ཁ་རྩང་དེ་རིང་ལ་རྩེའི་ཇ་ཁང་སྐད་ཚོམ་གྱི་ནང་ན་དགེ་འདུན་ཆོས་འཕེལ་དང་སེང་རྡོར་གཉིས་ལས་སུའི་སྙན་ངག་སྙན་པའི་ཐད་ལ་བགྲོ་གླེང་བྱེད་བཞིན་འདུག རྩོད་པ་ལ་ཞུགས་མཁན་མི་བདུན་བརྒྱད་ཙམ་ཞིག་ཡོད་པ་ལས་རྩོད་མཁན་གཅིག་མ་གཏོགས་ཚང་མས་དགེ་ཆོས་ལ་མཐོང་འཇོག་ཆེན་པོ་བྱེད་ཅིང་། དགེ་ཆོས་དང་སེང་རྡོར་གཉིས་གདན་ཐོབ་གཅིག་ལ་འཇོག་ཐབས་མེད་པར་འདོད་མཁན་ཡང་ཡོད། ཕྱོགས་གཉིས་ཀས་རང་རང་གི་འདོད་ཚུལ་བརྗོད་ཡོད་པ་མ་གཏོགས་རྒྱུ་མཚན་བརྗོད་མེད།

ཟམ་གདོང་རིན་པོ་ཆེ་ནས་སྙན་ངག་ཅིག་ཐེངས་གཅིག་བཀླགས་རྗེས་བློ་ངོར་འབྱར་ནས་བརྗེད་རྒྱུ་མེད་པ་དེ་སྙན་པའི་ཚད་ཡིན་ཅིང་། རིན་པོ་ཆེ་མཆོག་ནས་དགུང་ལོ་དགུ་ཡིན་དུས་དགེ་ཆོས་ཀྱི་སྙན་རྩོམ་འགའ་བཀླགས་མྱོང་བ་བློ་ལ་འབྱར་ནས་མི་ཚེ་ལ་བརྗེད་མི་ཐུབ་པའི་ཉམས་མྱོང་གི་སྟེང་ནས་དགེ་ཆོས་ཀྱི་སྙན་ངག་སྙན་ཚུལ་གསུངས་ཡོད། རྩོམ་རིག་དཔྱད་བརྗོད་པ་ཞིག་གིས་བལྟས་ན་འདི་ནི་སླ་ཆོས་སུ་སོང་བའི་སྙན་རྩོམ་གདེངས་འཇོག་བྱེད་སྟངས་ཤིག་ཡིན་ལས་ཆེ། ཡིན་ན་ཡང་སྙན་རྩོམ་གང་ཞིག་ཚིག་དོན་གཉིས་ཀ་བློ་ལ་འཇུག་ཅིང་རྣ་བར་སྙན་ཏེ་བློ་ལ་འབྱར་སྐབས་མི་ཀུན་གྱིས་སྙན་པར་འཛིན་པ་འདི་དོན་དངོས་ཡིན་ལ། སྙན་ངག་པ་རྣམས་ཀྱང་ཁོང་ཚོའི་བརྩམས་ཆོས་རྣམས་དེ་ལྟར་བྱུང་མི་འདོད་པ་དཀོན་པོ་ཡིན་རྒྱུ་རེད། འདིའི་ཆ་ནས་བལྟས་ན། དགེ་འདུན་ཆོས་འཕེལ་གྱི་སྙན་ངག་མི་མང་པོར་སྙན་པོ་བྱུང་མེད་དམ་སྙམ། དགེ་འདུན་ཆོས་འཕེལ་གྱི་སྙན་ངག་གླེང་མཁན་ཞིན་ཡིན་དུས་ཁོང་གི་སྙན་རྩོམ་འགའ་རེ་རང་བཞིན་གྱིས་ལྕེ་རྩེ་ལ་མི་འཁོར་མཁན་ཕལ་ཆེར་མེད། སེང་རྡོར་ཡང་སྙན་ངག་པ་ཞིག་ཡིན་པའི་ཆ་ནས་གྲགས་སྐད་ཆེ། གླེང་མཁན་ཡང་མང་། ཡིན་ན་ཡང་ཁོང་གླེང་དུས་ཁོང་གི་སྙན་རྩོམ་རང་བཞིན་གྱི་ལྕེ་རྩེ་ལ་འཁོར་ཡོང་མཁན་གྱི་གླེང་མཁན་དེ་འདྲ་ལ་ང་ཐུག་མ་མྱོང་། ང་རང་གིས་ཀྱང་དྲ་ཐོག་ནས་སེང་རྡོར་གྱི་སྙན་རྩོམ་སྐོར་ཞིག་བཀླགས་མྱོང་། སྙན་པོ་འགའ་རེ་ཡང་བྱུང་། ཡིན་ན་ཡང་དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་ནང་བཞིན་བློ་ངོར་འབྱར་འདུག་པའི་སྙན་རྩོམ་དེ་འདྲ་ད་ཕན་མ་བྱུང་།

