སྐར་འོད།

འཚོ་བ་ནི་མིའི་རིགས་ཀྱི་སྟོན་པ་ཡིན།

རང་དང་རང་གི་འཚོ་བའི་ཁྲོད་ཀྱི་ཡོད་ཚད་བེད་མེད་སྟོང་ཟད་དུ་མ་གྱུར་བ་དང་རོ་མེད་རིན་མེད་དུ་མ་མངགས་པར་ལོངས་སྤྱོད་ཤེས་རྒྱུ་ལས་ཁྱད་པར་བའི་ཡོན་ཏན་ཞིག་མེད།

ཚོང་བ་ཞིག་ལ་མཚོན་ན་ཆེས་ཚོང་འགྲིམ་པའི་ཚོང་རྫས་ནི་ཆེས་བཟང་བའི་ཚོང་རྫས་ཡིན།

འགྲོ་སྒོ་མེད་པའི་ཡོང་སྒོ་མེད་ལ་ཡོང་སྒོ་མེད་པའི་འགྲོ་སྒོའང་མེད།

སློབ་སྦྱོང་བྱེད་རྒྱུ་སླ་མོད་བྱེད་ཤེས་རྒྱུ་དཀའ།

འཚོ་བའི་ཁྲོད་དུ་མི་ནི་སློབ་མ་རིགས་ཤིག་ཡིན།

གལ་སྲིད། སྐུ་ཉིད་ཀྱིས་རང་ཉིད་ལོ་ཆུང་ཞིག་ཡིན་སྙམ་ན་ཁྱེད་ཉིད་ལོ་ཆུང་ཞིག་མིན་ལ་ལོ་ཆེ་ཞིག་ཏུ་འདོད་ན་ལོ་ཆེ་ཞིག་ཀྱང་མིན་ནོ༎

བོད་ཀྱི་རིག་གནས་པའི་སྡེ་ནས་མགོ་བོ་ཡར་ལ་འཇོག་འདོད་ཚེ་ནང་བསྟན་གྱི་རྒྱུན་ཤེས་ཙམ་ནི་ངེས་པར་ཤེས་དགོས་པ་ཞིག་ཆགས་ཡོད། ནང་བསྟན་དང་འབྲེལ་བ་སྤུ་ཙམ་མེད་པའམ་འབྲེལ་བ་སྤུ་ཙམ་འབྱུང་བར་མི་འགྱུར་བའི་རིག་གནས་དེས་རང་རེ་ཚོའི་ཡིད་སེམས་ཡེ་ནས་འགུགས་ཐུབ་ཀྱིན་མི་འདུག་པ་འདི་ནི་ཚབས་ཆེ་བའི་ནོར་འཁྲུལ་ཞིག་རེད་ལ་མི་རྣམས་ཀྱི་ནང་བསམ་བློ་དང་ཕྱི་དངོས་པོའི་འཕེལ་རྒྱས་དང་བསྡོངས་ནས་རྐང་ཚུགས་པར་མི་འགྱུར་བའི་ད་ལྟའི་གནས་བབ་ཅིག་ཀྱང་རེད།

བསམ་ཐུབ་པ་ནི་བཤད་ཐུབ་པའི་སྔོན་འགྲོ་དང་བཤད་ཐུབ་པ་ནི་སྒྲུབ་ཐུབ་པའི་སྔོན་འགྲོ་ཡིན། བསམ་ཕོད་བཤད་ཕོད། སྒྲུབ་ཕོད་པ་ནི་གྲུབ་འབྲས་ལེན་པའི་གཞི་རྩའོ༎

༡༠

ཚོང་ལ་དགའ་བ་ནི་སྒོར་མོ་ལ་དགའ་བ་ཡིན། སྒོར་མོ་དགའ་བ་ནི་མ་གཞི་ནས་ནོར་འཁྲུལ་ཞིག་མིན།

༡༡

འབག་བཙོག་གི་སྟེང་ནས་མཛེས་པ་མཐོང་བ་དང་བརྡབས་གསིག་གི་ཁྲོད་ནས་གནས་ལུགས་རྙེད་པའི་ཚད་ལ་མ་ཐོན་པའི་བར་ཤེས་བྱ་གསར་བ་ཞིག་ཤེས་འདོད་མཁན་ལ་སྙན་ངག་དང་བརྩམས་སྒྲུང་མི་འཚམ་པར་གཞུང་ལུགས་དང་བསླབ་བྱ་མཛའ་བ་ཡིན་ལ་ཡག་རོལ་གཞིག་སོགས་ཀྱི་འདུན་པ་མཁན་ལ་གཞུང་ལུགས་དང་བསླབ་བྱ་མི་འཚམ་པར་སྙན་ངག་དང་བརྩམས་སྒྲུང་མཛའ་བ་ཡིན།

