༼ང་ཚོ་ཕ་མ་དང་གཉེན་ཉེ་ཡི་ཐུགས་ཁུར་དང་རྒྱབ་སྐྱོར་གྱི་འོག་ནས་ནར་སོན་ཞིང་། དགའ་བའི་མི་ཞིག་ཐོབ་ན་བདེ་སྐྱིད་དུ་སྒོམ་པ་བདེན་མོད། འོན་ཀྱང་། ཅི་ཞིག་བཤད་ཀྱང་གང་ཞིག་གླེང་རུང་། མི་ཚེ་མདོར་དྲིལ་ན་སྔར་བཞིན་རང་ལ་རག་ལས་སོ།། ༽

སྲིད་འཛིན་ལེན་ཁུན་ལ་རུས་མིང་མི་གཅིག་པའི་ནུ་བོ་ཞིག་ཡོད་དེ་མིང་ལ་ཀྲན་སི་ཏོན་ཟེར། དེ་སྔ་ཁོ་ནི་ལས་ཀ་གང་ཡང་མི་ལས་པར་སྐྱིད་འདོད་ལས་གཡོལ་ལ་དགའ་བ་ཞིག་ཡིན་པས། དུས་རྒྱུན་ལེན་ཁུན་ལ་འཕྲིན་ཡིག་བསྐུར་ཏེ་སྒོར་མོ་བསྐྱི་བ་རེད། ལེན་ཁུན་གྱིས་ཐབས་སྣ་ཚོགས་བཙལ་ཏེ་ཁོ་ལ་སློབ་གསོ་བཏང་།  གཤམ་ནི་ལེན་ཁུན་གྱིས་ཀྲན་སི་ཏོན་ལ་སྤྲིངས་པའི་འཕྲིན་ཡིག་ཅིག་རེད།

སྙིང་ཉེ་བའི་ཀྲན་སི་ཏོན་ལགས།  ངས་བསམ་ན། ད་ནི་ཁྱོས་ང་ལ་སྒོར་མོ་བསྐྱི་བའི་རེ་འདོད་དེ་ངས་ཁས་ལེན་བྱེད་ཐབས་མི་འདུག  དུས་རྒྱུན་ངས་ཁྱོད་ལ་རོགས་རམ་བྱས་ཚེ། ཁྱོད་ཀྱིས་ང་ལ། “ད་ལྟ་འུ་གཉིས་ཀྱི་འབྲེལ་འདྲིས་བྱས་པ་ཧ་ཅང་ཟབ་མོ་རེད”ཅེས་ཟེར། འོན་ཏང་། དེ་ནས་ཉིན་ཅང་མ་འགོར་བར་ཁྱོད་ལ་སྔར་བཞིན་སྒོར་མོ་མེད་འགྲོ། ཁྱོད་དེ་ལྟ་བུ་ཞིག་ཡིན་དོན། ཁྱོད་ཀྱི་བྱ་བྱེད་ཀྱི་སྟེང་དུ་ཁྱད་ལྷག་ཡོད་པས་རེད། ཁྱད་ལྷག་དེ་ཅི་ཞིག་རེད། ངས་བསམ་ན་ཁྱོད་ཀྱིས་ཤེས་ངེས། ཁྱོད་སྒྱིད་ལུག་ཅིག་མིན་མོད། འོན་ཀྱང་། ཁྱོད་སྐྱིད་འདོད་ལས་གཡོལ་དགའ་བ་ཞིག་རེད། ཁྱོད་ང་དང་འཕྲད་པ་ནས་བཟུང་། ཁྱོད་ཀྱིས་སེམས་པ་རྣམ་དག་གིས་ངལ་རྩོལ་ཞིག་བྱས་ཡོད་མེད་ལ་ང་རང་དོགས་པ་སྐྱེས་མྱོང་། ཁྱོད་ངལ་རྩོལ་ལ་མི་དགའ་བའི་མི་ཞིག་མ་རེད་མོད། འོན་ཏང་། ཁྱོད་ཀྱིས་མང་བོ་ཞིག་སྒྲུབ་འདོད་བྱུང་གི་མེད། དེ་ནི་ཏག་ཏག་ཏུ་ཁྱོད་ཀྱི་བསམ་པར་ངལ་རྩོལ་གྱིས་ཁྱོད་ལ་རྔོ་མི་ཐོག་འདོད་ཀྱི་ཡོད་པས་རེད།

