དོན་རྒྱལ་བཤད་སྟངས་ལས་ནུབ་བྱང་དཀར་འདོན།

རིགས་སུ་གྱུར་བ། ཕྱོགས་སུ་མཐུན་པ་དག་ལ་སྐད་འདི་བསྐུར།

གསེར་ལ་བཙོ་མ་དཀོན་པ་དང་མི་ལ་སངས་རྒྱས་དཀའ་བ་བཞིན། ཡིན་དང་མིན། མེད་དང་ཡོད་སོགས་སྤྲོ་བྱ་མེད་པར་དམིགས་པ་ག་ལ་ཡིན། བྱ་དངོས་གང་ཞིག་གི་འབྲེལ་བའི་རྒྱུ་དང་འབྲས་བུ་སྣང་ཚུལ་སྣ་ཚོགས་ཚོགས་ཀྱི་རྣམ་རྟོག་གྲངས་མེད་པ་ནི་རྫེ་བཙུན་བྱམས་མགོན་ཁྱི་རོར་མཐོང་བ་དང་ཨ་ན་མ་ན་ཡིན་པ་དང་། ལར་གར་སོང་གར་བསྡད་སངས་རྒྱས་བཞུགས་པ་སོགས་ཀྱི་གཏམ་དངོས་ཡོད་ཀྱི་མིག་གིས་མ་ཟིན་པ་དང་འདིར་ཐོས་ཀྱི་རྣ་བ་འོན་པ་ལྟ་བུ་བཤད་རྒྱུ་གཏམ་རྒྱུ་ལུང་རིག་དཔེ་གསུམ་གྱི་རྐྱ་འཐབ་ཡོད་པ་ནི་འོ་སྐོལ་གྱི་ཁོར་ཡུག་འདི་ནས་རིག་གནས་པ་དག་གིས་མཁྱེན་པ་སུ་ལ་གསང་། དེ་ན་གཏམ་ཐོས་ཚད་དོགས་པ་སྐྱེས་ནས་དགའ་སྟེ་རྒྱུ་མ་ཆད་རུང་། ངུས་ཏེ་མིག་རྡོ་ཟགས་རུང་ཁྱོད་ཚོའི་རང་དབང་རེད་མོད། དགའ་སྐྱོའི་འོག་ནས་མི་ཡང་མི་གསོད་པའི་ཆོས་ཉིད་སུ་ལའང་མེད་ཅེས་མི་བཤད། འཇིག་རྟེན་པའི་ཉམས་མྱོང་ལས། རང་སེམས་ན་ཉེས་པ་མེད་ན།། གཤིན་རྗེ་ན་འཇིགས་པ་ཅི་ཡོད།།ཅེས་དང་། ནད་མཁྲིས་པ་ཅན་གྱི་མིག་ནང་ན།། དུང་དཀར་བོའི་ཁ་དོག་སེར་བོ་ཡིན། ཟེར་བ་ལྟ་བུ་རེད་འདུག

བདེན། ནུང་བྱང་ཚང་གི་སློབ་ཁུལ་གསར་རྙིང་གཉིས་ཀའི་བོད་ཀྱི་སློབ་མ་མང་ཤོས་ཀྱིས་དོན་རྒྱལ་གཤེགས་པའི་ཉིན་མོ་དྲན་པ་ངོ་མ་ཡིན། ང་ཡང་ཡུལ་དངོས་ཀྱི་ཚོགས་མི་མིན་ཡང་། དེར་ཚོགས་པའི་ཉིན་མོ་ཐོས་ཡོད། ངའི་བཤད་སྟངས་ཤིག་ལ་སྐབས་འདིར་དམར་ཤོག་པ་ཚོ་ཇི་འདྲ་ཡིན་ན་ཡིན་དུ་ཆུགས། དཔེར་ན། ལྟོས་བཅས་རིག་པ་ལས་ནང་བའི་ལྟ་གྲུབ་ཀྱི་རྒྱུ་འབྲས་རྣམ་གཞག་ཆ་འདྲ་བ་ཙམ་ཡོད་པ་ལས་ནང་བའི་ལྟ་གྲུབ་རེད་སྨྲ་བ་ནི་བཞད་གད་ཀྱི་གནས་སོ།། དེ་མིན། འགྲོ་འདུག་ཙམ་གྱི་འདྲ་བའི་ཆ་ནས་འཇོག་པ་ཡིན་ན་ཁྱོད་ཀྱི་རིགས་སུ་གཏོགས་པ་གང་ཞིག