༡༢

ང་ཚོ་ནམ་ཡང་གསར་འགྱུར་དང་ཁ་འབྲལ་མི་ཉན།

༡༣

ལེབ་བལྟས་ཀྱིས་བཤད་ན་ད་ལྟའི་བོད་ཀྱི་རིག་གནས་སྦྱོང་མཁན་གྱི་འདུན་པ་ནི་འཚོ་བའི་ཁྲོད་དུ་ཁ་ཚ་དགོས་གཏུགས་སུ་གྱུར་བའི་ཚན་རིག་ལག་རྩལ་ལྟ་བུའི་ཤེས་བྱ་གསར་བའི་སྟེང་ན་ཡོད་པ་ལས་སྒྱུ་རྩལ་ལྟ་བུའི་འཚོ་གནས་ལོངས་སྤྱོད་ཀྱི་ཐོག་ན་མི་འདུག་སྟེ་དེའི་རྒྱུ་མཚན་ནི་དཔལ་འབྱོར་གནོན་ཤུགས་ལ་ཧ་ཅང་ནས་འབྲེལ་བ་ཡོད་པ་ཞིག་རེད།

༡༤

ཁྱོད་ལ་ཁྱོད་རང་ཉིད་ལས་ཀྱང་དགའ་མཁན་ཞིག་མེད།

༡༥

སྡུག་དུས་བཟི། སྐྱིད་དུས་བཟི། ཏག་ཏག་རྣམ་རིག་གསལ་དགོས་པའམ་གསལ་འོས་པའི་དུས་གང་མང་ཞིག་ལ་ང་ཚོ་ནམ་རྒྱུན་བཟི་ཡོད་པ་འདི་ཅི་ཞིག་གི་སྐྱོན་ཡིན་ནམ།

༡༦

ངོ་ཚ་ནི་བརྩི་བཀུར་ཞིག་ཡིན།

༡༧

ཆེས་ལུས་ལ་མཛའ་བའི་གོན་པ་ནི་ཆེས་ཡག་པའི་གོན་པ་ཡིན།

༡༨

ལྟ་ལོག་པ་ནི་སྤྱི་ཚོགས་ཤིག་རྒྱུད་མཐུད་འཕེལ་རྒྱས་འགྲོ་བ་ལ་མེད་དུ་མི་རུང་བའི་སྐུལ་འདེད་མཁན་ཞིག་ཡིན།

༡༩

ཆབ་སྲིད་པས་རང་ཉིད་སྐྱོབ་ངེས། དེ་ནི་རྒྱུན་ལྡན་ཡིན། ཆབ་སྲིད་པས་རང་ཉིད་གསོད་ཀྱང་ངེས། དེ་ཡང་རྒྱུན་ལྡན་ཞིག་ཡིན།

༢༠

〝ལྟ་ལོག་པ〞ནི་སྒེར་གཅོད་ཀྱི་སྤྱི་ཚོགས་ལས་བྱུང་བའི་ཐ་སྙད་ཅིག་རེད།

༢༡

རིག་གནས་ཀྱི་ཐོག་ནས་ད་ལྟའི་བོད་པའི་སྤྱི་ཚོགས་སུ་ནང་བསྟན་རིག་གནས་ནི་〝སྲིད་གཞུང〞དང་འཇིག་རྟེན་རིག་གནས་ནི〝འབངས〞ལྟར་ཆགས་ཡོད་པ་ནི་ཧ་ཅང་ནས་མི་ལེགས་པའི་གནས་ཚུལ་ཞིག་རེད།

༢༢

མི་ནི་སྤྱི་ཚོགས་ཀྱི་འགོ་ནད་ཕོག་པའི་སྲོག་ཆགས་ཤིག་རེད། འགོ་ནད་འདི་ལ་རྒོལ་ཞིང་འགོ་ནད་བསྟུན་པའི་སྲོག་ཆགས་པྲ་ཚག་ཅིག་ཀྱང་རེད།

༢༣

སྒེར་གཅོད་ཀྱི་དྲི་མས་མ་གོས་པའི་སྲིད་དབང་ཞིག་མེད་མོད། སྒེར་གཅོད་དང་བྲལ་བའི་སྲིད་དབང་ཞིག་འཛུགས་སྐྲུན་དང་འཚོལ་སྙེག་བྱེད་པ་ནི་རྒྱལ་ཁབ་དེའི་མི་ཚང་མའི་འགན་འཁྲི་རིགས་ཤིག་ཡིན།

