཆར།”[47]ཞེས་འབྱུང་བ་ལྟར། ལོ་རྒྱུས་སྨྲ་བར་དུས་ཚིགས་ཀྱི་གཞི་འཛིན་ས་གལ་ཆེ་ཚུལ་ནན་གསུངས་གནང་ཡོད། ད་ཕན་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་ལོ་ཚིགས་གང་ལ་སྦྱོར་བའི་གཞི་བཞི་ཡོད་པ་ནི། སངས་རྒྱས་ཤཱཀྱ་མུ་ནེའི་འདས་ལོ་དང་སྦྱར་བ་དང། ཕྱིས་སུ་རབ་ལོ་དང་སྦྱར་བ། དེང་སྐབས་ཡོངས་ཁྱབ་ཏུ་ཕྱི་ལོའམ་སྤྱི་ལོར་སྦྱར་བ། མཁས་པ་ཁ་ཅིག་སྨེ་ལོ་དང་སྦྱར་བ་བཅས་སོ། །

དེ་ལས་དང་པོ་སངས་རྒྱས་ཀྱི་འདས་ལོ་ལ་སྦྱར་ནས་ལོ་རྒྱུས་སྨྲ་ཚུལ་དེ་སྔ་ཧ་ཅང་གྲགས་ཆེ། འབྲེལ་ཡོད་མཁས་པས་ཕྱོགས་བསྡོམས་གནང་བ་ལྟར་སྟོན་པའི་འདས་ལོ་བརྩི་ཚུལ་ལ་ད་ཕན་ལུགས་མ་འདྲ་བ་ཉེར་དྲུག་ཡོད་ཅིང་། བོད་རང་གི་ལོ་རྒྱུས་ཐོག་ཏུའང་བརྩི་ཚུལ་མ་འདྲ་བ་ཉེར་གཅིག་བྱུང་ཡོད་པས་སངས་རྒྱས་ཀྱི་འདས་ལོར་སྦྱར་ཚེ་ལུགས་གང་ཡིན་གསལ་པོར་མ་བྱས་ཚེ་ཧ་ཅང་མགོ་རྙོག་ཆེ་བ་ཞིག་ཡིན། དགེ་འདུན་ཆོས་འཕེལ་གྱིས་ལོ་རྒྱུས་སྨྲ་སྐབས་གནས་བརྟན་སྡེ་བའི་ལུགས་ཀྱི་སངས་རྒྱས་འདས་ལོ་ཚད་མར་བཟུང་ཡོད། རབ་ལོ་བརྩི་ཚུལ་ནི་ཕྱི་ལོ་ ༡༠༢༧ ལོར་བོད་ཀྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་དུས་འཁོར་རྩ་རྒྱུད་བོད་དུ་ཐོག་མར་བསྒྱུར་ཅིང། དེ་ནས་བཟུང་རབ་བྱུང་བརྩི་སྲོལ་ཚུགས། རབ་བྱུང་གཅིག་ལ་ལོའི་ཉག་མའམ་བགྲང་བྱ་དྲུག་ཅུ་རེ་ཡོད་ཅིང། རབ་བྱུང་དང་པོའི་རབ་ལོ་དང་པོ་ལ་བོད་ལུགས་ཀྱི་མིང་དུ་རབ་བྱུང་ཞེས་ཟེར་པ་བྱེ་བྲག་གམ་གྲངས་དྲུག་ཅུའི་ཆེས་ཐོག་མའི་མིང་དེ་སྤྱི་མིང་དུ་ཆགས་པ་ཡིན། རྒྱ་ནག་ལུགས་ལྟར་ན་མེ་མོ་ཡོས་ལ་ཁེལ་ཡོད། རབ་ལོ་དང་སྦྱར་ནས་ལོ་རྒྱུས་སྨྲས་པ་རྣམས་ནོར་འཁྲུུལ་མེད། ཕྱི་ལོའམ། སྤྱི་ལོ། དབྱིན་ལོ། ཨིན་ལོ། ཡེ་ལོ་སོགས་ནི་ཡེ་ཤུའི་སྟོན་པའི་འདས་ལོ་ནས་བརྩི་བ་སྟེ། མིང་མ་འདྲ་བ་བཏགས་པ་ཙམ་ཡིན། དགེ་འདུན་ཆོས་འཕེལ་གྱིས་ཕྱི་ལོའི་བརྩི་ཚུལ་དེ་བོད་ལ་འོས་འགབ་མི་ཆེ་ཚུལ་[48]གསུངས་ཡོད་ནའང་། དེང་སང་འཛམ་གླིང་སྤྱིའི་བརྩི་ལུགས་ལྟ་བུར་གྱུར་ཡོད། སྨེ་ལོ་དང་སྦྱར་ནས་ལོ་རྒྱུས་བརྩི་དགོས་གསུངས་མཁན་ནི། ལོ་རྒྱུས་སྨྲ་བ་ཆོས་རྒྱལ་ནམ་མཁའི་ནོར་བུ་ཡིན།[49]

སྤྱིར་ལོ་ཚིགས་ལ་ཞིབ་མོའི་ལོ་ཚིགས་དང་རགས་པའི་ལོ་ཚིགས་གཉིས་ཡོད་དེ། དགེ་འདུན་ཆོས་འཕེལ་གྱིས། “དེ་ལྟར་ཞིབ་མོའི་ལོ་ཚིགས་ནི་གོང་དུ་སྨོས་པ་དེ་ཡིན་ལ། རགས་པའི་དུས་བསྒྲིགས་ན། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་། རྒྱ་གར་གྱི་རྒྱལ་པོ་ཤྱིཧརྵ་དང་། སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོ་དང་། ཐང་གུར་གྱི་གོང་མ་ཐེ་ཙུང་དང་། ཏ་ཟིག་གི་གོང་མ་ཡེཻཥཊི་གེ་རྡ་རྣམས་དུས་མཉམ་ཞིང་། ཁ་ཆེ་རྣམས་ཀྱི་སྟོན་པ་སྦྲང་རྩི་བློ་གྲོས་ཀྱང་འདི་དང་དུས་མཚུངས་སོ།”[50]ཞེས་བསྟན་ཡོད་པ་ལྟ་བུ། དེ་ལ་ཞིབ་མོའི་ལུགས་ཀྱི་ལོ་ཚིགས་ནི་ལོ་རྒྱུས་ཀྱི་མི་སྣ་དང་དོན་རྐྱེན་སོགས་ཀྱི་ལོ་ཚིགས་གསལ་པོར་སྨོས་པ་དང་། རགས་པའི་ལོ་ཚིགས་ནི་དཔེར་ན་ལྷ་སའི་གཙུག་ལག་ཁང་ནམ་བཞེངས་ཀྱི་ཞིབ་མོའི་ལོ་ཚིགས་གཏན་མ་ཁེལ་ན། རགས་པའི་དབང་དུ་བྱས་ན་དུས་རབས་བདུན་པའི་ནང་བལ་བཟའ་ཁྲི་བཙུན་གྱིས་བཞེངས་ཚུལ་གཏན་ལ་འབེབས་པ་ལྟ་བུར་གོ་དགོས།

