ཉིན་གྲངས་འགའི་སྔོན་ལ་འཕྲིན་ཕྲན་དུ་མདོ་སྨད་སྙན་ངག་པ་ཁ་བ་སྙིང་ལྕགས་ནས་བོད་ཀྱི་ན་གཞོན་ཚོས་སྙན་ངག་རང་འབྲི་ནས་སྐྱག་པ་བྱེད་དམ་༼ཚིག་ཇི་བཞིན་མ་ངེས་༽ཞེས་པའི་ཡིག་རྐྱང་དུམ་བུ་ཐུང་ཐུང་གཅིག་སྤེལ་སོང་ལ་དེ་མཚུངས་དྲ་གྲོགས་མང་པོས་ཀྱང་བརྒྱུད་འགོད་གནང་སོང་། ཧོབ་ཙམ་བལྟས་ན་སྐད་ཆ་དེ་ནི་ཧ་ཅང་བདེན་མདོག་ལྟ་བུ་ཆགས་སོང་། ང་དང་ང་འདྲ་བ་ལྟ་རྒྱ་མཐོང་རྒྱ་ཁབ་མིག་ལས་དོག གོ་རྒྱ་ཐོས་རྒྱ་སྐུད་པ་ལས་ཕྲ་བ་ཚོས་བལྟས་ན་སྙན་ངག་ཟེར་བའི་ཡིག་དུམ་རེ་ནི་གནམ་གྱི་སྦྲང་ཆར་དང་ས་ཡི་མེ་ཏོག་ནང་བཞིན་ཧ་ཅང་འབེལ་པོ་ཆགས་ཟིན་འདུག དེ་རིང་བྲིས་པའི་སྙན་ངག་དེ་རིང་ཀློག་མི་ཐོན་ཅིང་ཁ་སང་བྲིས་པའི་སྙན་ངག་དེ་རིང་ཀློག་འདོད་མེད་པའང་གྱུར་ཀྱི། དུས་དེབ་ཁག་ལ་བལྟས་ན་གྲངས་ཀ་ཧ་ཅང་མང་ཞིང་ནང་གི་རྩོམ་པ་པོ་ནི་བརྩི་མི་ཐོན་པའི་ཚོད་དུ་འདུག་ལ་མདའ་སྨྱུག་གི་དེབ་ཏུ་བགྲངས་པའི་རྩོམ་པ་པོའི་མིང་གཅིག་པུར་བསམ་ན་ཧ་ལས་ཤིང་། ཨ་མདོ་བ་ཕལ་ཆེར་རྩོམ་པ་པོ་ཡིན་པའི་སྣང་བའང་སྟེར། དེ་བས་རྒན་པ་འགས་དེང་སང་མི་ཚང་མས་རྩོམ་ཡིག་རེ་བྲིས་ཏེ་ནམ་ཞིག་རྩོམ་ཟེར་བ་འདིར་ཆ་འཇོག་དང་། ཡིད་གཏད། སྙིང་པོ་ཅི་ཡང་མེད་པའི་དོན་དག་ཅིག་ཏུ་བརྒྱ་ཆ་བརྒྱ་ཐམ་པར་འགྱུར་ས་རེད་ཟེར་བའི་སྐད་ཆ་ཡང་ཐེངས་གཅིག་མིན་པར་བཤད་བྱུང་བ་ཁོ་ཚོར་བལྟས་ན་ཡིན་སྲིད་སྙམ།

འོན་ཀྱང་དེ་ནི་རུས་སྦལ་རྒྱ་མཚོའི་གཏམ་གྱིས་ཤི་བའི་དཔེ་ཇི་བཞིན་ལས་ས་ཆ་གཞན་དང་མི་རིགས་གཞན་དག་དང་བསྡུར་ན་བོད་པའི་རྩོམ་པ་པོ་ནི་ཤིན་ཏུ་ཉུང་ཞིང་དུས་དེབ་སོགས་ཀྱང་དེ་བས་ཉུང་། སྤྱི་ཡོངས་ནས་བལྟས་ན་བོད་ལ་རྩོམ་པ་པོ་མང་དུ་སྣང་ཡང་དེ་དག་རྫོང་དང་། གྲོང་རྡལ་དང་། ཡུལ་ཤོག་དང་། སྡེ་བ་ག་གེ་མོར་སྦྱར་ན་ནི་ངོ་མ་ཉིན་མོའི་སྐར་མ་ཙམ་ཡིན། ངའི་ཕ་ཡུལ་གྱི་སྡེ་ཤོག་ཉེར་གྲངས་ཤིག་ན་ད་ལྟ་རྩོམ་རིག་གི་ཕྱག་ལས་མཛད་མཁན་གཅིག་ཀྱང་མེད་པ་འདིས་བོད་པའི་ས་ཆ་མང་པོ་ཞིག་གི་དཔེར་མཚོན་ནུས།