༢༤

ཡག་པོར་གསོན་འདོད་ན་འཆི་བའི་བསམ་བློ་མ་འཁོར། མི་གསོན་པོ་ཞིག་གིས་ལས་ཤི་བོ་ཞིག་ལ་བསམ་བློ་འཁོར་བས་ཅི་ཞིག་གི་དགོས་པ་ཡོད།

༢༥

མི་ནི་དད་པའམ་ཡིད་ཆེས་རིགས་ཤིག་ལ་བརྟེན་ནས་འཚོ་སྡོད་བྱེད་ཀྱིན་འདུག

༢༦

ཁྱོད་ཀྱི་གྲུབ་འབྲས་ནི་ཁྱོད་ཀྱི་འཚོ་བའི་ཐོན་ཁུངས་ཡིན་ཏེ་ཁྱོད་ཀྱི་རང་སྟེང་གི་གྲུབ་འབྲས་ཇེ་ཉུང་དུ་སོང་བ་དང་བསྟུན་ནས་ཁྱོད་ཀྱི་འཚོ་བའི་ཁ་དོག་ཀྱང་རིམ་ཅར་དུ་ཡལ་འགྲོ་བ་ཞིག་ཡིན།

༢༧

གཏན་ནས་འདོར་མི་ཐུབ་པ་ཞིག་ཡིན་ན་དེ་ལ་ཇི་འདྲས་ངན་འཚང་གིས་བཀང་བ་ཞིག་ཡིན་རུང་དེ་ལ་ངན་དམོད་བགྱི་མི་རུང་བ་ཡིན་ཏེ་འདོར་མི་ཐུབ་པ་དེས་དོན་དངོས་ཐོག་ཁྱོད་ལ་དེ་ནི་གལ་ཆེ་བ་ཞིག་ཡིན་པ་གསལ་བཤད་བྱེད་ཐུབ།

༢༨

མཛའ་གྲོགས་ཀྱིས་ཁྱོད་ལ་ཚེ་སྲོག་གི་སྙིང་བོ་སྟོན་ངེས།

༢༩

རྒྱུ་རྐྱེན་མེད་པའི་འཕེལ་འགྲིབ་ཅིག་མེད།

༣༠

འགོ་བརྩམས་པ་ནས་འཚབ་འཚུབ་བྲལ་བྲེལ་གྱིས་མཇུག་བྱང(结局)ལ་བསྙེགས། མཇུག་བྱང་ལ་སླེབས་རྗེས་སྐྱ་ཟད་སྔོ་སྡུག་གི་ཕྱིར་དྲན་ལ་འབད—མི་ཚེ—ང་ཚོས་མི་ཚེའི་འཚོ་བ་ཇི་ལྟར་རོལ་བཞིན་ཡོད་རེད།

༣༡

ཕྱི་དངོས་པོའི་སྟེང་གི་བདེན་པ་དང་ནང་བསམ་པའི་སྟེང་གི་ཞི་བདེ་འཚོལ་གཉེར་བྱེད་པ་ནི་ཏག་ཏག་གི་དམ་ཆོས་རེད།

༣༢

དད་པ་དང་བྲལ་བ་ནི་ཧ་ཅང་ནས་ཉམས་ཉེས་ཆེ་བའི་སེམས་ཁམས་ཤིག་རེད།

༣༣

སྡུག་བསྔལ་གང་མང་ཞིག་ཁྱོད་རང་ཉིད་ཀྱི་སེམས་རྣལ་དུ་གནས་མ་ཐུབ་པ་ལས་བྱུང་བ་རེད།

༣༤

སྤྲོ་བ་མེད་ཕྱིན་གནས་དེ་ན་ཁྱོད་ལ་ཅི་ཡང་མེད་ཚར་བ་ཡིན།

༣༥

ཕ་རོལ་བས་ཕུགས་བསམ་ཞིག་ལ་བརྩི་བཞིན་པའི་དོན་དག་ཅིག་ཡིན་ན་དེ་ཇི་འདྲས་དངོས་ཡོད་དང་མཐུན་པ་ཞིག་མིན་རུང་ཁྱོད་ཀྱིས་དེར་འབུར་འཇོམས་ཀྱི་མཚོན་ཆ་འཕྱར་བ་དང་ཟུར་ཟའི་གཉའ་གནོན་མི་རུང་བ་ཡིན།