བརྒྱད་པ། ལོ་རྒྱུས་གཞན་དང་བསྡུར་ཏེ་དཔྱད་པའི་སྐོར།

དཔྱད་བསྡུར་ལོ་རྒྱུས་ཐབས་ལམ་ནི། དེང་སྐབས་ལོ་རྒྱུས་སྨྲ་བ་གང་མང་གིས་སྤྱོད་བཞིན་པའི་ཞིབ་འཇུག་གི་རིགས་ལམ་ཞིག་ཡིན། རིགས་ལམ་དེས་ལོ་རྒྱུས་ཀྱི་མི་སྣའམ་། དོན་རྐྱེན་སོགས་ཀྱི་སྐོར་འབྲེལ་ཡོད་གཞན་དང་བསྡུར་ནས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཀྱི་གནད་དོན་ཁག་ངོས་འཛིན་བྱེད་པ་སྟེ། དཔེར་ན། བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོ་དང་། རྒྱ་ནག་གི་ལོ་རྒྱུས་ཐོག་གི་གོང་མ་དང་པོ་ཆིན་ཧྲི་ཧོང་གཉིས་བསྡུར་བ་དང་། ཡང་ན། གླང་དར་མའི་སྐབས་སུ་བོད་ཀྱི་ཆོས་ལུགས་བསྣུབས་པ་དང་། རིག་གནས་གསར་བརྗེའི་སྐབས་སུ་བོད་ཀྱི་ཆོས་ལུགས་རིག་གནས་གཏོར་བཤིག་བཏང་བ་གཉིས་དཔྱད་བསྡུར་བྱེད་པ་ལྟ་བུར་ཟེར། དཔྱད་བསྡུར་བྱས་ཏེ་ལོ་རྒྱུས་ཞིབ་འཇུག་བྱེད་པའི་ཐབས་ལམ་དེ་ཉིད་དགེ་འདུན་ཆོས་འཕེལ་གྱིས་ཀྱང་དེབ་དཀར་སོགས་སུ་དོན་གྱིས་བསྟན་ཡོད་དེ། “མཐོ་རིས་འོད་གསལ་ལྷ་ཡི་བརྒྱུད་དུ་འཁྲུངས་ཤིང་། ལུགས་ཟུང་ཐབས་ཤེས་གསེར་གྱི་འཁོར་ལོས་ཡངས་པའི་ས་ཆེན་གྱི་ཁྱོན་ལ་དབང་བསྒྱུར་བའི་༸གོང་མ་འཕྲུལ་གྱི་ལྷ་བཙན་པོ་དེ་དག་ནི། ངེས་པའི་དོན་དུ་འཕགས་མཆོག་རིགས་གསུམ་མགོན་པོ་མིིའི་རྣམ་པར་བྱོན་པ་ཙམ་དུ་མ་ཟད་ཀྱི། ཐུན་མོང་སྐྱེ་བོའི་སྣང་ངོར་ཡང་། རྒྱ་གར་གྱི་རྒྱལ་པོ་ཤྲཱི་ཧརྵ། རྒྱ་ནག་ཐང་གུར་གྱི་གོང་མ་ཐེ་ཙུང་། ཏ་ཟིག་གི་རྒྱལ་པོ་ཡཻཥཊི་གེ་རྡ་སོགས་ལས། ཆབ་སྲིད་མངའ་ཐང་དཔུང་སྟོབས་ལ་སོགས་པའི་ཆ་གང་ཐད་ནས་ཀྱང་དམན་པ་མ་ཡིན་པས། “[51] ཞེས་བོད་ཀྱི་བཙན་པོ་རྣམས་དང་རྒྱ་དཀར་ནག་གི་རྒྱལ་པོ་ཁག་ཆབ་སྲིད་དང་། མངའ་ཐང་། དཔུང་སྟོབས་བཅས་ཀྱི་ཚད་གཞིའི་སྒོ་ནས་བསྡུར་ཏེ་དེ་དག་ལས་ལྷག་པ་ཡོད་ཚུལ་གྱི་སྡོམ་ཚིག་བཀོད་ཡོད་པ་དང། དེ་བཞིན་དུ་དེབ་དཀར་ནང་ཚལ་བའི་དེབ་དམར་གྱི་ལུང་བརྒྱུད་འདྲེན་བྱས་ཏེ”དེ་དུས་བོད་ཀྱི་མཐའ་བཞི་ནི། ཤར་དུ་ལྕེའུ། མུ་ཅིའུ། སུ་ཅིའུ་གསུམ་ཡིན། ལྷོར་བྲམ་ཟེའི་ཡུལ་དང་། བྱང་དུ་ཧོར་གྱི་ཡུལ་དེ། དེ་རྣམས་བསྐོར་བ་ལ་དཔག་ཚད་སྟོང་ཕྲག་མང་པོ་ཡོད་པས། བོད་ལས་དཔའ་བ་དང་། བརྟུལ་ཕོད་པ། རྒྱའི་གོང་མ་ཧཱན་དང་། གཡུ་དང་། ལྕིའུ་ལ་སོགས་པའི་དུས་སུ་ཡང་མ་བྱུང་བ་ཡིན་ནོ་ཞེས་བཤད་པ་ལྟར་རོ།”[52]ཞེས་བོད་ཀྱི་མངའ་ཐང་དང་བོད་ཀྱི་དྲག་པོའི་འབུམ་དམག་གི་དཔའ་སྟོབས་རྒྱ་ནག་གི་རྒྱལ་རབས་ཁག་དང་དཔྱད་བསྡུར་གནང་ཡོད་པ་ལྟ་བུ་རེད།

མཇུག་གི་གཏམ།

བོད་ཀྱི་ལོ་རྒྱུས་རིག་པའི་གཞི་རྩའི་ཤེས་བྱ་མཛུབ་མོ་རི་སྟོན་ཞེས་པའི་དཔྱད་རྩོམ་འདི་ནི། ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༣ ཚེས་ ༡༤ ཉིན། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གོ་སྒྲིག་འོག སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་ནང་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་སྐོར་བོད་ཀྱི་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་གཉིས་པ་རྡ་རམ་ས་ལར་འཚོགས་སྐབས། ཕྲན་གྱིས་བོད་ཀྱི་ལོ་རྒྱུས་རིག་པའི་སྐོར་ལ་གཏམ་བཤད་སྤེལ་བའི་རྩོམ་ཤོག་གཞིར་བཟུང་། ཕྱིས་སུ་སྣོན་འཕྲི་སྤོར་གཅོག་དང་བཟོ་བཅོས་གང་འོས་བྱས་ཏེ་གཏན་ལ་ཕབ་པ་ཡིན། དཔྱད་རྩོམ་འདིའི་ནང་བཀོད་པའི་གུས་པ་སྒེར་གྱི་འདོད་ཚུལ་ཁག་ལ་ཆད་ལྷག་དང་ནོར་འཁྲུལ་གང་མང་ཡོད་པ་གདོན་མི་ཟ་བས། ཚུལ་འདིར་མཁས་པའི་གཟུར་གནས་རྣམས་ཀྱིས་སྐྱོན་བརྗོད་ཡོ་བསྲང་ཡོང་བ་མཁྱེན། དཔྱད་རྩོམ་འདི་འབྲི་སྐབས། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ལོ་རྒྱུས་སྨྲ་བ་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་གིས་དཔྱད་གཞིའི་ཡིག་ཆ་འགའི་ཁུངས་སྣེ་རྒྱུས་སྟོན་གནང་བ་དང་། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་བརྡ་སྤྲོད་མཁས་ཅན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་གཟིགས་དཔྱད་ཞིབ་མོ་གནང་བ། ལྷག་པར་དུ་སྔ་འགྱུར་རྙིང་མའི་གཞུང་དང་ཆོས་འབྱུང་སྐོར་ལ་མཁས་པའི་རྣམ་དཔྱོད་ཅན་མཁན་པོ་འཇུ་བསྟན་སྐྱོང་གིས་དཔྱད་ཡིག་འཚོལ་རོགས་གནང་བ་བཅས་ལ་སྙིང་ནས་བཀའ་དྲིན་ཆེ་ཞུ།

མཆན་དང་ལུང་ཁུངས་། 

[1] <<དེབ་ཐེར་སྔོན་པོ།>>སྟོད་ཆ། འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༥༩ ཐིག་ཕྲེང་༡༡ པར། “རྒྱ་གར་དུ་བསྟན་པའི་སྦྱིན་བདག་མཛད་པའི་རྒྱལ་པོ་མྱ་ངན་མེད་ནི། སྔར་བཤད་པ་ལྟར་ཤིན་ཏུ་གྲགས་ཆེ་ལ། གཞན་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱ་གར་གྱི་རྒྱལ་རབས་ནི་སུ་ལའང་ཡོད་པ་མ་ཐོས་པས་བྲི་བར་མ་ནུས་སོ། །”ཞེས་གསུངས་ཤིང་།  <<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།>> པོད་དང་པོ། (གངས་ཅན་རིག་མཛོད། ༡༠ )བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས་༡༨༥། ཐིག་ཕྲེང་༡༧ པར “རྒྱ་གར་རིགས་པའི་འབྱུང་གནས་ལྟ་བུ་འདི་ལ་མི་བཟད་པའི་ཉམ་ཐག་པ་ཆེན་པོ་ཞིག་བྱུང་བ་ནི། འདི་ལྟར་སྔོན་གྱི་ཚེ་སྐྱེས་བུ་ཆེན་པོ་སའི་རྒྱན་དུ་གྱུར་པ་ཇི་སྙེད་ཅིག་བྱུང་ཡང་དེ་དག་ལ་རིས་དང་། རྒྱུད་པ་དང་། བྱ་བ་ན་ཚོད་སོགས་མིའི་ལུགས་སུ་བྱས་ནས་དུས་བསྒྲིགས་པའི་རྒྱལ་རབས་རྒྱ་ནག་དང་ཏ་ཟིག་དང་རོ་མན་སོགས་ཀྱིས་བྲིས་པ་དེ་ལྟ་བུ་ཀསྨིར་རྒྱལ་རབས་ར་ཛ་ཏརངྒིནི་བྱ་བ་གོ་དཀའ་བའི་སྙན་དངགས་ཀྱི་ཚིགས་བཅདདུ་བྱས་པ་ཀླ་ཀློའི་སླེབས་ཀྱི་བར་གྱི་ཁ་ཆེའི་ཡུལ་དུ་གང་བྱུང་བྲིས་པ་འདི་གཅིག་བུ་མ་གཏོགས་ཡེ་མ་བྱུང་བ་ཡིན་ནོ། འདིའི་ཆ་ནས་རྒྱ་གར་གྱི་རྒན་པོ་དེ་རྣམས་རྒྱ་ནག་དང་། ཏ་ཟིག་སོགས་ལས་སྨོས་ཅི་དགོས། བོད་ལས་ཀྱང་ཅུང་ངན་ཏེ། བོད་རྣམས་གཉའ་ཁྲི་བཙན་པོ་ནས་མངའ་རིས་ཆོས་རྒྱལ་ཡབ་སྲས་ཀྱི་བར་གྱི་སྒྲོ་འདོགས་ཅི་རིགས་པར་བསྲེས་སུ་ཟད་མོད། རྒྱལ་རབས་ཀྱི་མིང་བཏུ་ནུས་པ་ཙམ་ཡོད་པ་ཡིན་ལ། ཆོས་རྒྱལ་མྱ་ངན་མེད་དང་། ཟླ་བ་སྦས་པ་ལྟ་བུ་རྒྱལ་ཐོག་རེ་གཉིས་ཙམ་ལས་སྔར་གང་བྱུང་དང་། ཕྱིས་གང་དུ་སོང་མི་ཤེས་པ་ཡིན་ནོ།”ཞེས་གསུངས་པ་ལྟར་རོ།།

