དེང་སང་མང་གཙོ་ཞེས་པའི་གུ་ཡངས་ཀྱི་སྲིད་ལུགས་འདི་དར་བ་ནས། སྤྱི་ཚོགས་ཁྱོན་ཡོངས་ནས་ལམ་བུ་འདིར་བསྐྱོད་པར་དགའ་སྣང་བྱེད་བཞིན་ཡོད། ལམ་བུ་འདི་ནི་འགྲོ་བ་མྱིའི་རིགས་ལ་འཆམ་མཐུན་གྱི་སྤྱི་ཚོགས་དང་། བདེ་སྐྱིད་ཀྱི་དཔལ་ཡོན་བསྐྲུན་པར་ཕུལ་ཏུ་བྱུང་བའི་ཐབས་བྱུས་ཤིག་ཡིན་པར་ཀུན་ཀྱིས་གླེངས།

དོན་དངོས་ཀྱང་མང་གཙོའི་སྤྱི་ཚོགས་ནི། ཤེས་རབ་ཀྱི་བསྐྱེད་འབྲས་ཡིན་པས། མང་གཙོ་ནི་ངེས་པར་སྤྱི་ཚོགས་ལ་བདེ་སྐྱིད་ཀྱི་འོད་སྣང་སྤར་བའི་ལམ་སྟོན་གྱི་སྒྲོན་མེ་ཞིག་ཡིན་དགོས་ངེས་རེད།

མང་གཙོའི་ཁྱད་རྟགས་ཤིག་ནི་ཉེས་བསགས་ཀྱི་མི་ལ་སྐྱོན་བརྗོད་བྱེད་ཆོག་པ་དེ་ཡིན་ལ། སྐྱོན་བརྗོད་ནི་ཚོར་སྣང་ཙམ་པོ་བ་དང་རྗེས་འབྲེལ་མིན་པར། རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་དོན་དངོས་ལ་མཛུབ་མོ་ཀེར་རྒྱུ་དེ་ཡིན། དེ་ནི་གཞན་ཕྱོགས་གཅིག་པུ་མིན་པར་རང་གཞན་གྱི་ཕྱོགས་གཉིས་ནས་དེ་ལྟར་ཉམས་ལེན་བྱ་དགོས། གཞི་ནས་དྲང་བདེན་ཟེར་བ་ཡང་འདི་འདྲ་ལ་ཟེར་ངེས།

འོན་ཀྱང་དེང་གི་དུས་སུ་མང་གཙོ་ཞེས་པའི་ཐ་སྙད་ཙམ་ལས་དེའི་རིན་ཐང་ལ་གོ་བ་མ་ལོན་པའི་མྱིའུ་བུ་འགའ་ཞིག་གིས་གང་བྱས་རང་དབང་དང་། ཅི་བཤད་མང་གཙོའི་སྲིད་ལུགས་ཀྱི་ཁྱད་རྟགས་ཤིག་ཏུ་འདོད་བཞིན་འདུག་མོད། དངོས་གནས་བྱས་ན། མང་གཙོའི་སྤྱི་ཚོགས་ལ་ཡང་བདེན་ལུགས་ཀྱི་ཆ་ཞིག་མེད་ཚེ། བཤད་ཆོག་ཆོག་དང་བྱས་རུང་རུང་ཞིག་ག་ལ་ཡིན། རྒྱུ་མཚན་ནི། མང་གཙོའི་སྤྱི་ཚོགས་ནི་བདེན་པ་གཞི་རྩར་བཟུང་བའི་སྤྱི་ཚོགས་ཤིག་ཡིན་པས་རེད།

མང་གཙོའི་སྤྱི་ཚོགས་སུ་སྐྱེ་བོ་མཆོག་དམན་གང་ཡིན་ཡང་སྐྱོན་བརྗོད་བྱེད་ཆོག་མོད། སྐྱོན་བརྗོད་ནི་དོན་དངོས་ལ་ཁ་ཕྱོགས་ཤིང་། ཤེས་རབ་ལ་གཞི་བཅོལ་བ་ལས་བྱུང་བའི་སྐད་ཆ་ཞིག་ཡིན་པས། སྐད་ཆ་དེ་ནི་སྤྱི་ཚོགས་དང་སྒེར་མི་གང་ཡིན་ཡང་ལེགས་ལམ་ཏུ་གཏོང་བའི་བྱེད་ཐབས་ཤིག་ཅིས་ཀྱང་ཡིན་དགོས་ངེས་རེད།