༣༦

མི་མང་བོ་ཞིག་གི་ཤ་ཚ་སར་ཉན་འདོད་ན་ཐོག་མར་མི་མང་བོ་དེའི་བཀའ་བཀྱོན་ཐེགས་པའི་མི་ཞིག་ཉན་དགོས།

༣༧

སྐྱེས་པ་རང་བྱུང་ལས་སྐྱེ་ཞིང་འགྲོ་བ་རང་བྱུང་ལ་འཐིམ་འགྲོ།

༣༨

བཞུར་སླ་བའི་མིག་ཆུ། སྲད་སླ་ལ་འགག་ཀྱང་སླ།

༣༩

ཁྱོད་རང་ཕ་མར་གྱུར་ན་ད་གཟོད་ཕ་མས་ཁྱོད་ཀྱི་དོན་དུ་མངར་སྐྱུར་ཁ་སྐའི་བྱ་བ་ག་ཚོད་ཅིག་སྒྲུབ་ཡོད་པ་ཤེས་ལ། ཁྱོད་རང་ཧྲེང་བོར་ལུས་ན་ད་གཟོད་མཛའ་གྲོགས་ནི་ཇི་འདྲས་གལ་ཆེན་ཞིག་ཡིན་པ་ཚོར་འོང་།

༤༠

ལྷ་སྒྲུང་གི་ཁྲོད་དུ་དངོས་བྱུང་ལོ་རྒྱུས་གནས་ཤིང་དངོས་ཡོད་འཚོ་བའི་ནང་ན་ལྷ་སྒྲུང་གི་གྲུབ་ཆའང་བདོག་པ་ཡིན།

༤༡

བྱིས་པའི་སེམས་ཁམས་ནི་འཆར་ཡན་གྱི་ཕོ་ཉས་བཞེངས་ནས་ཡོད།

༤༢

རྒྱལ་ཕམ་ཐེངས་ཤིག་གི་ཕྱིར་ཁྱོད་མེད་ང་མེད་བྱེད་པ་ལ་དགོས་པ་ཡོད་དམ།

༤༣

སྐྱེ་བ་ཁྱོད་ལ་མ་དབང་བ་ནང་བཞིན་འཆི་བའང་ཁྱོད་ལ་མི་དབང་།

༤༤

སྨྲ་བརྗོད་དབང་ཆ་ནི་རྨང་གཞིའི་དབང་ཆ་ཡིན་ལ་དབང་ཆའི་ཚབ་མཚོན་ཡང་ཡིན།

༤༥

གནས་ལུགས་དང་མི་མཐུན་པའི་སྐད་ཆ་བཤད་ཆོག་སྟེ་གནས་ལུགས་དང་མཐུན་པའི་སྐད་ཆ་བཤད་མཁན་མང་བོ་ཡོད། དེ་བཞིན་གནས་ལུགས་དང་མཐུན་པའི་བྱ་སྤྱོད་སྤེལ་འོས་ཏེ་གནས་ལུགས་དང་མི་མཐུན་པའི་བྱ་སྤྱོད་སྤེལ་མཁན་མང་བོ་ཡོད།

༤༦

〝སེམས〞ཀྱི་བེད་ནུས་ནི་མིའི་རྣམ་དཔྱོད་ཀྱི་འཚོ་བའི་ཁྲོད་ཤིན་ཏུ་ནས་མངོན་གསལ་དོད་པོ་ཡོད།

༤༧

སུ་ཞིག་ནར་སོན་པར་སྒུག་པ་ནི་རང་ཉིད་རྒས་ཚུལ་ལ་ལྟ་སྟངས་ཤིག་ཡིན།

༤༨

ཡོད་ཚད་རང་ཉིད་འབའ་ཞིག་གི་འདོད་ཐོག་ལ་འགྲོ་དགོས་ཚེ་ཁེར་འགོར་བུད་ནས་འདུག་པ་ནི་ཆེས་བཟང་བའི་གདམ་ཀ་ཡིན།

༤༩

མིག་ལ་མི་རན། རྣ་བར་ཡང་མི་རན། ལྷག་པར་ཡིད་ལ་མི་རན་པའི་མི་དེ་ནི་གཅིག་བྱས་ན་ཁྱོད་ལ་ཧ་ཅང་ནས་འདང་རྩིས་ཆེ་མཁན་ཞིག་ཡིན་ཡང་སྲིད།