[2] སྤྱིར་བོད་ཀྱི་ལོ་རྒྱུས་ཡིག་འཁོད་བྱ་སྲོལ་ནམ་བྱུང་ཁ་ཚོན་གཅོད་དཀའ་ཡང།  སྲོང་བཙན་རིང་ད་ལྟའི་བོད་ཡིག་འདི་བྱུང་རྗེས་ལོ་རྒྱུས་ཡིག་ཐོག་ཏུ་བཀོད་ཡོད་པ་གསལ་ཏེ། སྦ་གསལ་སྣང་གི་བཞེད་པར་གྲགས་པའི་<<སྦ་བཞེད་>>ནང་དུ “བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་མེས་བསྲོང་བཙན་གྱི་བཀའ་ཆེམས་ཀྱི་ཡི་གེ་འཆིམས་ཕུའི་ཕྱག་མཛོད་ན། བློན་པོ་མགར་གྱིས་ཟངས་ཀྱི་བྱང་བུ་ལ་བྲིས་ནས་སྦས་པ་དེ་བལྟས་པས།”ཞེས་ (<<སྦ་བཞེད་>>ཕྱོགས་བསྒྲིགས། ཞེས་པའི་ཤོག་ངོས་༡༡༧ ༨༠ ཐིག་ཕྲེང་ ༦ པར་གསལ། མི་རིགས་དཔེ་སྐྲུན་ཁང་།) དང་། དེ་བཞིན་དུ་དགེ་འདུན་ཆོས་འཕེལ་གྱི་དེབ་དཀར་དུ། “དེ་ལ་རྗེ་སྲོང་བཙན་སྒམ་པོ་ཡན་ཆོད་དུ་བོད་ན་ཡི་གེ་མེད་པར་གྲགས་པས། དེ་ཡན་གྱི་རྒྱལ་རབས་རྣམས་ཀྱང་ངག་རྒྱུན་ཙམ་ཞིག་ཏུ་གནས་པ་ལས། ལོ་ཚིགས་སོགས་བསྒྲིགས་ཏེ་དཀྱུས་མའི་ལུགས་སུ་གཏན་ལ་འབེབས་པའི་སྐབས་མེད་ལ། འོན་ཀྱང་རྗེ་གནམ་རིའི་ལོ་རྒྱུས་ནི། སྲས་ཀྱི་དུས་སུ་བྲིས་པར་མངོན་པ་ཞིག་འོག་ཏུ་བཀོད་པ་འདི་ཡིན་ཞིང་།”  ཞེས་འབྱུང་བ་ལྟར། མ་མཐར་ཡང་སྲོང་བཙན་རིང་ལོ་རྒྱུས་ཡིག་ཐོག་ལ་བཀོད་ཡོད་པ་ཁ་ཚོན་གཅོད་ཐུབ། (དེབ་ཐེར་དཀར་པོ།  མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༥༠ ཐིག་ཕྲེང་བཞི་བར་གསལ། )

[3] རྒྱལ་རབས་གསལ་བའི་མེ་ལོང་ཡོངས་གྲགས་ལ་ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་མཛད་པར་གྲགས་ཀྱང་། འདིའི་རྩོམ་པ་པོ་གཞུ་ཁང་བ་ལེགས་པའི་ཤེས་རབ་ཡིན་ཞེས་རྒྱལ་དབང་ལྔ་པས་མཛད་པའི་གཙུག་ལག་ཁང་གི་དཀར་ཆག་དང་། ཀློང་བརྡོལ་བླ་མའི་གསུང་འབུམ་ནང་གསུངས་ཡོད་ལ། མདོ་སྨད་ཆོས་འབྱུང་གི་སྔོན་གླེང་ནང་།  (ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༡༩༨༢ ལོར་དཔར་དུ་བསྐྲུན། ) “ལྷ་སའི་དཀོན་གཉེར་དཔོན་ལེགས་པའི་ཤེས་རབ་ཀྱིས་པར་དུ་བརྐོས་ཤིང་། བརྩམས་བྱང་ལ་ས་སྐྱ་པ་བསོད་ནམས་རྒྱལ་མཚན་ཟེར་བ་ཡོད།” ཅེས་འབྱུང་བས་དཔྱད་དགོས་པར་སྣང་། ཤོག་ངོས་༦ ཐིག་ཕྲེང་༩་པར་གསལ།

[4] <<རླངས་ཀྱི་པོ་ཏི་བསེ་རུ།>> བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས་༧ ཐིག་ཕྲེང་༩ བར། “ སྐྱེ་རྒྱུད་བཤད་ན་འཕངས་མཐོ། གྲོལ་ཕུགས་བཤད་ན་གཏིང་ཟབ། རླངས་དཔལ་གྱི་སེང་གེའི་ཞལ་ནས། ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་འདྲ། ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ་།” ཞེས་གསུངས་པ་ལྟར་རོ།

[5] <<མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།>> (ཤོག་ངོས་༣༧༤ཐིག་ཕྲེང་༢༡་པར་གསལ།)”ཕོ་བྲང་གར་བལྟམས་པ་དང་གཅིག ཡབ་གང་ཡིན་པ་དང་གཉིས། ཆབ་སྲིད་ལོ་དུ་བཟུང་བ་དང་གསུམ། ཁབ་ཏུ་གང་བཞེས་པ་དང་བཞི། སྲས་དུ་ཡོད་པ་དང་ལྔ༌། བློན་པོ་གང་གིས་བྱས་པ་དང་དྲུག ལས་ཐབས་ཅི་བྱས་པ་དང་བདུན། སྐུ་ཚེ་ལོ་དུ་ཐུབ་པ་དང་བརྒྱད། འདས་པ་གང་དུ་འདས་པ་དང་དགུ།དགུ་སྟོན་པས་ན་ལྟེབ་མ་དགུ་རྩེག་ཅེས་བྱའོ།།” ཞེས་བོད་ཀྱི་གནའ་བོའི་ཡིག་ཚང་ལྟབ་མ་དགུ་བརྩེགས་ཅན་གྱི་ལུང་བརྒྱུད་འདྲེན་བྱས་ཡོད་པ་ལྟར་རོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན།

[6] <<གངས་ཅན་བོད་ཀྱི་ལོ་རྒྱུས་རིག་པའི་དཔེ་ཐོ་བློ་གསལ་དགའ་སྟོན།>> བསོད་ནམས་དོན་གྲུབ་ཀྱིས་བསྡུ་སྒྲིག་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། ༢༠༠༠ ལོ།