འདི་ལྟ་བུའི་བྱ་བ་གང་ཡང་མི་ལས་པར་དུས་ཚོད་ཆུད་ཟོས་སུ་གཏོང་བའི་གོམས་གཤིས་ངན་པ་ནི་ད་གཟོད་དཀའ་སྡུག་གི་འབྱུང་གནས་རེད།འདི་ཁྱོད་ལ་མི་ལེགས་པ་ཞིག་ཡིན་ནས་མི་ཚད། ད་དུང་ཁྱོད་ཀྱི་བྱིས་པ་ཚོ་ལའང་མི་ལེགས་པ་ཞིག་རེད་པས། ཁྱོད་ཀྱིས་ངེས་པར་དུ་གོམས་གཤིས་ངན་པ་འདི་བསྒྱུར་དགོས། ཁོ་ཚོར་མ་འོངས་པའི་འཚོ་བའི་བགྲོད་ལམ་རིང་མོ་ཞིག་ཡོད་རྐྱེན། གོམས་གཤིས་ལེགས་པོ་ཞིག་ལོབ་དུ་འཇུག་པ་ནི་ཁོ་ཚོར་མཚོན་ན་གལ་ཆེན་ཞིག་སྟེ། ཁོ་ཚོ་ད་སྔ་ནས་ལས་ལ་བརྩོན་པའི་གོམས་གཤིས་རྒྱུན་འཁྱོངས་བྱེད་དུ་འཇུག་དགོས། དེ་ནི་སྒྱིད་ལུག་དང་ལེ་ལོ་ལ་གོམས་ཏེ་བཅོས་བསྒྱུར་བྱེད་རྒྱུ་དང་བསྡུར་ན་སླ་བོ་ཡིན་ནོ།།     ད་སྐབས། ཁྱོད་ཀྱི་འཚོ་བར་སྒོར་མོ་དགོས། ངའི་བསམ་འཆར་ཡིན་ན། ཁྱོད་སོང་སྟེ་ངལ་རྩོལ་བྱས་ན་རེད། བློ་ཐག་རྦད་ཆོད་ཀྱིས་ངལ་རྩོལ་བྱས་ཏེ་ཕོག་གླ་བཏོན་ན་རེད།

ཨ་ཕ་དང་བྱིས་པ་ཚོས་ཁྱིམ་ཀྱི་རྨོ་འདེབས་ཀྱི་དོན་དག་ལ་གྲ་སྒྲིག་དང་དོ་དམ་བྱེད་དུ་ཆུགས། རང་ཉིད་སོང་སྟེ། ཧུར་ཐག་གིས་བྱ་བ་བསྒྲུབ་ནས་སྒོར་མོ་མང་བོ་འཚོལ། དེ་ལྟར་བྱས་ཚེ། ཁྱོད་ཀྱིས་བསྐྱིས་པའི་སྒོར་མོ་དེ་དག་གི་བུ་ལོན་ཀྱང་འཇལ་ཐུབ།  ཁྱོད་ཀྱི་ངལ་རྩོལ་ལ་ལུགས་མཐུན་གྱི་ཕོག་གླ་ཞིག་ཐོབ་པར་འགན་ལེན་བྱེད་ཆེད། ངས་དེ་རུང་ནས་བཟུང་ལོ་གཞུག་མའི་ཟླ༥བའི་ཚེས༡བར་དུ།  ཁྱོད་ཀྱིས་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ཏེ་སྒོར་གཅིག་འཚོལ། ཡང་ན། བསྐྱིས་དངུལ་གཅིག་གི་བུ་ལོན་འཇོལ་དང་ཆོག  