མུ་སྟེགས་པ་ཡིན་པར་ཐལ་བའི་སྐྱོན་འབྱུང་བས་ན་བརྒལ་རྟགས་མི་སྤྲོའོ།། ངས་དོན་རྒྱལ་གྱི་《སྤྲུལ་སྐུ》་ལས་མཐོང་བའི་སྤྱི་ཚོགས་ཀྱི་གཉའ་གནོན་ཁ་ཤས་མཐོང་སྟེ་ཁྱེད་ཅག་གིས་བྱེ་བྲག་གི་གནད་དོན་དེ་ཇི་ལྟར་སྦྱོར་བ་རྩོམ་པའི་བདེན་ཁ་ཞིག་རིག་ན་འདོད་ཀྱང་བདེན་པའི་ཨ་ལན་ཅི་ཡང་མ་མཐོང་བས་ཁྱེད་ཀྱི་རིགས་སུ་གྱུར་བ་དག་ལས་དོན་རྒྱལ་ངར་གི་ཟེར་ན་འདོད། རྒྱུ་མཚན་གནའ་ནས་དིང་གི་བར་སྤྲུལ་སྐུའི་གནད་དོན་དང་བོད་མིའི་སྤྱི་ཚོགས་ཀྱི་སེམས་ཁུར་བྱ་ཡུལ་དེར་ཁ་གྲག་མ་ཐུབ་པའི”རྟེན”ཁྱད་པར་ཅན་ཞིག་ཏུ་གྱུར་ཡོད་པས་རེད། སྤྱིར་སྐུ་ཞབས་བོང་རྫིས་ཆོས་ལུགས་པའི་ནག་ཉེས་བརྗོད་པའི་མི་སྣ་མང་ཤེས་ལ་གླེང་ཕྱོགས་འགྲིག་མིན་ཅི་རིགས་ཤིག་བཟོས་པའི་འགོས་ནད་རྙིང་བ་འདིས་ཡོད་ཚད་དམར་ཤོག་པ་དང་དམར་དམག་གི་བསྐྱེད་འབྲས་ཤིག་ཏུ་རྩི་བཞིན་འདུག་མོད། འདི་མཐའ་གཅིག་ཏུ་ཡིན་པའི་བསམ་བློ་ང་ལ་མེད། དེའི་ནང་གི་གཅིག་ནི་དོན་རྒྱལ་རེད། སྤྱིར་གུས་པོ་རང་ཉིད་ལ་མཚོན་ན་སྤྲུལ་སྐུ་རྫུན་མར་དགག་ཀྱང་ཆོག་ལ་མ་དགག་ཀྱང་ཆོག་རུང་། ང་ལ་འབྲེལ་བ་མེད། འདིར་དོན་རྒྱལ་གླེང་དུས་ཁོར་ཡུག་༼ རི་བོ་ཆེན་པོ་གསུམ་ལ་རྒོལ་བའི་ཁོར་ཡུག་ལ་ཟེར།༽དང་དུས་༼ རིག་གསར་གྱི་གཞུག་གི་དུས་ལ་ཟེར།༽་བཀྲ་ཤིས་སྣ་ནག་མ་༼མོ་རྒད་པོའི་སྐད་ཆ་ཞིག༽་ཞིག་ལ་འཁེལ་འདུག་པས་དོན་རྒྱལ་གྱིས་སྤྲུལ་སྐུ་རྫུན་མར་དགག་ན་དམར་ཤོག་པ་དང་དམར་དམག་ཏུ་རྩི་བ་ཁག་ཀྱང་མི་འདུག