༥༠

དམངས་སྲོལ་རིག་གནས་ནི་འདས་སོང་ལོ་རྒྱུས་ཀྱི་ཕྱག་རྒྱུན་འཁྲབ་སྟོན་ཞིག་ཡིན།

༥༡

དད་པ་བརྟན་མིན་སུ་ཡིས་ཤེས་ཏེ་དོགས་པ་ཟ་བའི་ནུས་སྟོབས་ངར་མིན་ཡང་ཤེས་མཁན་མེད།—རྒྱུ་མཚན་མི་གསལ་བའི་ཡིད་ཆེས་དང་ཐེ་ཚོམ་གང་ཡང་རང་ཚུགས་མི་བརྟན་པའི་དགའ་ཁ་འཁྱེར་ཕྱོགས་ཉི་ཚེ་བ་རེ་ཡིན།

༥༢

ནུས་སྟོབས་ནི་ལྷ་བདུད་ལ་འགྱུར་བའི་འཛིན་བྱང་ཡིན།—མིའི་འདུ་ཤེས་ངོས་སུ་ལྷ་ནི་བྱམས་པའི་རང་བཞིན་གྱི་ནུས་སྟོབས་ཅན་ཞིག་དང་བདུད་ནི་གནོད་འཚེ་རང་བཞིན་གྱི་ནུས་སྟོབས་ཅན་ཞིག་ཏུ་གྲུབ་ཡོད།

༥༣

བརྒྱུད་པ་མང་ལ་འཛིན་ཐབས་བྲལ་བའི་ཁ་སང་།
སྒུག་པ་མང་ལ་ཐོབ་ཐབས་དབེན་པའི་སང་ཉིན།
ཡོད་ཚད་དྲན་ཤིང་དང་སྔོན་དཔག་གང་དག་གི་མདུན་རྒྱབ་ན།
ང་ཚོ་ནམ་ཡང་དེ་རིང་གི་ཞིང་ཁམས་འདིར་འཚོ་ཡོད།

༥༤

རང་རེ་ལོ་ལོན་ཚོའི་ཁྲོད་ཁ་ཏོན་དགེ་སྦྱོར་བྱས་ཏེ་སོ་སོའི་སེམས་གཅོང་དང་དགའ་སྐྱོ་ཆགས་སྡང་གི་ངག་གི་མི་དགེ་བ་ལ་ཚོད་འཛིན་ཐུབ་ཀྱིན་པ་དེ་ནི་ཤིན་ཏུ་ལེགས་པའི་འགྲོ་ལུགས་ཤིག་རེད་དེ། མིའི་ལོ་ཡར་ལ་ཐོན་ཞིང་ལག་ལས་ཀ་ཅང་མེད་པ་དང་བསྟུན་ནས་འདས་སོང་གི་དོན་དག་དང་ད་ལྟའི་མིའི་སྟེང་ལ་འགྱོད་པ་དང་མི་དགའ་བ་བྱེད་པའི་སེམས་ཀྱི་མནར་གཅོད་དང་མནར་གཅོད་དེ་འདྲའི་དབང་དུ་སོང་བའི〝བླ་བཙག་རྒྱུད་འདེད〞ཀྱི་ངན་ཚིག་གང་མང་རང་བཞིན་གྱིས་འབྱུང་ཞིང་སྟབས་དེས་བདག་གཞན་གཉིས་ཀར་མི་བདེ་བ་ཁྱེར་ཡོང་བ་ཡིན།—ཆེ་བར་ཆེ་བའི་ཐད་ཀྱི་སྒམ་ཚུགས་དང་དར་མར་དར་མའི་ཚོད་ཀྱི་མདོ་རྩ། ཆུང་བར་ཆུང་བའི་གཤིས་ཀྱི་སྨྱོ་རྟགས་ཤིག་གི་དགོས་པ་ཡིན།