[7] <<མདོ་སྨད་ཆོས་འབྱུང་།>> ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༡༩༨༢ལོར་དཔར་དུ་བསྐྲུན་པའི་ནང་། ཆོས་འབྱུང་རྣམ་ཐར་གྱི་ཐོ་བཀོད་པ་དང་སྦྲགས་དེབ་ཐེར་འདི་བརྩམས་པའི་ལུང་ཁུངས་བསྟན་པ་ཞེས་པའི་ལེ་ཚན་དུ་ཆོས་འབྱུང་དང་དེབ་ཐེར་ཁག་དྲུག་བརྒྱ་དང་གསུམ་གྱི་མཚན་རིམ་པར་སྨོས་རྗེས།  “འདི་དག་ནི་རང་གི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་རགས་རིམ་བཀོད་པ་ཡིན་ལ་འགའ་ཞིག་འོག་ཏུ་འབྱུང་ངོ། ཆོས་འབྱུང་དང་རྣམ་ཐར་གྱི་ཐོ་བཀོད་པའི་སྐབས་སོ།” ཞེས་བྲིས་ཡོད།( ཤོག་ངོས་༡༥ ། ཐིག་ཕྲེང་ལྔ་བ། ) དཔྱད་གཞིའི་རྒྱུ་ཆའི་ཐོ་ཡིག་དེའི་ནང་རྒྱལ་དབང་ལྔ་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལ། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང་།  དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་ཞེས་རྒྱལ་དབང་ལྔ་པར་དེབ་ཐེར་གཉིས་ཡོད་པ་ལྟ་བུ་ནོར་བ་བཀོད་འདུག་པས་རེ་ཤས་བསྐྱར་ཟློས་ཡོད་སྲིད་ཀྱང་། བྲག་གཡབ་ཆེ་ཆུང་གི་སྐུ་ཕྲེང་རིམ་པར་རྣམ་ཐར་པོད་རེ་ཡོད་པ་ལྟ་བུ་གྲངས་གཅིག་ལ་བརྩིས་ཡོད་པས་ཁོང་གིས་མ་མཐར་ཡང་དཔྱད་གཞིའི་ཡིག་རིགས་ཁག་དྲུག་བརྒྱ་ལྷག་ལ་གཟིགས་ཞིབ་དང་དཔྱད་གཞི་མཛད་ཡོད་པ་གསལ།

[8] ༄༅། ། གླིང་ཚང་རྒྱལ་རབས་སྙིང་བསྡུས་སྔོན་འགྲོའི་ལམ་སྟོན་ཞེས་བྱ་བ་དགེ། བཀྲ་ཤིས་ཚེ་རིང་། History of the Gling-tshang Principality of Khams: A Preliminary Study, By Tashi Tsering. ‘TIBETAN STUDIES’ Proceedings of the 5th Seminar of the International Association for Tibetan Studies, NARITA 1989,  VOLUME-2 Edeted By IHARA Shoren and YAMAGUCHI Zuiho, NARITASAN SHISHOJI 1992

[9] ལོ་རྒྱུས་སྨྲ་བའི་དབང་ཕྱུག་རྩིས་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་གིས་<<བོད་ཀྱི་སྲིད་དོན་རྒྱལ་རབས་>>ཀྱི་ཤོག་ངོས་ ༨ ཐིག་ཕྲེང་༤ བར། “ཁུ་བོ་བཀའ་བློན་མཆོག་ནས་སྩལ་བའི་གལ་གནད་ཅན་གྱི་ཡིག་ཆ་དང༌། ཆིངས་ཡིག བཀའ་ཤག་གི་མགྲོན་དེབ། རྒྱལ་ཁབ་ཀྱི་ཚིག་ཐོ་ཁག རྡོ་རིང་ཁག་གི་བཤུས། གལ་ཆེའི་ཡིག་ཆ་ཁུངས་ལྡན་དཔང་པོར་གང་རྙེད་ཀྱི་རིགས་དང༌།” ཞེས་གསུངས་པ་ལྟར་གཞུང་འབྲེལ་གྱི་ཡིག་ཚགས་བེད་སྤྱོད་གནང་ཡོང་ཅིང་།

ཞྭ་སྒབ་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ནང་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་སྐོར་ཞིབ་ཚགས་ཁུངས་ལྡན་ཡོད་པའི་རྒྱུ་མཚན་ཡང་ཁོང་གིས་གཞུང་འབྲེལ་ཡིག་ཚགས་འབོར་ཆེན་ལ་ཁུངས་བཅོལ་ཏེ་བྲིས་ཡོད་པས་རེད།

[10] <<མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ།>>བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན་པ། ཤོག་ངོས་ ༢༢༦ པར་གཉའ་ཁྲི་བཙན་པོ་བྱོན་ཚུལ་ལ་གསང་བ་ཆོས་ལུགས་ལ་རྒྱ་གར་གྱི་རྒྱལ་པོ་ལས་ཆད་པ་དང་། བསྒྲགས་པ་བོན་ལུགས་སུ་ལྷ་ལས་ཆད་པ། ཡང་གསང་ལུགས་སུ་ཐེ་བྲང་ལས་ཆད་ཚུལ་གསུམ་བསྟན་ཅིང་། ཕྱི་མ་ཡང་གསང་གི་ལུགས་ལ་གཉའ་ཁྲི་བཙན་པོ་སྤུ་བོའི་ཡུལ་ནས་ཕེབས་ཤིང་། གཉའ་ཁྲི་བཙན་པོར་མཚན་གསོལ་ཏེ་བོད་ཀྱི་རྗེ་བྱས་པའི་བོད་མིའི་ངག་རྒྱུན་ལོ་རྒྱུས་ལ་གཞི་བྱས་ཡོད།

[11] ཏུན་ཧོང་ཡིག་རྙིང་ལས་བྱུང་བ། <<བོད་བཙན་པོའི་རྒྱལ་རབས།>> རྩོམ་སྒྲིག་པ། འབྲི་གུང་སྐྱབས་མགོན་ཆེ་ཚང་། ཤོག་ངོས་༡༠༨ པར་གསལ།

[12] ངྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ངག་རྒྱུན་ལོ་རྒྱུས་སྡེ་ཚན་གྱི་འགན་འཛིན་རྒྱལ་རྩེ་དབང་འདུད་ཚེ་རིང་གིས་<<བོད་རིག་པ་ཞིབ་འཇུག་>>དུས་དེབ་འདོན་ཐེངས་དང་པོའི་ནང་ངག་རྒྱུན་ལོ་རྒྱུས་སྐོར་གྱི་བཅར་འདྲིའི་ལན་ལ་གཞི་བཅོལ།

[13]<<ཆབ་འགག་རྡོ་རྗེ་ཚེ་རིང་གི་ཆེད་རྩོམ་ཕྱོགས་སྒྲིག>>ཅེས་པའི་ནང་ ‘བོད་ཀྱི་ལོ་རྒྱུས་ཀྱི་གནད་དོན་འགར་དཔྱད་པ།’ ཞེས་པའི་ནང་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

[14] <<སྦ་བཞེད་>>ཕྱོགས་བསྒྲིགས། ཞེས་པའི་ཤོག་ངོས་༡༡༧ པར་ “ལྷ་མོའི་བུ་མེད་ལ་མཛེས་པ་ལྕོག་རོ་བཟའ་ལྷ་ཐ་སྨན་ལ་བགྱིས་ཏེ་སྒྲོལ་མ་གཡས་སུ་བྱས། ལྕོག་རོ་བཟའ་ནུ་ཆུང་ལ་དཔེ་བྱས་ཏེ་ལྷ་མོ་འོད་ཟེར་ཅན་གཡོན་དུ་བྱས།” ཞེས་འབྱུང་བ་ལྟར་རོ།  མི་རིགས་དཔེ་སྐྲུན་ཁང་།

[15] <<དེབ་ཐེར་དཀར་པོ>> ཤོག་ངོས་༡༥ བར། “རྗེས་སུ་དཔོག་པའི་ཐབས་གཞན་ཞིག་ནི་འདི་ལྟར། རྒྱལ་ཁམས་སོ་སོའི་ཡུལ་ལྷ་རྣམས་ནི་ཡུལ་དེ་དང་དེའི་སྔོན་གྱི་མི་གཙོ་བོ་དག་གི་ཆ་ལུགས་སུ་ཡོད་པ་ཡིན་ལ། དེས་ན་རང་རེ་རྣམས་ཀྱིས་ཀྱང་བཙན་དང་རྒྱལ་པོ་ཞང་བློན་སོགས་སུ་འབོད་པའི་ཡུལ་ལྷ་འདི་དག་ལ་བལྟས་ནས། སྔོན་གྱི་་་བཙན་པོ་དང་རྒྱལ་པོ་རྣམས་དྲག་པོ་གཡུལ་གྱི་ཆ་ལུགས་ཇི་ལྟར་མཛད་པའི་རྣམ་པ་རགས་ཙམ་ཞིག་དཔྱད་ན་མི་འཚམ་པ་ཆེར་མེད་པར་སེམས་”ཞེས་དང་། ཡང་ཤོག་ངོས་༡༩ བར། “ཡུལ་གྱི་ལྷ་དང་སྔོན་གྱི་མི་གཉིས་དཔེ་སྦྱར་ནས་དཔྱད་པ་བྱས་པ་འདི་འདྲ་ལ། མང་པོ་དག་བྱིས་པའི་རིགས་པ་ལྟ་བུར་སེམས་ངེས་མོད་ཀྱི། རྒྱ་གར་གྱི་གངྒཱ་ལྷ་མོས་རྐང་གདུབ་གྱོན་པ་ནས། ཨ་མདོའི་རྨ་རྒྱལ་སྤོམ་རྭ་ཕྱིང་ཞྭ། རྒྱ་ནག་གི་ཀོན་ཡིན་ཕུ་སཱས་བེར་སྔོན་གྱོན་པའི་བར་ཞིབ་ཏུ་ལྟོས་དང་། ཡུལ་མིའི་ཆ་ལུགས་སུ་བྱས་མ་བྱས་མངོན་སུམ་དུ་མཐོང་བར་འགྱུར་རོ། །”ཞེས་གསུངས་པ་ལྟར་རོ། མི་རིགས་དཔེ་སྐྲུན་ཁང་།