སྐྱོན་བརྗོད་བྱེད་པོ་སུ་ཡིན་ཡང་། སྤྱི་ཚོགས་ཀྱི་ཕན་བདེ་དང་། ཡང་ན་སྒེར་མིའི་བདེ་ཐང་ལ་དམིགས་པའི་ལྷག་བསམ་གྱིས་སྣེ་དྲངས་ཏེ། སྐྱོན་བརྗོད་བྱ་ཡུལ་གྱི་ཉེས་བསགས་དེ། ཁུངས་སྐྱེལ་ར་སྤྲོད་ཀྱི་ལམ་ནས་འཛེམ་ཟོན་མེད་པར་བརྗོད་ཐུབ་ན། དེ་ལ་གཞི་ནས་སྐྱོན་བརྗོད་ཀྱི་རིན་ཐང་ལྡན་ཞིང་། མང་གཙོའི་འགྲོ་ལུགས་ཀྱི་བདེན་པ་ལ་ངེས་པ་རྙེད་ཡོད་པའི་སྤོབས་པ་བྱས་ཆོག

དེ་མིན་རང་ཉིད་ཀྱི་ཚོར་སྣང་ཙམ་གྱི་རྗེས་སུ་འབྲེལ་བའམ། གནའ་མི་ཞིག་གིས་བཤད་པ་རྒྱུ་མཚན་དུ་བྱས་ཏེ། གནས་ལུགས་དང་དངོས་ཡོད་གང་ཡིན་ལ་ཤེས་རབ་ཀྱིས་དཔྱད་དུ་མེད་པར་དབྱུག་པ་ལེབ་རྡུང་གི་རྣམ་ཐར་བསྐྱངས་ན། གཞི་ནས་དེ་ལ་སྐྱོན་བརྗོད་ཀྱི་རིན་ཐང་མི་ལྡན་པར་བསྙོན་འཛུགས་ཀྱི་བྱས་ཉེས་ཆེན་པོ་བསགས་པ་རེད།

དེའི་ཕྱིར་ན། མང་གཙོའི་སྤྱི་ཚོགས་སུ་སྐྱོན་བརྗོད་བྱེད་ཆོག་པ་ལས། བསྙོན་འཛུགས་གནང་མི་ཆོག་པའི་རྣམ་དབྱེའི་གོ་བ་ཞིག་ཡོད་དགོས་པ་རེད་འདོད། དེ་ཙམ་གྱི་ཁྱད་འབྱེད་བྱེད་པའི་ཤེས་དཔྱོད་ཀྱི་བསམ་བློ་ཞིག་མེད་ཚེ། མང་གཙོའི་སྤྱི་ཚོགས་ཀྱི་སྣེ་ཁྲིད་དུ་གྱུར་པའི་མཐོ་རིམ་མི་སྣའི་འོས་བབ་ཡོད་མི་སྲིད། མང་གཙོའི་སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་ཞིག་ཡིན་ན། མང་གཙོའི་ཀ་བ་གསུམ་ལས་ཁྲིམས་བཟོ་ལྷན་ཚོགས་གཙོ་བོར་གྱུར་པའི་གྲོས་ར་ནས་བྱིས་པའི་ལབ་བརྡོལ་གྱི་སྐད་ཆ་མོལ་རུང་བ་ཞིག་གཏན་ནས་ཡིན་མི་སྲིད། རྒྱུ་མཚན་ནི། ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་རེ་རེ་ནི་སྤྱི་ཚོགས་ཀྱིས་མིག་ལྟོས་བྱ་སའི་མཐོ་རིམ་མི་སྣ་འབའ་ཞིག་ཡིན་པས། མི་ཆེན་གྱི་མིང་འོག་གི་བྱིས་པའི་རྩེད་མཚར་དེས་མང་ཚོགས་ཀྱི་ཆེ་མཐོང་དང་། མང་གཙོའི་དགེ་མཚན་ལ་གནོད་ངེས།