༥༥

སློབ་སྦྱོང་ནི་ཚེ་བཀང་བོའི་བྱ་བ་ཞིག་ཡིན་ཞིང་འདི་ལ་བརྒྱུད་རིམ་གཙོ་ཆེ་བ་གསུམ་ཡོད་དེ། (༡)འཚོལ་སྙེག་སློབ་སྦྱོང་། མ་ཤེས་པ་ཤེས་པར་བྱ་བ་དང་མ་རིག་པ་རིག་པར་བྱ་བ། མ་ཐོས་པ་ཐོས་པར་བྱ་བ། མ་རེག་པར་རེག་པར་བྱ་བའི་ཆེས་རྨང་གཞིའི་སློབ་སྦྱོང་སྟེ་སློབ་གྲྭ་དང་ཁྱིམ་ཚང་གི་ལྟ་རྟོག་མཁན་གྱི་མཛུབ་སྟོན་དང་སོ་སོའི་དགའ་ཁ་འཁྱེར་སོའི་སྐུལ་འདེད་ལས་བྱུང་བའི་གཞོན་དུས་ཀྱི་འཇིག་རྟེན་ངོས་འཛིན་དང་ཀུན་སྤྱོད་དོ་དམ། རྒྱུན་ཤེས་ཤེས་རྟོགས་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་དང་། (༢)ལག་ལེན་སློབ་སྦྱོང་། སྤྱི་ཚོགས་ཐོག་ལ་ཞུགས་ཏེ་བྱ་བ་ག་གེ་མོ་ཞིག་སྒྲུབ་པ་དང་མི་ཆེ་གེ་མོ་ཞིག་ལ་འབྲེལ་འདྲིས་བྱེད་པའི་བརྒྱུད་རིམ་ཁྲོད་ཤེས་རྟོགས་བྱུང་བའི་ཡོན་ཏན་དང་གནས་བབ་དེ་འདྲར་མཁོ་བའི་ཤེས་བྱ་དང་ལག་རྩལ་བསྡུ་ལེན་དང་ཟབ་ཞུགས་བྱེད་པའི་དར་བའི་ལས་དོན་སློབ་སྦྱོང་གི་བརྒྱུད་རིམ། (༣)བགོས་རོལ(分享)སློབ་སྦྱོང་། གྲུབ་འབྲས་ག་གེ་མོ་ཞིག་ལོན་པ་སྟེ་བྱ་བའི་གྲུབ་འབྲས་དང་ཕ་མར་གྱུར་བ། ཡང་ན་ཨ་མེས་དང་རྨོ་རྨོར་གྱུར་བ་ལྟ་བུའི་མི་དང་སྤྱི་ཚོགས་ཆེ་འབྲིང་ཆུང་གསུམ་གང་ཞིག་ལ་རམ་འདེགས་དང་ཤུགས་རྐྱེན། བྱ་བ་བྱེད་ཐུབ་པའི་གནས་བབ་འོག་རང་ཉིད་གོང་འཕེལ་དང་བློ་རྒྱ་ཆེར་སྐྱེད། མིག་རྒྱང་རིང་བའི་སྦྱོང་བརྡར་དང་འགྲེམ་སྤེལ། དོ་དམ། ཉམས་རྟོགས་ཀྱི་འཁོར་རྒྱ་ཆེར་བསྐྱེད་པའི་སློབ་སྦྱོང་གི་བརྒྱུད་རིམ་མོ༎—ཏན་ཏན་གྱི་སློབ་སྦྱོང་སྔོན་དང་ཏན་ཏན་གྱི་ཤེས་རྟོགས་བར། ཏན་ཏན་གྱི་གྲུབ་འབྲས་རྗེས་ན་ཡོད་པ་ནི་ཚེ་བཀང་བོར་གཏོགས་པའི་སློབ་སྦྱོང་གི་འགྲུལ་བཞུད་དོ༎

༥༦

སྨྱོ་ཧམ་ཆེན་པོས་དཔེ་ཀློག་བྱེད་པའི་དུས་ཚོད་ནི་གཞོན་དུས་ཏེ་དར་མའི་དུས་སུ་ནི་དཔེ་ཀློག་གི་བར་སྟོང་རང་ཤུགས་ཀྱིས་ཉུང་དུ་འགྲོ་ལ་དཔེ་ཀློག་འབའ་ཞིག་ལ་མགོ་འཁོར་འོས་པའི་སྐབས་ཤིག་ཀྱང་མིན།