ངས་དེའི་ཕར་ནང་ནས་ཁྱོད་ལ་སྒོར་གཅིག་སྟེར་བར་ཁས་ལེན་བྱེད།   གལ་ཏེ། འདི་ལྟར་བྱས་ན། ཁྱོད་ཀྱི་ཟླ་གཅིག་གི་ཕོག་གླ་སྒོར་བཅུ་ཡིན་ཚེ། ཁྱོད་ཀྱིས་ངའི་ལག་ནས་ཀྱང་སྒོར་བཅུ་ལོན་པ་རེད། དེ་ན་ཁྱོད་ཀྱིས་ཟླ་གཅིག་ལ་སྒོར་ཉི་ཤུ་བཙལ་ཐུབ། ཁྱོད་ཀྱིས་ཤེས་རྒྱུ་ཞིག་ལ། ངས་ཁྱོད་རང་སིན་ལོའུ་ཡེ་སི་ཁྲོམ་ར་དང་ཅ་ལེ་ཧྥོ་ཉེ་ཡའི་ཞ་གཏེར་དང་གསེར་གཏེར་སོགས་ལ་སོང་ཟེར་བ་མིན་ཏེ། ངས་ཁྱོད་རང་ཕ་ཡུལ་གྱི་ཁ་སི་གྲོང་བརྡལ་གྱི་ཉེ་འཁོར་ཞིག་ནས་རང་ཉིད་ཀྱིས་སྒྲུབ་ཐེག་པའི་ལྟ་སྐྱོང་ལེགས་པའི་བྱ་བ་ཞིག་འཚོལ་ཟེར་བ་ཡིན།       གལ་ཏེ། ཁྱོད་རང་འདི་ལྟར་སྒྲུབ་རྒྱུར་འཐད་པ་བྱུང་ཚེ། དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ། ཁྱོད་ཀྱིས་བུ་ལོན་ཡོད་ཚད་འཇལ་ཐུབ་པ་མ་ཟད། ད་དུང་གོམས་གཤིས་ལེགས་པོ་ཞིག་ཀྱང་ལོབ་ཐུབ་པ་ཡིན། འདི་ནི་ཆེས་བཟང་བའི་དོན་དག་ཅིག་མ་ཡིན་ནམ། གལ་ཏེ། དེ་ལས་ལྡོག་སྟེ། ངས་ཁྱོད་ལ་རོགས་བྱས་ཏེ་བུ་ལོན་ཡོད་ཚད་འཇལ་ཡང་། རྗེས་ཕྱོགས་ཁྱོད་སྔར་བཞིན་བུ་ལོན་མང་བོ་ཞིག་ཡོད་ངེས། ཁྱོད་ཀྱིས་སོམས་དང་། ཁྱོད་ཀྱིས་སྒོར་བདུན་བརྒྱད་བཅུའི་ཆེད་དུ་ལྷ་ཡུལ་ལྟ་བུའི་འདུག་གནས་དེ་འདོར་ཐུབ་པ་ནི། ཁྱོད་ཀྱིས་ཕལ་ཆེར་ལྷ་ཡུལ་ལྟ་བུའི་འདུག་གནས་དེ་ཧ་ཅང་རིན་ཐང་མེད་པ་ཞིག་ཏུ་བརྩིས་འདུག  