[16] <<ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།>> ཅེས་པའི་ཤོག་ངོས་ ༣༠༣ ཐོག་གསལ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།

[17] <<གུ་གེ་ཚེ་རིང་རྒྱལ་པོའི་ཆེད་རྩོམ་ཕྱོགས་བསྒྲིགས།>>ཤོག་ངོས་༡༡༩ ཐོག ‘གླང་བཅུའི་ལོ་རྒྱུས་རྒྱབ་ལྗོངས་དང་དེའི་ཡུལ་ལྷ་མེས་ལྷ་བཙན་སྐོར་རགས་ཙམ་གླེང་བ།’ཞེས་པའི་རྩོམ་ནང་མངའ་རིས་ས་ཁུལ་དུ་ཚན་རིག་གིས་གནའ་ཤུལ་རྟོག་ཞིབ་བྱས་ཚུལ་སྐོར་བཀོད་ཡོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

[18] <<བོད་ལྗོངས་ཞིབ་འཇུག>>དུས་དེབ། ༡༩༩༩ ལོའི་འདོན་ཐེངས་གསུམ་པའི་ནང་གསལ།

[19] << དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།>> པོད་གཉིས་པའི་ཤོག་ངོས་༨༥བར། “ཐང་ཡིག་སྡེ་ལྔར་གྲགས་པ་འདིའི་བྱིངས་རྣམས་ཆེས་གནའ་དུས་སུ་བྲིས་པ་ཞིག་ཡིན་པར་གོར་མ་ཆག་ལ། འོན་ཀྱང་ཚིག་སྦྱོར་ཕལ་ཆེར་ཉེས་(ཉམས)པ་དང་།་བླུན་འཆར་གྱི་རྫུན་ཡང་མང་དུ་བསྲེས་པས་ཡི་གར་འོང་བ་ཞིག་མི་འདུག་ནའང་། སྔོན་གྱི་ལོ་རྒྱུས་རྣམས་ལ་དེ་འདྲ་མ་གཏོགས་མགོ་ནས་མཇུག་གི་བར་རྫུན་ཚིག་གཅིག་ཀྱང་མ་འདྲེས་པ་ཞིག་རྙེད་དཀའ།”ཞེས་གསུངས་སོ།

[20] <<རྗེ་ཙོང་ཁ་པའི་གསུང་འབུམ།>> ཕ། ཤོག་གྲངས་༤༢༠ ཐོག། “རབ་བྱེད་ཉེར་བདུན་པའི་འགྲེལ་པ་ག་ལས་འཇིགས་མེད་ལས། བཙུན་པ་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉམ་བྱ་ལ། ། སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། ། དེ་ཕྱིར་མདོར་ན་འཁོར་བ་ནི། ། མཐའ་ཡོད་མ་ཡིན་མཐའ་མེད་མིན། ། ཞེས་བཤད་དོ། ཞེས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པས་རང་འགྲེལ་གྱི་དོན་མེེད་དོ། ། སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་འགྲེལ་པར་ཡང་འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས་སོ། ། ”ཞེས་གསུངས་ཡོད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

[21] << ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།>> ནང་། ‘ལྷ་ས་གཙུག་ལག་ཁང་གི་ལོ་རྒྱུས་བཤད་ཚུལ་ལ་ཞིབ་འཇུག་བྱས་པ།’ཞེས་པའི་དཔྱད་རྩོམ་ནང་གསལ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།

[22] དོར་ཞི་གདོང་དྲུག་སྙེམས་བློས་བརྩམས་པའི་<<དཔྱད་རྩོམ་མུན་འཇོམས་ནོར་བུའི་ཕྲེང་བ།>>ཤོག་ངོས་༧༤ ཐོག  “ད་ལྟ་རང་རེའི་མིག་ལམ་ན་རིག་རྒྱུ་ཡོད་པའི་ལོ་རྒྱུས་དེབ་ཐེར་ཕལ་ཆེར། གླང་དར་མས་ཆོས་བསྣུབས་པ་དང་། ཡུམ་བརྟན་འོད་སྲུང་ནང་འཁྲུགས་ལང་བ་དང་། འབངས་གྱེན་ལོག་ཆེན་པོ་དང་ས་འགུལ་ཆེན་པོ་སོགས་བསྟུད་མར་བྱུང་སྟེ། སྔོན་གྱི་ཡིག་ཚང་ཕལ་ཆེར་མེད་བརླག་བཏང་ཚར་རྗེས། ལོ་ཉིས་བརྒྱ་ལྷག་གི་རྗེས་སུ་རིམ་པར་བྱུང་བ་ཡིན་སྟབས། བསྟན་བསྣུབས་ཡན་ཆད་ཀྱི་ལོ་རྒྱུས་ལོ་ཚིགས་ཐད་དག་མི་དག་ཅི་རིགས་ཡོད། དཔེར་ན་སྦ་གསལ་སྣང་གིས་བརྩམས་པར་གྲགས་པའི་སྦ་བཞེད་ཅེས་པ་དེའི། བརྡ་དང་ཡི་གེའི་སྡེབ་སྦྱོར་གང་ལ་བལྟས་ཀྱང་། ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ཐོག་དང་པོར་རབ་ཏུ་བྱུང་བའི་སད་མི་བདུན་གྱི་གྲས་ཀྱི་སྦ་གསལ་སྣང་དེས་བརྩམས་པ་མིན་པར་ཐག་གིས་ཆོད།” ཅེས་གསུངས་།

[23] ཐུའུ་བཀན་ཆོས་ཀྱི་རྡོ་རྗེས་མཛད་པའི་ << གསུང་རབ་རྣམ་དག་ཆུའི་དྲི་མ་སེལ་བྱེད་ནོར་བུ་ཀེ་ཏ་ཀའི་ཚིག་དོན་ལ་དོགས་དཔྱོད་སྙན་སྒྲོན་དུ་གསོལ་བ་ནོར་བུ་ཀེ་ཏ་ཀ་བྱི་དོར།>> ཞེས་པའི་ནང་གསལ་ཞིང། ཐུའུ་བཀན་གྱི་གསུང་དེ་ནི་དར་ཐང་རིན་པོ་ཆེས་ཨ་རི་ནས་དཔར་སྐྲུན་གནང་པའི་<<དཔལ་སྔ་འགྱུར་རྙིང་མའི་བརྒལ་ལན་གྱི་སྐོར།>>ཞེས་པའི་གླེགས་བམ་ནང་ཕྱོགས་བསྒྲིགས་བྱས་ཡོད། Produced by the Yeshe De Project under the direction of Tarthang Tulku. Printed in the U.S.A. Dharmacakra Press, Dharma Publishing.