༥༧

ཅི་ལྟར་ཁ་ཡ་བྱེད་རྒྱུ་མང་ན་དེ་ལྟར་སེམས་འཚིག་དགོས་ས་མང་།

༥༨

〝མི་དམངས〞དེ་ཚོགས་སྤྱི་གང་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་རེད། གཞུང་ཞབས་པའི་ལོགས་སུ་ཡོད་པའི་མིའི་ཚོགས་སྤྱི་ལ་གོ་དགོས་སམ། ཡང་ན་སྲིད་དོན་གཙོ་འཛིན་ཚོགས་པའི་ལོགས་སུ་ཡོད་པའི་ཚོགས་སྤྱི་ལ་གོ་དགོས། ཁོ་བོའི་བསམ་པར་གཞུང་ཞབས་པ་དང་གཙོ་འཛིན་སྲིད་ཚོགས་གང་ཡང་མི་དམངས་སུ་གཏོགས་པ་རེད་དེ་མི་དམངས་དང་མི་དམངས་མ་ཡིན་པའི་ས་མཚམས་ནི་ཚོགས་སྤྱིའི་དབྱེ་བ་ལས་བྱུང་བ་མིན་པར་ཚོགས་སྤྱི་ཆེ་མོ་ཞིག་གི་ཐུན་མོང་བརྩི་སྲུང་དང་ལེགས་སྒྲིག་བྱ་ཡུལ་གྱི་ལམ་ལུགས་ལས་འབྱེད་པ་སྟེ་ལམ་ལུགས་དེ་ཉིད་ནི་མི་དམངས་མ་ཡིན་པའི་མི་དམངས་ཅན་དང་མི་དམངས་དེ་ཉིད་ནི་ལམ་ལུགས་དེ་སྲུང་བརྩི་དང་དོ་དམ་བྱེད་པའི་མི་དམངས་ལམ་ལུགས་ཅན་ཡིན་པའི་ཐོག་ནས〝མི་དམངས〞ཀྱི་བརྗོད་དོན་བྱུང་བ་རེད། འདིར་སྤྱི་མཚན་དང་རང་མཚན་གྱི་ཐོག་ནས〝མི་དམངས〞ལ་གོ་བ་འདི་འདྲ་ཞིག་འབྱུང་བར་གསལ་བཤད་བྱ་སྟེ། འཛམ་གླིང་ཧྲིལ་བོའི་སྐྱེ་དངོས་ཚང་མས་ཆོས་ཉིད་ངེས་ཅན་ཞིག་གི་ཐུན་མོང་སྐུལ་འདེད་འོག་འཚོ་གནས་བྱེད་དགོས་པའི་ཆོས་ཉིད་ལམ་ལུགས་དེ་འདྲར་གཏོགས་པའི་མིའམ་བྱོལ་སོང་། སྐྱེ་དངོས་མཐའ་དག་སྤྱི་མཚན་ཐོག་གི་འཚོ་གནས་ལམ་ལུགས་ཀྱི་མི་དམངས་དང་། རྒྱལ་ཁབ་མི་འདྲ་བའི་ཆབ་སྲིད་ལམ་ལུགས་མི་འདྲ་བར་གནས་པའི་རང་མཚན་ཐོག་གི་ཆབ་སྲིད་ལམ་ལུགས་ཀྱི་མི་དམངས་གཉིས་སུ་གོ་བ་ལེན་ཆོག དེ་བས་ན་འཚོ་གནས་ལ་ཆོས་ཉིད་དང་ཆབ་སྲིད་ལ་རྒྱལ་ཁབ་དེའི་སྲིད་འཛིན་ལམ་ལུགས་དང་མི་སྣས་མངོན་མཚོན་བྱེད་ཀྱི་མི་སྣ་ནི་མི་དམངས་ཀྱི་ཚབ་རྟགས་ཤིག་སྟེ་ཁོ་ནི་ནམ་ཡང་མི་དམངས་ལ་གཏོགས་པ་ཡིན་ཞིང་ཆབ་སྲིད་ལམ་ལུགས་དེ་ཡང་མི་དམངས་ལ་དབང་བའི་གཅིག་མཐུན་དམིགས་འབེན་དང་རིག་གནས། ལ་རྒྱ། དོ་དམ་ཞིག་ཡིན།

༥༩

འཆི་བ་ནི་སྐྱེ་བ་ལས་བྱུང་ཞིང་སྐྱེ་བ་ནི་འཆི་བ་ལས་བྱུང་།

༦༠

གནོད་འཚེ་བཟོ་མཁན་ཞིག་གིས་འདང་མང་བོ་རྒྱག་ཨེ་སྲིད་ལ། འདང་མང་བོ་རྒྱག་མཁན་ཞིག་གིས་གནོད་འཚེ་བཟོ་ཨེ་ཐུབ་རེད།

༦༡

དཀར་བོ་ནི་རྟག་ཏུ་ནམ་ཡང་དཀར་བོ་ཡིན་པའི་ངེས་པ་མེད་ལ་ནག་པོའང་རྟག་ཏུ་ནམ་ཡང་ནག་པོ་ཡིན་པའི་ངེས་པ་མེད།

༦༢

ཕོ:〝མོ་དང་འགྲིག་ནས་ཡོད་དུས་ངས་ཁོ་མོའི་ལུས་སྟེང་ནས་བཟང་ཏིལ་འབྲུ་ཙམ་ཡང་མཐོང་མ་མྱོང་། མོ་དང་འཐོར་ནས་ཡོད་དུས་གཟོད་ངས་མོའི་ལུས་སྟེང་གི་བཟང་ཧ་ཅང་མང་བོ་ཞིག་མཐོང་འོང་གིན་འདུག〞