དེས་ན་སྙན་ངག་པ་ཁོང་གིས་རྗེས་སུ་སྙན་ངག་མ་འབྲི་ཞེས་པའི་གཏམ་དེ་ཀུ་རེ་ཡིན་ཚུལ་དང་། མུ་མཐུད་ཕྲིས་ཞེས་སྤེལ་སོང་བ་ལྟར་འུ་ཚོས་སྙན་ངག་འབྲི་སྤེལ་གྱི་མཚམས་གཏན་ནས་འཇོག་མི་རུང་། འོ་ན་ཁྱོད་ཀྱིས་དེ་ལྟར་བཤད་དོན་ཅི་ཡིན་ཞེ་ན་འདི་ལྟ་སྟེ། སྙན་ངག་འབྲི་བ་ནི་ལྟོས་བཅས་ཀྱིས་བཤད་ན་ཚད་གཞི་དང་སྦྱང་པ་ཅུང་དགོས་ཤིང་སྙན་ངག་ལ་དགའ་མཁན་ཞིག་ཡིན་ན་རིམ་བཞིན་མི་རིགས་དེའི་རིག་གཞུང་ལ་མོས་མཁན་ཞིག་དང་། རིག་གཞུང་གི་བདག་པོའམ་བུ་རྒྱུད། མི་རིགས་དེའི་གནས་བབ་དང་འགན་འཁྲི་ཚོར་མཁན་ཞིག་ཏུ་འགྱུར་འགྲོ་བས་དེ་ལྟ་བུ་ནི་མི་རིགས་སུ་ཞིག་ཡིན་རུང་མཁོ་གལ་ཆེ་བས་སོ། ད་དུང་བྱ་བ་ཅི་ཞིག་ཡིན་རུང་དེ་ལ་མ་ཞུགས་པར་དེའི་སྐྱོན་ཡོན་རྟོགས་དཀའ་ལ་རྒྱུ་མཚན་ཤེས་ནས་དགའ་བ་ནི་ཤིན་ཏུ་བརྟན་ཅིང་ཕྱི་ཡམ་ཙམ་གྱི་དགའ་བ་དེ་ལས་ལྡོག་པའོ། མ་ཟད་བོད་པ་བརྒྱ་ཆ་མཐོ་ཤོས་ཡིག་རྨོངས་པ་ཡིན་པས་གལ་ཏེ་སྙན་ངག་འབྲི་མཁན་རེ་བྱུང་ན་ཁོའི་ཤན་ཤུགས་ཀྱིས་ཐ་ན་མི་སྣ་རེ་ཟུང་ཞིག་གི་ལམ་ཁ་བསྒྱུར་ཐུབ་པའང་སྨོས་ག་ལ་དགོས། ངའི་ཕ་ཡུལ་གྱི་གྲོང་པ་གཅིག་པུར་མཚོན་ན་ཁྱིམ་ཚང་གཅིག་ལ་མི་གསུམ་ཡོད་ན་གཉིས་ཡིག་རྨོངས་པ་ཡིན་ཞིང་རྫོང་བར་དུ་ལོ་མང་སློབ་གྲྭར་སོང་བའི་སློབ་མ་སྦྱོར་ཀློག་ཆ་ཚང་མི་ཤེས་མཁན་ཡང་མང་པོ་ཡོད། དེས་ན་རྩོམ་ཡིག་འབྲི་བ་ནི་ཐ་ན་སྐད་ཡིག་མི་ཉམས་པར་དར་རྒྱས་གཏོང་བའང་ཡིན་པས་དེ་ལྟ་བུའི་བྱ་བ་མཚམས་འཇོག་ག་ལ་རུང་སྟེ་བརྒྱ་ཡོད་ནའང་ཉུང་བའི་སྐྱོན་དུ་འགྱུར་རོ།