[24] <<ཤེས་བྱ།>> ཕྱི་ལོ་༡༩༨༨ ལོའི་ཟླ་བཅུ་གཉིས་པ། ཤོག་ངོས་༡༥་བའི་ཐིག་ཕྲེང་༡༡་པར།  “ང་ཕོད་ནས། བོད་རང་བཙན་ཡིན་ཞེས་འུད་སྒྲོག་བྱེད་མཁན་ཚོས་ལུང་འདྲེན་ས་ནི་ཞྭ་སྒབ་པའི་དེབ་དེ་རེད། ཁོ་བོས་ཞྭ་སྒབ་པའི་དེབ་དེར་དཔྱད་ཞིབ་ཡང་ཡང་བྱས་པས་ཞྭ་སྒབ་པས་བོད་ཀྱི་ལོ་རྒྱུས་དཔྱད་ཡིག་དང་། རྒྱ་ཡིག་གི་ལོ་རྒྱུས་དཔྱད་ཡིག་ལུང་དུ་དྲངས་སྐབས་རང་གི་དགོས་མཁོར་གཞིགས་ནས་ཚིག་དུམ་ལོག་བཅད་དང་། རང་དོན་ལུང་དྲངས། གཞན་ཕན་ནག་བསུབ་ལ་སོགས་པ་བྱས་ཏེ་རྫུན་གཏམ་འཁྲུལ་མེད་ཀྱིས་བསྡོམས་ཚིག་བརྒྱབ་འདུག རྫུན་གཏམ་ནི་ཁུངས་འཁྱོལ་ཐབས་ཡོད་པ་མ་རེད་ཅེས་བརྗོད་འདུག ཚང་མས་ཤེས་གསལ་ལྟར།མཁས་དབང་རྩིས་དཔོན་ཞྭ་སྒབ་པས་བརྩམས་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་གླེགས་བམ་གཉིས་པོ་ནི་བོད་དང་། ཕྱི་རྒྱལ་གྱི་ཡིག་རིགས་ཐོག་འཁོད་པའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཡིག་ཆ་ཁག་ཉིས་བརྒྱ་བཅོ་བརྒྱད་ཙམ་ལ་དཔྱད་གཞིར་གནང་སྟེ་བརྩམས་པ་ཞིག་ཡིན་པས་དེང་སང་འཛམ་གླིང་ཐོག་སྐད་གྲགས་ཡོད་པ་མ་ཟད། ཀུན་གྱིས་ཚད་མར་བཟུང་ནས་དཔྱད་གཞིར་གནང་གི་ཡོད། དེ་འདྲ་ཞིག་ལ་ཞྭ་སྒབ་པའི་དེབ་ཅེས་སྣང་ཆུང་ཁྱད་གསོད་ཀྱི་ཤོད་སྟངས་དེས་ཁོ་པ་རང་ཉིད་དོན་ངོ་མའི་ཅེ་རེ་ལོང་བ་ཡིན་པའི་རང་མདོག་བསྟན་པ་ལས་གཞན་ཅི་ཡང་མེད། ཁོ་པས་དཔྱད་ཞིབ་ཟེར་བ་བྱེད་སྐབས། དེ་དག་ཚིག་དུམ་ལོག་བཤད་དང་། རང་དོན་ལུང་དྲངས། གཞན་ཕན་ནག་བསུབ་བྱས་པ་ལ་སོགས་པའི་རྫུན་གཏམ་འཁྲུལ་གྱི་བསྡོམས་ཚིག་ཏུ་སྣང་བ་ནི། མཁྲིས་ནད་ཅན་གྱི་དབང་ཤེས་ལ་དུང་དཀར་སེར་པོར་སྣང་བ་ལྟར་ཁོ་པའི་ལྟ་བ་དང་། ལངས་ཕྱོགས། མ་མཐའ་ཡང་གནས་བབ་ཀྱི་གནད་དོན་ལ་ཐུག་པ་ཡིན་པ་ལས། མཁས་དབང་རྩིས་དཔོན་ཞྭ་སྒབ་པའི་སྐྱོན་ཆ་གཏན་ནས་མིན། དཔེར་ན། དེང་སང་ངན་རེངས་པ་འགའ་ཤས་ནས་ལོ་རྒྱུས་ལ་དཔྱད་ཞིབ་བྱེད་སྐབས་ཐོག་མ་ཉིད་ནས་རང་གི་འདོད་ཚུལ་བསྡོམས་ཚིག་གཅིག་བཟོས་ཏེ། མཐའ་དག་ཨུ་ཚུགས་ཆེན་པོས་དེ་དང་བསྟུན་ཐབས་བྱས་ནས་དངོས་ཡོད་ཀྱི་དཔྱད་གཞིའི་བདེན་དོན་རྣམས་རྡོག་རོལ་དུ་གཏོང་གི་ཡོད་ཅིང། ཁོ་པས་ཀྱང་བརྟག་ཐབས་དེ་རང་སྤྱད་ཡོད་འདུག ཅི་སྟེ་མཁས་དབང་རྩིས་དཔོན་ཞྭ་སྒབ་པས་རང་དོན་ལུང་དྲངས་དང་། གཞན་ཕན་ནག་བསུབ་བྱས་པའི་དབང་དུ་བཏང་ཡང་། དེ་ནི་བོད་མི་ས་ཡ་དྲུག་གི་ཁེ་ཕན་དང་མི་མཐུན་ཞིང་དངོས་ཡོད་ལོ་རྒྱུས་དང་འགལ་བའི་འཁྱོག་བཤད་རིགས་ནག་བསུབ་བཏང་བ་ཞིག་ཡིན་པས། དེ་ནི་ཁོང་གི་བླ་ན་མེད་པའི་བྱས་རྗེས་དང་གཟི་བརྗིད་རེད། དེ་ལ་མི་རིགས་ཀྱི་ལ་རྒྱ་ཤོར་བའི་སྡར་མ་ཞིག་གིས་འཕྱ་སྨོད་བྱེད་པ་ནི་ལེགས་བཤད་ལས། སྤྲེལ་རྒན་རྣམས་ཀྱིས་མི་བཟུང་ནས། ། མཇུག་མ་མེད་ཅེས་བཞད་གད་བྱེེད།། ཅེས་གསུངས་པ་ལྟར་རོ།” ཞེས་དགག་གཞག་གནང་ཡོད་པ་ལ། <<བོད་ལྗོངས་ཀྱི་ལོ་རྒྱུས་གོ་བབ་དཔྱད་ཞིབ།>>ཅེས་པའི་འགོ་བརྗོད་དུ་དགག་ལན་དེ་ལུང་དྲངས་པར། “འོན་ཀྱང་བོད་ལྗོངས་ཁ་བྲལ་རིང་ལུགས་པ་དག་གིས་ཕྱི་རྒྱལ་དུ་ཨུ་ཡོན་ཀྲང་གཞོན་པ་ང་ཕོད་ལ་ ‘མཁས་དབང་ཞྭ་སྒབ་པ་ལ་ཚིག་མཚམས་ལོག་བཅད་དང་རང་ཕན་ལུང་དྲངས་གཞན་ཕན་ནག་སུབ་བྱས་པའི་གནད་དོན་ཡོད་ནའང་། དེ་ནི་བོད་མི་ཁྲི་ཚོ་དྲུག་བརྒྱའི་ལས་དོན་ཆེད་དུ་ཡིན། བོད་མི་ཁྲི་ཚོ་དྲུག་བརྒྱའི་ཁེ་ཕན་དང་འགལ་ཞིང་ལོ་རྒྱུས་འཁྱོག་ངོ་མ་འཁྱོག་བརྗོད་བྱས་པའི་རྫུན་གཏམ་གྱི་རྩོམ་ཐུང་དེ་ནི་ཏག་ཏག་ཞྭ་སྒབ་པའི་བླ་མེེད་ཀྱི་མཛད་རྗེས་དང་ཁྱད་འཕགས་གཟི་བརྗིད་ཅིག་རེད།’ཅེས་དགག་པ་བརྒྱབ་ཡོད་ན་ཡང་དེ་ནི་ཧ་ཅང་དགོད་བྲོ་བའི་གཏམ་ལས་ཞིག་ལས་མ་འདས། ”ཞེས་བཀོད། གོང་གི་མ་ཚིག་དང་ལུང་དྲངས་པ་གཉིས་བསྡུར་ཚེ་མ་ཚིག་ཇི་བཞིན་མ་བཀོད་པར་རང་འདོད་ཀྱིས་ལོག་འགྲེལ་བྱས་ཡོད་པ་མངོན་གསལ་ལྟར་རོ།

[25] << དགེ་འདུན་ཆོས་འཕེལ་གྱི་རབ་བྱེད།>> ཕྱོགས་སྒྲིག་བྱེད་པོ་ཀིརྟི་སྤྲུལ་སྐུ། བོད་ཀྱི་དཔེ་མཛོད་ཁང་། ངྷ་རམ་ས་ལ། ༢༩༨༣ ། ཤོག་ངོས་༧༥ ཐིག་ཕྲེང་༡༠ བར་གསལ། དེ་བཞིན་ཁོ་བོས་བོད་ཀྱི་དཔེ་མཛོད་ཁང་གིས་བཏོན་པའི་དེབ་དེའི་དཔར་ཐེངས་གཉིས་པ་དང་། ཀིརྟིའི་བྱེས་པ་གྲྭ་ཚང་ནས་བཏོན་པའི་<<དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ།>>ཞེས་པ་ལའང་ཞིབ་འཇུག་བྱས་པར་གོང་དུ་ལུང་དྲངས་པ་དང་གཅིག་པ་རེད་འདུག

[26] <<དྲང་བདེན་གྱིས་བསླུས་པའི་སློང་མོ་བ།-མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱི་མི་ཚེ་དཔྱད་བརྗོད།>> ཧོར་གཙང་འཇིགས་མེད། གཡུ་རྩེ་དཔེ་འགྲེམས་ཁང་ནས་བསྐྲུན། ཤོག་ངོས་༡༣༨ ཐིག་ཕྲེང་༤པར་གསལ།

[27] <<མཉམ་མེད་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེ་བ་བཞུགས་སོ།>> ཤོག་ངོས་༩ ཐིག་ཕྲེང་༡༢ བར་གསལ། ཐེ་ཝན་དཔར་མ།

[28] གོང་གསལ་ཐུའུ་བཀན་ཆོས་ཀྱི་རྡོ་རྗེས་མཛད་པའི་<<གསུང་རབ་རྣམ་དག་ཆུའི་དྲི་མ་སེལ་བྱེད་ནོར་བུ་ཀེ་ཏ་ཀའི་ཚིག་དོན་ལ་དོགས་དཔྱོད་སྙན་སྒྲོན་དུ་གསོལ་བ་ནོར་བུ་ཀེ་ཏ་ཀའི་བྱི་དོར།>>ཞེས་པའི་ནང་གསལ།