མོ:〝དང་ཐོག་ཁོ་དང་འགྲིག་དུས་ཁོ་ནི་ས་ལྒང་ཐོག་ཆེས་བཟང་བའི་མི་དེ་ཡིན། ཁོ་དང་འགྲོགས་ནས་ཡུན་རིང་ཟིན་རྗེས་ངས་ཁོ་ལས་རྡབ་འགྱུར་གྱིས་བཟང་བའི་མི་ཧ་ཅང་མང་བོ་ཞིག་མཐོང་འོང་གིན་འདུག〞

༦༣

སྐྱིད་ཚོར་དཀའ། སྡུག་བརྗེད་དཀའ།

༦༤

ལོ་རྒྱུས་ནི་སྡོད་པ་མེད་པའི་དུས་ཚོད་ཀྱི་འཁོར་མདའ་ཞིག་སྟེ་ང་ཚོས་ཇི་ལྟར་ཡང་དེ་ཉིད་སྡོད་དུ་འཇུག་ཐབས་མེད། དེ་བས་ན་ང་ཚོས་འཁོར་མདའ་དེའི་དུས་བཅད་འོག་བརྗོད་དོན་རང་བཞིན་གྱི་འཁྲབ་སྟོན་བྱེད་བཞིན་པའོ༎

༦༥

མ་ཚད(རྒུད་པའི་སྐབས)ལ་ཐུག་ན་རིག་མཁན(རོགས་སྐྱོར་མཁན)མེད་ཀྱང་བ(བྲ)ཚད(དར་བའི་སྐབས)ལ་ཐོན་ན་མདུན་རྒྱབ་སྐོར་མཁན་མང་བའང་རྒྱན་ཞིག་ཡིན།

༦༦

ང་ཚོ་ནང་ཡང་ཕ་མའི་གམ་དུ་བྱིས་པ་ཞིག་ཡིན་འོས།

༦༧

ང་ཚོས་རིན་མེད་པའི་ཟ་མ་ཞིག་ཟོས་ནས་ལག་ཆགས་པ་ཡིན། དེ་ནི་ཕ་མའི་གཉོར་སྐྱོང་ངོ་༎

༦༨

དམིགས་བསལ་གྱི་རང་གི་བྱ་བ་དེ་ལ་ཧུར་བརྩོན་བྱས། ཡོངས་ཁྱབ་ཀྱི་འཛིན་སྟངས་ཡག་པ་དེ་འཛིན་སྐྱོང་སྤེལ་གསུམ་བྱས་པའི་ཐོག་དཀོན་མཆོག་ལ་གསོལ་བ་བཏབ་པ་ཡིན་ན་འཛམ་གླིང་ཐོག་དཀོན་མཆོག་གི་མིང་གིས་སྟོང་ཡོད་པར་བྱས་རུང་དཀོན་མཆོག་ཏུ་མི་འབོད་པའི་དཀོན་མཆོག་ཅིག་གིས་ཁྱོད་ལ་མགོན་སྐྱབས་གནང་ངེས་ལ། དེ་ལས་ལྡོག་སྟེ་ལུས་སྒྱིད་ལུག་ཏུ་བསྡད། སེམས་རྣམ་གཡེང་ལ་མངགས་པ་ཡིན་ན་ཁྱོད་ཀྱི་མཐར་ཡོད་ཀྱི་མི་དང་རྩི་ཤིང་། ཁང་བརྩེགས་ཐམས་ཅད་སོས་གོལ་གཅིག་གི་ཡུན་ལ་སངས་རྒྱས་དང་སངས་རྒྱས་ཀྱི་རྫུ་འཕྲུལ་དུ་གྱུར་རུང་ཁྱོད་ལ་མགོན་སྐྱབས་གནང་མཁན་ཉིན་མོའི་སྐར་མ་བཞིན་ཧ་ཅང་ཁག་པོ་ཡིན་རེད།—གཞན་གྱི་རོགས་རམ་ནི་ཐོག་མར་རང་ཉིད་མི་རེ་བ་ཅན་ཞིག་ཡིན་པའི་ཐོག་འབྱུང་བ་རེད།

༦༩

གོ་སྐབས་ནི་དམ་འཛིན་ལས་བྱུང་གི་ངང་སྒུག་ལས་འབྱུང་བ་མིན།

༧༠

རང་ལམ་བཏོད། རང་ལམ་བཏོད།