འདིའི་དབྱེ་བ་མ་ཤེས་པར་མགོ་བོ་རྨོངས་པ་དག་ལ་འགྲེལ་དུ་མེད་ལ་བརྗོད་དུ་མེད་པའི་གནད་ཅིག་རེད། དེ་བས་སྤྱི་ཚོགས་ཀྱི་འགན་ཁུར་དང་དུ་ལེན་པའི་མི་ཞིག་ལ་མཚོན་ན་དུས་དང་ཁོར་ཡུག་གི་མི་ཁ་ལ་ཁ་ཡ་བྱ་སྲིད་དམ། མི་སྲིད། དེའི་དབང་གིས་ན་ཟུག་འདི་དང་དུ་ལེན་དགོས་པ་སུ་ལ་གསང་དོན་རྒྱལ་གྱི་མགོ་ལ་ལྷུང་བ་དང་ཨ་ན་མ་ན་རེད། དེ་བས་ངས་དོན་རྒྱལ་བོད་ཀྱི་སྤྱི་ཚོགས་ལས་སྙིང་སྟོབས་ཆེ་ཀི་ཟེར་ཐུབ།

དེ་མིན་དོན་རྒྱལ་མཁས་པ་དང་བསམ་བློ་བ། སྙན་ངག་པ་ཡིན་པའི་བདེན་ཁ་ཅི་ཡང་ལོན་ཐབས་བྲལ་མོད། སྐབས་དེའི་མི་སྣ་གཙོ་བོ་ཅིག་ཏུ་གྱུར་བ་ནི་སུ་མི་དགའ་ནའང་རང་ཉིད་ནད་པར་གཏོང་བ་དང་ནང་མིར་འཁོན་འཛིན་སློག་བྱེད་ལས་ཅི་ཡང་མེད་པར་སྙམ།

དེ་རིང་བཤད་བྱ་གཙོ་བོའང་ནུབ་བྱང་ནས་དོན་རྒྱལ་རྗེས་དྲན་ལ་ཞུགས་པའི་མི་སྣ་དག་གིས་དོན་རྒྱལ་བསྟོད་དམ་སྨད། དེ་ཉན་ཡག་བགྱིས་ཏེ་སྐད་ཆ་ཡོད་ན་ནུབ་བྱང་ཚང་ཟེར་རྒྱུ་མ་རེད། ཡང་གཅིག་བཤད་ན་ནུབ་བྱང་ཚང་ལ་ཟུར་གཅིག་དང་དཔར་མ་དག་དག་ཡིན་རྒྱུ་ཨེ་རེད། ནུབ་བྱང་ཚང་ན་དོན་རྒྱལ་གླེང་མ་མྱོང་བའང་ཡོད་ལ། གླེང་བ་མི་ཤེས་པའང་ཡོད། དེ་སྐྱོན་འཚོལ་རྒྱུ་དགའ་ལ་རང་སྐྱོན་འགེབས་མི་ཤེས་པའི་ནག་ཉེས་ཟེར་ན་འདྲ། རྫུན་ལུང་བ་གཉི་ཀའི་ཕུ་ཐག་ཐུང་ཀ འདི་ནུབ་བྱང་ཚང་དམར་ཤོག་པ་དང་དམར་དམག་རེད་ཅེས་ཟེར་མཁན་དག་ལ་དྲི་བ་བཏོན་པ་ཡིན། གཙོ་བོར་ནུབ་བྱང་ཚང་དམར་ཤོག་པ་དང་དམར་དམག་རེད་ཅེས་ཟེར་དོན་གོང་གི་དོན་རྒྱལ་གླེང་ཕྱོགས་དག་མ་དག་པ་ལས་བྱུང་བ་རེད། དེ་དག་ངོ་མ་ཡིན་ཀྱང་ཆོག་ལ་མིན་ཀྱང་ཆོག