བསྙོན་འཛུགས་དང་སྐྱོན་བརྗོད་གཉིས་ནི་ངོ་བོ་དང་བྱེད་ལས་གཉིས་ཆ་ནས་མི་འདྲ་སྟེ།  སྐྱོན་བརྗོད་ནི་ཤེས་རབ་ལ་གཞི་བཅོལ་ནས་འོངས་ཤིང་། བསྙོན་འཛུགས་ནི་རྨོངས་པ་ཚད་མར་བཟུང་ནས་བྱུང་བ་ཞིག་རེད། སྐྱོན་བརྗོད་ནི་ཁ་ཕྱིར་བལྟས་ཀྱིས་དངོས་ཡོད་ལ་དམིགས་ཤིང་། བསྙོན་འཛུགས་ནི་ཁ་སྣང་བལྟས་ཀྱིས་ཚོར་སྣང་ཙམ་པོ་བ་ལ་ཕྱོགས་ཏེ་བྱུང་བ་ཡིན་པས། སྐྱོན་བརྗོད་ཀྱིས་སྤྱི་ཚོགས་ལེགས་ལམ་ཏུ་གཏོང་ལ། བསྙོན་འཛུགས་ཀྱིས་སྤྱི་ཚོགས་འཐོར་ཞིག་ཏུ་གཏོང་ངེས། དེའི་ཕྱིར་ན། སྐྱོན་བརྗོད་དང་བསྙོན་འཛུགས་ཀྱི་ས་མཚམས་དང་ཆུ་མཚམས་ལ་ངེས་ཤེས་འདྲོངས་དགོས་འདུག་སྙམ།

ལྷག་ཏུ་མང་ཚོགས་ཀྱི་སྣེ་ཁྲིད་པའི་མིང་བྱང་འོག་གི་མི་སྣ་ཞིག་ཡིན་ཚེ། ངེས་པར་སྐད་ཆ་གང་ཞིག་སྤྱི་ཚོགས་ག་པར་བཤད་ན་རུང་བ་དང་། མི་རུང་བའི་གནས་ལུགས་ཤེས་དགོས་ཤིང་། ཡོད་ཚད་ལ་ཚོར་སྣང་གིས་ཐག་གཅོད་བྱེད་མི་རུང་བའི་གོ་བ་ལོན་དགོས་པ་ནི། མང་གཙོའི་སྤྱི་ཚོགས་ཀྱི་མཐོ་ཪིམ་མི་སྣས་མ་མཐར་ཤེས་དགོས་པའི་རྒྱུན་ཤེས་ཙམ་རེད། རྒྱུན་ཤེས་དེ་ཙམ་ཡང་མེད་པའི་མི་ཞིག་གིས་རླབས་ཆེ་བའི་མང་གཙོ་ལ་གོ་བ་ཇི་ལྟར་ལེན། རབ་ཏུ་མང་པའི་འབངས་མིའི་འཐུས་ཚབ་ག་འདྲ་བྱེད་ཨང་།

མང་གཙོ་ཟེར་བ་ནི་སྤྱི་མི་ཞིག་གིས་རང་གི་ཚོར་སྣང་གཙོ་བོར་བརྗོད་རྒྱུ་མ་ཡིན་པར་སོ་སོའི་འགན་ཁུར་བའི་མང་ཚོགས་ཀྱི་འཚོ་བའི་བདེ་སྡུག་དང་། སློབ་གསོའི་གནས་བབ།བསམ་པའི་འདུ་ཤེས་སོགས་གཙོ་བོར་བྱས་ཏེ། གྲོས་ཚོགས་ཀྱི་ར་བའི་ནང་གླེང་ཐུབ་ན། གཞི་ནས་མང་གཙོའི་རིན་ཐང་ལ་གོ་བ་ལོན་པ་དང་།  མང་གཙོའི་ཁེ་དབང་ལ་ལོངས་སུ་སྤྱད་ཆོག་པ་ཞིག་རེད། དེ་མིན་སྒེར་གྱི་ཚོར་འདུས་ཡོད་ཚད་ལ་བསྡོམས་ཚིག་འགོད་པའི་དབང་དུ་བཏང་ན། སྒེར་གཅོད་ཀྱི་ཁྱད་རྟགས་ཙམ་ལས། མང་གཙོའི་སྲིད་ལུགས་ཀྱི་གོང་ཐང་ཡོད་མི་སྲིད།