སྤྱིར་བཏང་གིས་སྙན་རྩོམ་དང་། ལྷག་པར་དུ་དེང་རབས་ཀྱི་སྙན་རྩོམ་སྙན་མི་སྙན་ནི་ཀློག་མཁན་སྒེར་བའི་ཁམས་དང་མོས་པ་ལ་འབྲེལ་བ་ཡོད་པ་ཡང་དངོས་དོན་ཡིན། དེ་ནི་དེང་སང་ཡོད་ནས་སྔོན་མ་མེད་པ་ཞིག་ཀྱང་མིན། སྙན་ངག་མེ་ལོང་མའི་ནང་ན་ཤར་ལྷོའི་ཡོན་ཏན་བཅུ་ཡི་ཁྱད་པར་བརྗོད་པ་དེ་ཡང་ཤར་ཕྱོགས་དང་ལྷོ་ཕྱོགས་གཉིས་ཀྱི་སྙན་རྩོམ་གྱི་སྙན་ཚུལ་མི་གཅིག་ཅིང་། སྔ་མ་ལ་སྙན་པ་དེ་ཕྱི་མ་ལ་སྙན་པའི་ངེས་པ་མེད་ཚུལ་སྟོན་པ་ཡིན། དེའི་སྟབས་ཀྱིས་སེང་རྡོར་གྱི་སྙན་རྩོམ་ངའི་བློ་མ་འབྱར་བ་ཙམ་གྱིས་མི་སྙན་པའི་ཁ་ཚོན་གཅོད་ག་ལ་འོས། ང་རང་གི་ཉམས་མྱོང་གི་སྟེང་ནས།

དགེ་ཆོས་ཀྱི་སྙན་རྩོམ་ལ་ཡོད་པའི་སྙན་རྩོམ་གྱི་ནུས་པ་ཞིག་སེང་རྡོར་གྱི་སྙན་རྩོམ་གྱི་སྟེང་ནས་བྱུང་མ་སོང་། དེ་ནི་དགེ་ཆོས་ཀྱི་སྙན་རྩོམ་མང་པོ་ཞིག་ཐེངས་མང་པོར་བཀླགས་ཀྱང་སུན་རྒྱུ་མེད་པ་དེ་རེད། དགེ་ཆོས་ཀྱི་སྙན་རྩོམ་ཞིག་ལ་ཐུག་ན། མ་བཀླགས་པ་ཞིག་ཡིན་ན་ལོས་ཀློག བཀླགས་པས་མི་ཚད་ཐེངས་དུ་མར་བཀླགས་པ་ཞིག་ཡིན་ན་ཡང་སྙན་རྩོམ་འདི་སྙན་པོ་ཡོད་སྙམ་ནས་ཡང་སྐྱར་ཀློག་འདོད་སྐྱེས་པའི་སྙན་རྩོམ་མང་པོ་ཡོད། སེང་རྡོར་གྱི་སྙན་རྩོམ་ལ་ཐུག་སྐབས་དེ་ལྟར་མ་རེད། བཀླགས་ཚར་བའི་སྙན་རྩོམ་ཞིག་དང་པོ་ཀློག་དུས་སྙན་པོ་བྱུང་ན་ཡང་། ཡང་སྐྱར་ཐུག་དུས་འདི་བཀླགས་ཚར་བ་ཡིན་སྙམ་ནས་ཡང་སྐྱར་ཀློག་འདོད་དེ་མི་ཡོང་།

དེར་བལྟས་ན། སྙན་རྩོམ་ནི་ཚིག་དོན་གྱི་དོན་དག་གཅིག་པོ་མ་རེད། དེའི་རྒྱབ་ལོགས་ནས་བཤད་མི་ཤེས་པའི་འཐེན་ཤུགས་ཤིག་ཡོད་པ་འདྲ། དཔེར་ན་དགེ་ཆོས་ཀྱི་སྙན་ངག་ལྟ་བུ་རེད། ཁོང་གི་སྙན་རྩོམ་སྐོར་ཞིག་ཚིག་དོན་གྱི་ཆ་ནས་རྣ་བྱང་སེམས་བྱང་ལ་སོང་ཡོད་ན་ཡང་ད་དུང་ཀློག་འདོད་སྐྱེས། དེ་ནི་ཚིག་དོན་གྱི་རྒྱབ་ལོགས་ཀྱི་འཐེན་ཤུགས་དེ་ཡིན་རྒྱུ་རེད་སྙམ། སྒྱུ་རྩལ་ཞེས་པ་ཡང་དེ་འདྲ་ཞིག་ལ་གོ་དགོས་སམ། སྒྱུ་ནི་སྒྱུ་མ་དང་སྒྱུ་འཕྲུལ་གྱི་སྒྱུ་སྟེ། རྒྱུ་མཚན་བཤད་མི་ཤེས་པའི་ནུས་པ་དང་རྩལ་ཞིག་ལ་གོ སྙན་རྩོམ་ཞིག་ཀློག་པ་དང་ཉན་པ་ལ་སུན་སྣང་མེད་དུས་དེ་ལ་སྒྱུ་རྩལ་གྱི་ནུས་པ་ཞིག་ཞུགས་ཡོད་པ་ཡིན།