ངེད་ཅག་གི་ལུང་བ་འདི་དང་འདིའི་ཐག་ཉེ་ས་ནས་སྤྲུལ་སྐུ་རྫུན་མས་འདུག་གི་ཨེ་འཇུག་གི ཐ་ན་མི་རིགས་ཀྱི་ངོས་ཐད་ནས་མི་རིགས་ཀྱི་ཆོས་སྲོལ་ལ་གནོད་པ་དང་། མི་དང་མིའི་བར་གྱི་མཛའ་བ་དང་ཡིད་ཆེས་ལ་གནོད་སྤྱད་ཀྱི་མཛད་པའི་བསྟན་པ་དེར་ཁ་མི་གྲག་ན་རྫུན་པ་བདེན་པ་རུ་སྒོམ་པ་དང་བདེན་པ་རྫུན་པ་རུ་སྒོམ་པ་ཨ་ན་མ་ན་རེད། དེ་དཔེ་ཞིག་ཡིན། དེ་འདྲ་བའི་གནད་དོན་དག་སློབ་གྲྭ་ཆེན་མོ་སུ་ཚང་གིས་ད་བར་ཏུ་གླེང་གིན་ཡོད། བྲོས་བྱོལ་བ་དེ་དག་གིས་མ་གླེང་ཡང་ནུབ་བྱང་ནས་བདེན་པ་དང་བདེན་པ་བརྡར་བའི་མཁའ་དབུགས་ཤིག་མུ་མཐུད་གླེང་གིན་ཡིན། མདོར་ན་གོང་གི་སྐད་ཆར་ཞིབ་ཚགས་མེད་པ་འདི་ཁྱོད་ཚོའི་སྐྱོན་རེད། སྐྱོན་དེས་ནུབ་བྱང་གི་གསར་བུ་གསར་མོ་མང་བོས་མྱ་ངན་ཞུས་དང་མ་ཞུས་པ་དག་གི་ཐོབ་ཐང་ལ་དམའ་འབེབ་དང་ཟུར་ཟ་ལུས་སེམས་ཀྱིས་མི་ནོན་པ་ཞིག་བགྱིས་པ་ཡིན་པས་རང་ལ་ཐོབ་འོས་པའི་བདེན་པ་སྲུང་བ་དེ་ཡིན་ལ་རང་ལས་སྐྱོབ་པའི་བྱེད་སྟངས་ཀྱང་འདི་ཡིན། ངའི་རེ་བར་ནང་མི་ལ་གླེང་ཕྱོགས་བཟོ་བ་འདི་རིག་གནས་པའི་ལས་ཀ་མ་རེད་སྙམ་པས་ཀུན་སློང་མི་གཙང་བ་དག་ག་ལེར་བསྡད་ན་ཡག འདི་འདྲའི་རིགས་ལ་ལུང་གིས་སྒྲུབ་བྱེད་མཁོ་མེད་རེད། རྒྱུ་མཚན་དངོས་ཐོག་བདེན་པ་ཡིན་པས་ཕྱིར། སྤྱིར་འདིའི་ཕྱོགས་ལ་ཤོད་བྱ་མང་ཙམ་གདའ་མོད་ཡིག་ཚོགས་སྐྱུང་ཕྱིར་སྐྱུར་ཞོག

དུས་ཚོད་གཅིག་གི་ངལ་བ་འདི་སློབ་སྦྱོང་གི་བྲེལ་གསེང་ཁྲོད་ནས་ཤར་མར་གློད་པ་གཡུ་སྒང་དཔལ་ལྡན་དུ་འབོད་པས་ཕྱི་ལོ་༢༠༡༤/༡༢/༣ཉིན་ལན་གྲུ་ནས་མུན་ནག་པའི་དགོང་མོར་སྦྱར་བའོ།།