གང་ལྟར་བོད་མྱིའི་སྤྱི་ཚོགས་ཁྲོད་ཀྱི་འབངས་མི་དང་། བརྡ་འཕྲིན་སྟེང་གི་དྲ་འབུ། མཐོ་སར་གནས་པའི་སྐུ་དྲག་མང་པོ་ཞིག་གིས་ངེས་པར་དུ་སྐྱོན་བརྗོད་དང་། བསྙོན་འཛུགས་ཀྱི་བར་ཁྱད་ལ་ངེས་ཤེས་འདྲོངས་དགོས་ཤིང་། གནས་འདི་ལ་སློབ་སྦྱོང་ཡང་ངེས་པར་བྱ་དགོས་ཀྱི་འདུག་འདོད།

འཛམ་གླིང་སྤྱི་བྱེའི་ལོ་རྒྱུས་ཁྲོད་འདི་ལྟར་སྐྱོན་བརྗོད་དང་། བསྙོན་འཛུགས་གོ་འཛོལ་ཏེ། རླབས་ཆེ་བའི་སྐྱེས་བུ་མང་པོ་ཞིག་བསྙོན་འཛུགས་ཀྱི་གཏར་གྲིའི་འོག་ཚེ་སྲོག་ལ་བཞི་ཤད་བཀོད་ཟིན་པ་རེད། ལྷག་ཏུ་འདས་སོང་གི་བོད་ཀྱི་ལོ་རྒྱུས་ནང་དུའང་དུས་རབས་ཀྱི་མིག་འབྱེད་ཐུབ་མཁན་གྱི་མི་བུ་གང་མང་ཞིག་སྐྱོན་བརྗོད་ལ་ཁ་གཡར་ཏེ། བསྙོན་འཛུགས་ཀྱི་མཚོན་རྩེ་ནས་ལྔ་ལམ་དུ་བརྫངས་ཟིན་པ་རེད་ཨང་།

དུས་སྐབས་འདིར་ཡང་འུ་ཚོའི་སྤྱི་ཚོགས་སུ་འཚོ་སྡོད་གནང་བཞིན་པའི་སྐྱེས་བུ་མང་པོ་ཞིག་ལ། བསྙོན་འཛུགས་ཀྱི་ཉེས་ཞྭ་ནག་པོ་རེ་བཀབ་སྟེ། རྒྱང་ཕུད་གཏོང་བར་བྲེལ་བཞིན་པ་ག་འདྲ་མང་པོ་ཞིག་མི་འདུག་གམ། བསྙོན་འཛུགས་ཀྱི་ཉེས་ཞྭ་བཀབ་པའི་སྐྱེས་བུ་དག་ནི། དོན་དངོས་སྤྱི་ཚོགས་ཤིག་ལེགས་ལམ་ཏུ་གཏོང་བའི་དུས་རབས་ཀྱི་མིག་རང་ཡིན་པས། བསྙོན་འཛུགས་ཀྱི་ལས་ལ་བྱང་བའི་ཞྭ་བཟོ་བ་དག་ལ། ད་གཟོད་ང་ཚོས་སྐྱོན་བརྗོད་བྱེད་ཆོག་པའི་དཔང་པོ་མང་པོ་ཡོད་པ་རེད།

གང་ལྟར་སྤྱི་ཚོགས་ཤིག་ལེགས་ལམ་ཏུ་བསྐྱོད་དགོས་ན། སྐྱོན་བརྗོད་ལ་བརྟེན་ནས་ཉེས་བསགས་ཀྱི་མི་ངན་དག་གཙང་ཕྱགས་བྱེད་དགོས་མོད། སྐྱོན་བརྗོད་དང་བསྙོན་འཛུགས་ཀྱི་ཁྱད་པར་འབྱེད་མ་ཤེས་པར་དགེ་ཆོས་ལྟ་བུའི་མི་བུ་གང་མང་ཞིག་སྤྱི་ཚོགས་ལས་རྒྱང་ཕུད་དུ་བཏང་ན། འུ་ཅག་ལ་ནམ་ཡང་མང་གཙོ་ཡང་དག་པའི་ནམ་མཁའ་ཞིག་དང་། རང་དབང་ཚད་ལྡན་གྱི་དབུགས་རྒྱུན་ཞིག་ཡོད་མི་སྲིད།