[29] <<དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།>>ཤོག་ངོས་༤༦༧ ཐིག་ཕྲེང་༡༠་བར། འགོས་ལོའི་དེབ་སྔོན་གྱི་ཁྱད་ཆོས་བརྗོད་སྐབས། “ཆོས་ལུགས་གྲུབ་མཐའ་ཁག་གི་ལོ་རྒྱུས་ཐད་རང་རང་སོ་སོའི་ཆོས་འབྱུང་དང་རྣམ་ཐར་ནང་འཁོད་པ་གཞིར་བཟུང་ནས་བྲིས་གནང་མཛད་ཐོག ཚང་མར་གདེང་འཇོག་མཐོན་པོའི་བསྟོད་བསྔགས་གནང་བ་མ་གཏོགས་རང་ཉིད་ཀྱི་གྲུབ་མཐའི་ཕྱོགས་བཟུང་ནས་གཞན་ལ་ཟུར་ཟ་དང་དམའ་འབེབས་ཀྱི་ཚིག་གཏན་ནས་བཀོད་མེད་པའི་དབང་གིས་ཀློག་པ་པོ་ཚོས་བལྟས་ན་འགོས་ལོ་རང་ཉིད་ཀྱི་རྩ་བའི་གྲུབ་མཐའ་གང་ཡིན་གསལ་པོ་ཤེས་མི་ཐུབ་པ།”ཞེས་གསུངས་ཡོད། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།

[30] <<དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་འབུམ།>> ཀ་པ། ‘ཆོས་འབྱུང་འབེལ་གཏམ་ཉུང་ངུ།’ཞེས་པའི་ནང་གསལ། ཤོག་ངོས་༢༩༡ ཐིག་ཕྲེང་༧ པ། ཐེ་ཝན་དཔར་མ།་

[31] <<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།>> པོད་དང་པོ། (གངས་ཅན་རིག་མཛོད། ༡༠ )བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས་༥ ཐིག་ཕྲེང་༡༡ པར་གསལ།

[32] <<དེབ་ཐེར་དཀར་པོ། >> དགེ་འདུན་ཆོས་འཕེལ་གྱིས་བརྩམས། ཤོག་ངོས་༤༢ ཐིག་ཕྲེང་༧ པར་གསལ། མི་རིགས་དཔེ་སྐྲུན་ཁང།

[33] <<རྒྱལ་རབས་གསལ་བའི་མེ་ལོང།>>ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༦༢ ཐིག་ཕྲེང་༥ བར་གསལ།

[34] <<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། >> དེབ་དང་པོ། ཤོག་ངོས་༦༨ ཐིག་ཕྲེང་༡༩ བར་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན།

[35] ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་བཞིན་པའི་<<ཀྲུང་གོའི་བོད་རིག་པ>>༢༠༠༧།༤ སྤྱིའི་དེབ་གྲངས་༨༠ པའི་ནང་སྤེལ་ཡོད། སྤྱིར་བོད་བཙན་པོའི་རྒྱལ་རབས་དང་ཐང་རྒྱལ་རབས་བར་གཉེན་འབྲེལ་དང་ཕོ་ཉའི་འགྲོ་འོང་སོགས་རྒྱལ་འབྲེལ་འགའ་ཞིག་བྱུང་ཡོད་ཀྱང། ཐང་བོད་ཀྱི་འབྲེལ་བའི་ནང་ཤུགས་ཆེ་ཤོས་ཕན་ཚུན་ཁ་གཏད་དང་དམག་འཁྲུག་བྱུང་ཡོད་པ་ལོ་རྒྱུས་ཀྱི་དོན་དངོས་ཡིན། དེའི་སྐོར་ཐང་ཡིག་གསར་རྙིང་ནང་འདི་ལྟར་བཀོད་ཡོད་དེ། ཐང་ཡིག་གསར་མའི་མཇུག་ཏུ་ “འདིར་སྨྲས་པ། ཐང་གི་ཁབ་སོ་དར་བ་ནས་བཟུང་། མཐའ་བཞིའི་རྒྱལ་ཕྲན་གྱིས་གོང་མའི་བཀའ་ལ་མི་བརྩི་བ་བྱུང་ན། མི་འཇིགས་དཔུང་གི་གོ་ཆ་བཙན་པོས་ཕམ་པར་བྱེད་ཅིང་། གུར་དང་ཕོ་བྲང་མ་བཤིག་བར་དུ་དམག་མཚམས་མི་བྱེེད། བྷོད་དང་ཡུ་གུར་སྟོབས་ཤུགས་ཆེ་ལ། ཐང་དང་ས་ཆ་བརྩད་ནས་ཡུན་རིང་འདས། བཙན་པོས་ཧི་ཧོང་ས་ཆར་དབང་བསྒྱུར་ཏེ། གོང་མའི་སྐུ་མཁར་གྱི་ཉེ་འདབས་དག་ཀྱང་བྷོད་ཀྱི་ཁོངས་སུ་བསྡུས། སྒོས་སུ་བྷོད་དམག་ཁྲང་ཨན་མཁར་དུ་སླེབས་ཏེ། འཕྲོག་བཅོམ་བྱས། རྒྱ་རིགས་བསད། གྲོས་ཀྱི་ཇུས་འདོན་མཁན་དང་དཔུང་གི་རུ་འདྲེན་མཁན་རྣམས་ཀྱིས་བློ་བསྡུར་ཀྱང་ཐབས་བཟང་པོ་ཞིག་མ་རྙེད་པར། བྷོད་དང་ཡུ་གུར་རང་བཞིན་གྱིས་འཇིག་པའི་ཚེ། གོང་མ་ཐང་གི་རྒྱལ་ཁབ་ཀྱང་རིམ་གྱིས་རྒུད།” (དོན་གྲུབ་རྒྱལ་དང་ཁྲིན་ཆིིན་དབྱིན་གཉིས་ཀྱིས་བསྒྱར་བའི་ ‘ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས།’ཞེས་པའི་ཤོག་ངོས་༡༢༣པར་གསལ།)ཅེས་དང་། ཡང་ཐང་ཡིག་རྙིང་མའི་མཇུག་ཏུ། “བྷོད་ཅེས་པ་ནི། ནུབ་ཀྱི་མཐའ་ལ་ཆགས་ཏེ་ལོ་ངོ་མང་པོ་འགོར། ཉེ་འཁོར་གྱི་ཚོ་བ་རྣམས་རིམ་གྱིས་དབང་དུ་བསྡུས་ཏེ་མངའ་རིས་རྒྱ་བསྐྱེད། གོང་མ་ཀའོ་ཙུང་གི་སྐུ་རིང་ལ། མངའ་རིས་ལེ་དབང་ཁྲི་ཕྲག་མཆིས་ལ། ཐང་གི་དགྲ་ཟླར་གྱུར། ཉེ་རབས་ཀྱི་ལོ་རྒྱུས་ཐོག་བྷོད་ལྟ་བུ་བྱུང་ཡང་མ་མྱོང་། བྷོད་དམག་ས་མཚམས་སུ་དྲངས་པ་དང་། ཐང་དམག་གིས་རྒོལ་ལན་སྤྲད་པར་མཚོན་ན། སྐབས་རེར་ནི་རྒྱལ། ལན་རེར་ནི་ཕམ། དེ་ལྟར་ན་གཉིས་ཀ་ལ་གྱོང་ཆེ། ཡུག་ལཱིན་གྱི་ཇག་ཚོགས་ངོ་ལོག་རྗེས། གོང་མའང་ས་གཞན་དུ་བྲོས། ས་མཚམས་ཀྱི་དམག་ཀྱང་ཕྱིར་ལོག་པས། རྨ་ཙོང་རྒྱུད་ཀྱི་ས་རྣམས་བྷོད་ལ་ཤོར། དེ་ནི་གནམ་གྱིས་བསྐོས་པ་ཁོ་ནར་ངེས། དེ་ནས་བཟུང་། བྷོད་དམག་ཁྲང་ཨན་མཁར་གྱི་ཉེ་འདབས་སུ་སླེབས། རྒྱུན་པར་དམག་དྲངས་ཏེ་འཕྲོག་བཅོམ་བྱས། འདུམ་བྱེད་དུ་ཕོ་ཉ་བ་རྒྱུན་པར་མངགས། སྐྱེས་ཕོ་བྲང་དུ་སྐྱེལ་མ་ཐག དམག་བྱེད་པའི་འཕྲིན་ཡང་འབྱོར། བྷོད་རྣམས་ལ་ཁྲེལ་དང་ངོ་ཚ་མེད་པ་གསལ་པོར་ཤེས། ལྷ་རྣམས་དཔང་དུ་གསོལ་ཏེ་ཕན་ཚུན་ལ་བློས་འཁེལ་བའི་ངང་ཕཱིན་ལེང་དུ་མཇལ་དུམ་བྱེད་སྐབས་ཀྱང་ཁོ་ཚོས་གཡོ་བྱས།”(གོང་གསལ་དེབ་ཀྱི་ཤོག་ངོས་༢༦༩ནས་གསལ།) ཞེས་བཀོད་ཡོད། ཐང་ཡིག་གསར་རྙིང་གི་མཇུག་གཏམ་དུམ་བུ་དེས་ཐང་བོད་འབྲེལ་བའི་གཙོ་རྒྱུན་མཛའ་མཐུན་ཡིན་མིན་གསལ་པོར་རྟོགས་ཐུབ་བོ།