མཚམས་འདི་ནས་ཁྱོད་ཀྱིས་ང་ལ་བོད་ལ་སྙན་ངག་པ་མང་ངམ་ཉུང་ཞེས་འདྲི་ན་ངས་ནི་ཤིན་ཏུ་ཉུང་ཞེས་ལན་འདེབས་ལ་འོ་ན་བྲིས་པའི་སྙན་ངག་ཚང་མ་བཟང་པོ་ཤ་སྟག་ཡིན་ནམ་ཞེ་ན་དེ་ནི་ཏག་ཏག་མང་ཆེ་བ་ད་ག་ཙམ་རེད་འདུག་ཅེས་ལན་འདེབས་ངེས། འོ་ན་དེ་ག་ཙམ་གྱི་སྙན་ངག་འབྲི་བ་ནི་དགོས་པ་མེད་དོ་ཞེ་ན་སྐྱོན་མེད་དེ་བྱ་བ་གང་ཞིག་ཡིན་ཡང་དེ་ལ་གོ་རིམ་རེ་ཡོད་པས་དང་པོ་ནས་སྙན་ངག་ལེགས་པོ་རེ་སུས་ཀྱང་ཐོན་མྱོང་ཡོད་ཚོད་མེད་ལ་སྙན་ངག་ནི་འཇིམ་སྐུ་ཞིག་ཡིན་པའི་དབང་དུ་བཏང་ན་ཐོག་མ་ནས་བྱད་གཟུགས་མཛེས་པ་རེ་ག་ལ་ཡོད། འོན་ཀྱང་ད་སྐབས་སྙིང་པོ་མེད་པའི་སྙན་ངག་རེད། ཚོར་བ་མེད་པའི་སྙན་ངག་རེད། ནང་དོན་མེད་པའི་སྙན་ངག་རེད། གངས་རིའི་སྙན་ངག་ལ་ཆག་གྲུམ་བཟོ་བཞིན་འདུག་ཅེས་སྐད་འབོད་བྱེད་བཞིན་པའང་ཁག་མེད་དེ་ལ་ལས་མཐོང་ཚད་རིག་ཚད་སྙན་ངག་ཏུ་བྲིས། ལ་ལས་ས་བསྟོད་རྡོ་བསྟོད་རྐྱང་རྐྱང་བྱེད། ལ་ལས་རང་ཉིད་ཀྱི་གནས་བབ་དང་མི་འཚམས་པའི་སྙན་ངག་བྲིས་ཏེ་ངོ་མ་གངས་རིའི་སྙན་ངག་ལ་འབག་བཙོག་བགོ་བཞིན་འདུག་ལ། སྤྱིར་ན་ལག་ལེན་མེད་པའི་ཁ་བཤད་ཙམ་ནི་དགོས་མཁོ་ཆུང་མོད་ངས་ནི་གོང་དུ་བཤད་པ་ལྟར་ཐ་ན་སྐད་ཡིག་མི་ཉམས་པར་འཛིན་ཐུབ་པ་དང་། བྱ་བ་གང་ལའང་གོ་རིམ་རེ་ཡོད་པས་སྐྱོན་དུ་ཆེར་མི་སེམས་ལ་གཤེ་གཤེ་ཡང་བཏང་དོན་མེད་དོ། ད་དུང་ཕ་མའི་དཀའ་སྡུག་འོག་ཏུ་ཟ་དགའ་ཉལ་སྐྱིད་བྱེད་པའི་རང་རེའི་ན་གཞོན་ཤ་དར་ཁྲག་དར་ཚོ་འཕྲུལ་རྟ་རེ་ཞོན་ཏེ་གྲོང་ནང་ཡར་གཤར་མར་གཤར་བྱེད་བསྡད་པ་ལས་དུས་སྐབས་འདི་འདྲར་ཀ་ཁ་མགོ་མཇུག་ཚང་བ་རེ་འབྲི་ཐུབ་པའང་གཙིགས་སུ་ཅི་ལ་མི་འོས། ཞུ་འདོད་པ་ཞིག་ལ་རྒྱབ་སྐྱོར་ནི་བྱ་བ་གང་ཞིག་སྒྲུབ་དང་མི་སྒྲུབ་ཀྱི་ཁ་ལོ་བ་གཉིས་པ་ལྟ་བུ་ཞིག་ཆགས་འདུག་པས་སྤྱི་ཚོགས་ཀྱི་མིག་ནང་ཡོད་མཁན་དང་། ཤེས་ཡོན་པའི་མིང་བྱང་ཡོད་མཁན་ཚོས་རྒྱབ་སྐྱོར་བྱེད་མིན་ནི་གནད་ཀྱི་ཡན་ལག་གཙོ་བོ་ཞིག་གོ། གནད་དོན་གཞན་ཞིག་ནི་དེང་སང་ཁོ་བོ་རྩོམ་པ་པོ་ཡིན་པ་ལས་སྙན་ངག་པ་མིན་ཟེར་བའི་སྐད་ཆ་གཅིག་དར་ཞིང་རྩོམ་པ་པོ་ཡིན་ན་སྙན་ངག་པ་ཡིན་པའི་མ་ཁྱབ་པའི་ལྟ་བ་ཞིག་འདུག་པ་དེས་རྩོམ་དང་སྙན་ངག་གི་བར་ཁྱད་གསལ་པོར་ཕྱེ་བཞིན་འདུག་ལ་སྙན་ངག་ཅེས་པ་ནི་ལས་སླ་མོ་མིན་ཞིང་བྲིས་ཚད་སྙན་ངག་ཏུ་འདོད་པའང་ཤུགས་ཀྱིས་ཁེགས་ཀྱིན་ཚིག་རྒྱན་སྙན་པ་ཙམ་ཞིག་སྙན་ངག་ཏུ་འདོད་པའི་དུས་ཚོད་ཀྱང་ག་ལེར་ཡོལ་གྱིན་འདུག་གོ།

མཇུག་མཐར་ཁྱོད་ཚོར་དྲི་བ་ཞིག་འདྲི། ད་ལྟ་བོད་ལ་རྩོམ་པ་པོ་མང་ངམ་ཉུང་། བོད་ལ་སྙན་ངག་པ་མང་ངམ་ཉུང་། རྩོམ་པ་པོ་དང་སྙན་ངག་པའི་བར་ཁྱད་ཅི་ཡིས་འབྱེད།

2015-4-7བོད་ཟླ་༢པའི་ཚེས་༡༧ཉིན།