ང་ཡིད་ཆེས་ཡོད། གལ་ཏེ། ཁྱོད་ཀྱིས་ངའི་བསམ་འཆར་འདི་དང་ལེན་བྱ་ཐུབ་ཚེ། གཟའ་འཁོར་བཞི་ལྔ་འགོར་རྗེས་ཁྱོད་ཀྱིས་སྒོར་བདུན་བརྒྱད་བཅུ་འཚོལ་ཐུབ། ཁྱོད་ཀྱིས་སོམས་དང་། གལ་ཏེ། ངས་ཁྱོད་ལ་སྒོར་མོ་བསྐྱིས་པ་ཡིན་ཚེ། ཁྱོད་ཀྱིས་ས་ཞིང་ང་ལ་གཏའ་མ་འཇོག་དགོས་རེད། དེ་ནས་ཁྱོད་ཀྱིས་སྒོར་མོ་དུས་ལྟར་དུ་ཕྱིར་སྤྲོད་མ་ཐུབ་ཚེ། ཁྱོད་ཀྱི་ས་ཞིང་གི་བདག་དབང་ང་ལ་སྤྲོད་དགོས། ——-སྨྱོ་བཤད་ཁོ་ན།  ཁྱོད་ལ་ད་སྐབས་ས་ཞིང་ཡོད་བཞིན་དུ་འཚོ་བ་རོལ་མི་ཐུབ་ཚེ། གལ་ཏེ།ས་ཞིང་མེད་ཚེ་ཁྱོད་ཀྱིས་འཚོ་བ་ཇི་ལྟར་དུ་རོལ་དགོས།  ཁྱོད་ང་ལ་བཟང་བ་ངས་ཤེས་ཡོད། ངས་ཀྱང་ཁྱོད་ལ་གྱོང་རྩུབ་བྱེད་འདོད་པ་མིན། དེ་ལས་ལྡོག་སྟེ། གལ་ཏེ་ཁྱོད་ཀྱིས་ངའི་ཤ་ཚའི་སྙིང་གཏམ་འདི་ཡིད་ལ་འཛིན་ཚེ།  སྐད་ཆ་འདི་སྒོར་བཅུ་དང་སྒོར་བརྒྱད་ཅུ་ལ་བལྟས་ནའང་རིན་ཐང་ཡོད་པ་ཁྱོད་ཀྱིས་ཤེས་ངེས་ཡིན།

ཁྱོད་ཀྱི་ཕུ་བོ་ལེན་ཁེན་གྱིས།   ༡༨༤༨ལོའི་ཟླ༡༢པའི་ཚེས༢༤ཉིན།

༼མི་སུ་དང་སུ་ཞིག་ཡིན་རུང་སྤྱི་ཚོགས་ཀྱི་སྟེང་དུ་རང་ཚུགས་ཡོད་དགོས་ཏེ། གཞན་གྱི་རོགས་རམ་ལ་སྐྱབས་བཅོལ་མ་བྱེད་ཅིག གཞན་ཀྱི་རོགས་རམ་ལ་སྐྱབས་བཅོལ་ཏེ་འཚོ་བ་རོལ་ན། དེས་ནི་ཁྱོད་ཀྱི་འཕྲལ་ཕུགས་ཀྱི་རེ་འདོད་ཙམ་མ་གཏོགས་འགྲུབ་ཐུབ་མེད། གལ་ཏེ། སྤྱི་ཚོགས་ཀྱི་སྟེང་དུ་རྐང་ཚུགས་བརྟན་པོ་ཞིག་དགོས་ན། སྔར་བཞིན་རང་ཉིད་ཀྱི་སྟོབས་ཤུགས་དང་ནུས་པ་ལ་བརྟེན་དགོས།    གཞན་ལ་སྐྱབས་བཅོལ་བྱེད་པ་ནི་བྱིས་བློའི་སེམས་ཁམས་དང་ནར་མ་སོན་པའི་རྟགས་མཚན་ཞིག་སྟེ། ཧྭ་ཧྥོའི་མིས་ཁེར་ཚུགས་ཀྱི་ལྟ་ཚུལ་ཡོད་པའི་མི་ལ་དགའ་བོ་བྱེད་པ་རེད། གཞན་ལ་སྐྱབས་བཅོལ་བྱེད་པ་དོར་ཏེ། མདུན་བསྐྱོད་ཀྱི་སྙིང་སྟོབས་བསྐྱེད་ནས་འཚོ་བ་གསར་བ་ཞིག་རོལ་དང་། ཁྱོད་ཀྱི་གཤོག་ཟུང་གིས་ཀྱང་བར་སྣང་བརྟོལ་ཐུབ་པ་ཤེས་ཡོང་། ༽