[36] ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་གསེར་ཁྲི་མངའ་གསོལ་སྐབས་གོ་མིན་ཏང་གི་སྐུ་ཚབ་ཝུ་ཀྲུང་ཧྲིན་གྱིས་མཛད་སྒོ་གཙོ་སྐྱོང་བྱས་ཟེར་བ་དོན་དངོས་མིན་ཚུལ་ཐ་ན་ཨུ་ཡོན་ཀྲང་གཞོན་པའི་གོ་གནས་བཞེས་མྱོང་མཁན་ང་ཕོད་ངག་དབང་འཇིགས་མེད་ཀྱིས་ཀྱང་བདེན་པ་མིན་ཚུལ་ཡོངས་བསྒྲགས་བྱས་ཡོད་ཀྱང་། ཕུན་ཚོགས་ཚེ་རིང་གིས་བྲིས་པའི་<<བོད་ཀྱི་ལོ་རྒྱུས་ཀུན་གསལ་མེ་ལོང་།>>ཞེས་པའི་ཤོག་ངོས་ ༤༡༢ ཐིག་ཕྲེང་༢༡ ཐོག “དུས་དེར་གོ་མིན་ཏང་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོའི་ཁྲི་བཞུགས་མཛད་སྒོ་གཙོ་སྐྱོང་བྱེད་ཆེད། བོད་སོག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་འུ་ཀྲུང་ཤིན་ཧིན་རྡུ་བརྒྱུད་ལྷ་སར་མངགས་གཏོང་མཛད།” ཅེས་དང་། ཡང་ཤོག་ངོས་༤༡༣ ཐིག་ཕྲེང་༩་བར། “འུ་ཨུ་ཡོན་ཀྲང་གིས་བོད་འདི་མེས་རྒྱལ་མངའ་ཁོངས་བསྙོན་མེད་ཅིག་ཡིན་པའི་རྩ་དོན་རྒྱུན་འཁྱོངས་མཐའ་གཅིག་ཏུ་གནང་ཐོག་ཀྲུང་དབྱང་སྲིད་གཞུང་གི་བཀའ་བཀོད་ལྟར། ཏཱ་ལའི་བླ་མ་ཁྲི་བཞུགས་མཛད་སྒོའི་གཙོ་སྐྱོང་གནང་བ་སྨོས་ཅི།”ཞེས་བྲིས་ཡོད།

[37] <དེབ་ཐེར་དཀར་པོ། >> དགེ་འདུན་ཆོས་འཕེལ་གྱིས་བརྩམས། ཤོག་ངོས་༦༥ ཐིག་ཕྲེང་༡༡ པར་གསལ། མི་རིགས་དཔེ་སྐྲུན་ཁང།

[38] <<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།>> པོད་དང་པོ། (གངས་ཅན་རིག་མཛོད། ༡༠ )བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས་༡༢༦ ཐིག་ཕྲེང་༡༨པར་གསལ།

[39] <<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།>> པོད་དང་པོ། (གངས་ཅན་རིག་མཛོད། ༡༠ )བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས་༡༩༠ ཐིག་ཕྲེང་༡༨པར་གསལ།

[40] <<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།>> པོད་གཉིས་པ། (གངས་ཅན་རིག་མཛོད། ༡༡ )བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས་༩༤ ཐིག་ཕྲེང་༡༩ པར་གསལ།

[41] << དེབ་ཐེར་དཀར་པོ། >> དགེ་འདུན་ཆོས་འཕེལ་གྱིས་བརྩམས། ཤོག་ངོས་༦༤ ཐིག་ཕྲེང་༡༧ པར་གསལ། མི་རིགས་དཔེ་སྐྲུན་ཁང།

[42] << དེབ་ཐེར་དཀར་པོ། >> དགེ་འདུན་ཆོས་འཕེལ་གྱིས་བརྩམས། ཤོག་ངོས་༥ ཐིག་ཕྲེང་༦ པར་གསལ། མི་རིགས་དཔེ་སྐྲུན་ཁང།

[43] <<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།>> པོད་དང་པོ། (གངས་ཅན་རིག་མཛོད། ༡༠ )བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས་༡༨༩ ཐིག་ཕྲེང་༡༨པར་གསལ།

[44] << དེབ་ཐེར་དཀར་པོ། >> དགེ་འདུན་ཆོས་འཕེལ་གྱིས་བརྩམས། ཤོག་ངོས་༤༩ ཐིག་ཕྲེང་༥ པར་གསལ། མི་རིགས་དཔེ་སྐྲུན་ཁང།

[45] <<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།>> པོད་གཉིས་པ། (གངས་ཅན་རིག་མཛོད། ༡༡ )བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས་༨༡ ཐིག་ཕྲེང་༡༤པར་གསལ།

[46]<< དེབ་ཐེར་དཀར་པོ། >> དགེ་འདུན་ཆོས་འཕེལ་གྱིས་བརྩམས། ཤོག་ངོས་༣༤ ཐིག་ཕྲེང་༦ པར་གསལ། མི་རིགས་དཔེ་སྐྲུན་ཁང།

[47] <<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།>> པོད་དང་པོ། (གངས་ཅན་རིག་མཛོད། ༡༠ )བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས་༣༤༦ ཐིག་ཕྲེང་༡༤ པར་གསལ།

[48] << དེབ་ཐེར་དཀར་པོ། >> དགེ་འདུན་ཆོས་འཕེལ་གྱིས་བརྩམས། ཤོག་ངོས་༣༤ ཐིག་ཕྲེང་ ༡༤་པར། “གཞན་ཕྱི་ལོར་གྲགས་པ་དེ་ཡང་ཡེ་ཤུ་གྲོངས་པའི་ལོ་ནས་བརྩི་བར་འདུག་པར་རང་ཅག་ལ་འོས་འགབ་མི་ཆེ་བར་མཐོང་ནས། འདིར་རྒྱལ་རབས་རྣམས་སངས་རྒྱས་མྱ་ངན་ལས་འདས་ནས་དུ་སོང་ལ་སྦྱོར་བར་བྱས་སོ།”ཞེས་གསུངས་ཡོད། མི་རིགས་དཔེ་སྐྲུན་ཁང།

[49] སྨེ་རྩིས་སྐོར་བོད་རིག་པའི་མཁས་དབང་ཆོས་རྒྱལ་ནམ་མཁའི་ནོར་བུ་མཆོག་གིས་མཛད་པའི་སྒྲུང་ལྡེའུ་བོན་གསུམ་གྱི་གཏམ་ཞེས་པའི་ནང་དུ་གསལ་ཞིང་། དེ་བཞིན་དུ་ཁོང་གིས་མཛད་པའི་ ‘སྨེ་བའི་ལོ་རྩིས་ཀྱི་སྐོར།’ཞེས་པའི་དཔྱད་རྩོམ་(<<བོད་རིག་པ་ཞིབ་འཇུག>> དུས་དེབ་འདོན་ཐེངས་དང་པོའི་ནང་དུ་ཡོད།) དུའང་གསལ་པོར་བསྟན་གནང་མཛད་ཡོད།

[50]<< དེབ་ཐེར་དཀར་པོ། >> དགེ་འདུན་ཆོས་འཕེལ་གྱིས་བརྩམས། ཤོག་ངོས་༩༣ ཐིག་ཕྲེང་༧ པར་གསལ། མི་རིགས་དཔེ་སྐྲུན་ཁང།

[51] << དེབ་ཐེར་དཀར་པོ། >> དགེ་འདུན་ཆོས་འཕེལ་གྱིས་བརྩམས། ཤོག་ངོས་༢ ཐིག་ཕྲེང་༩ བར་གསལ། མི་རིགས་དཔེ་སྐྲུན་ཁང།

[52] << དེབ་ཐེར་དཀར་པོ། >> དགེ་འདུན་ཆོས་འཕེལ་གྱིས་བརྩམས། ཤོག་ངོས་༣༣ ཐིག་ཕྲེང་༡༣ པར་གསལ། མི་རིགས་དཔེ་སྐྲུན་ཁང།