དེ་རིང་ས་ག་ཟླ་བའི་ཚེས་བཅོ་ལྔར་སོང་ཙང་། མི་ཚོ་འཚང་ཁ་ཤིག་ཤིག་བྱས་ནས་བྱ་རུང་ཁ་ཤོར་དང་འཕགས་པ་ཤིང་ཀུན་ལ་སྐོར་བ་རྒྱག་ཏུ་འགྲོ་གིན་འདུག ང་ཡང་མི་ཚོའི་རྗེས་སུ་འབྲངས་ནས་འཕགས་པ་ཤིང་ཀུན་ལ་མཇལ་དུ་སོང་བ་ཡིན། ང་རང་མི་ལོ་དུ་མ་ཞིག་གི་རྗེས་སུ་འཕགས་པ་ཤིང་ཀུན་ལ་འབྱོར་བ་དེ་རིང་ཐེངས་དང་པོ་ཡིན་ནའང་། ང་ལ་འཕགས་པ་ཤིང་ཀུན་གྱིས་ངོ་མཚར་བའི་ཚོར་སྣང་གང་ཡང་སྦྱིན་མ་སོང་།

ཚོར་སྣང་གཅིག་རང་སྦྱིན་སོང་བ་ནི་ཞི་བདེའི་ཚབ་ལ་སུན་སྣང་ལུང་པ་གང་སྐྱེ་རུ་བཅུག་སོང་བ་དེ་རེད། ངས་འཕགས་པ་ཤིང་ཀུན་ལ་ཕྱོགས་གང་ནས་བལྟས་ཀྱང་མི་སེམས་བཟི་རུ་འཇུག་ནུས་པའི་གཟི་བྱིན་ཞིག་མཐོང་མ་སོང་། རྒྱ་གར་གྱི་གནས་ཆེན་རྡོ་རྗེ་གདན་དང་ནཱ་ལེནྡྲ། ཝཱ་རཱ་ཎ་སི་སོགས་ལ་མཇལ་སྐབས་གནས་དེ་ཚོ་མ་གཞི་ཟིང་ཚ་པོ་དང་ཧར་པོ་དེ་འདྲ་གང་ཡང་མེད་རུང་། གནས་ཆེན་དེ་དག་ནས་ང་ཚོས་སྟོན་པ་ཤཱཀྱ་ཐུབ་པའི་ཆོས་གོས་ཀྱི་རེག་བྱ་ཚོར་ཐུབ་ལ། ཁོང་གི་ཐུགས་སྲས་དགེ་སློང་དགྲ་བཅོམ་པ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་དྲི་བསུངས་བསྣམ་ཐུབ། དེ་བས་ཀྱང་ས་དེ་དག་ནས་བཙལ་སོང་ན་འདས་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་གསོན་པོ་རྙེད་དུ་ཡོད།

འོན་ཀྱང་འཕགས་པ་ཤིང་ཀུན་གྱིས་གཙོས་པའི་བལ་ཡུལ་གྱི་གནས་ཆེན་མང་ཆེ་བ་ནི་དེ་དང་མི་འདྲ་བར། ལྷ་སྒྲུང་རབ་རིབ་ཀྱི་གཏམ་རྒྱུད་མཚར་པོ་རེའི་ཀློང་ན་འགྱིངས་ཡོད་པ་ཙམ་ཡིན་པས། རྨོངས་དད་རི་རབ་ལས་ཆེ་བ་རེ་ཁུར་ནས་སོང་ན། མཐོང་རིག་ཐོས་རིག་མེད་པའི་བྱིན་རླབས་འདྲ་འཐོབ་རྒྱུ་ཡོད་མེད་ནི་ཁོ་བོས་བཤད་མི་ཤེས་མོད། གཏན་ཚིགས་རང་བཞིན་ལྡན་པའི་བསམ་གཞིག་བྱེད་སྟངས་རྣལ་མ་ཡོད་མཁན་གྱི་མི་ཞིག་ལ་མཚོན་ན། བྱིས་སྒྲུང་ལྟ་བུའི་ལྷ་སྒྲུང་རྟོག་སྒྲུང་ཉན་ན་རྣ་བར་མི་འགྲོ་ཞིང་། བལྟས་ན་མིག་ལ་མི་འགྲོ་བ་དེ་ཚོས་བཞད་གད་མཚར་པོ་རེ་སློང་སྲིད་པ་ལས་གཞན་པའི་བྲོ་བ་གང་ཡང་མི་འདུག

གལ་ཏེ་འཕགས་པ་ཤིང་ཀུན་གྱི་གཟི་བརྗིད་ཅིག་ཅིས་ཀྱང་གླེང་དགོས་ན། དེ་ནི་སྐོར་ལམ་དོག་པོར་བྱེད་པའི་སློང་མོ་བ་དང་། རི་ལུང་ཉོག་པོར་བྱེད་པའི་ཐལ་རྡུལ་དང་གད་སྙིགས་སྙིང་ལ་གཟན་པ་དག་རེད། ཁོར་ཡུག་གཙང་སྦྲའི་གནས་སྟངས་འདི་རྒྱལ་ཁབ་ཀྱི་འཛིན་སྐྱོང་དང་འབྲེལ་ཡོད་ཙང་། ལྷ་ཆོས་མི་ཆོས་གཉིས་ལས་གཙོ་བོ་མི་ཆོས་ཀྱི་ཁོངས་སུ་གཏོགས་པ་འདྲ་བས་ད་རེས་མི་གླེང་བར་བྱ། འོན་ཀྱང་སློང་མོ་བས་ས་གཞི་ཁེབས་འགྲོ་བ་འདི་ངས་བལྟས་ན་ལྷ་ཆོས་མི་ཆོས་གཉིས་ལས་ལྷ་ཆོས་དང་འབྲེལ་བ་ཆེ་བ་མཐོང་གིན་ཡོད་པས། དེ་རིང་ཚེས་བཅོ་ལྔར་སོང་ཙང་བརྗོད་གཞི་འདི་གླེང་བར་བྱ།

ཆེས་ཐོག་མར་ཁྱོད་ཀྱིས་འདི་ལྟར་བསམ་པར་བྱ་སྟེ། གལ་ཏེ་འཇིག་རྟེན་སྟེང་ན“སྦྱིན་པ”ཞེས་པའི་ཆོས་འདི་གཏན་ནས་གཞི་མ་གྲུབ་པའི་དབང་དུ་བཏང་ན། འཇིག་རྟེན་སྟེང་ན“སློང་མོ་བ”ཟེར་བ་ཞིག་ཡོད་སྲིད་དམ? ང་ཚོས་ཐོས་བསམ་བྱེད་མྱོང་བའི་ཆོས་གཞུང་དག་ནས་སྦྱིན་པའི་ཕན་ཡོན་བཤད་ཡོད་པ་ལས་ཉེས་དམིགས་བཤད་པ་ཁོ་བོས་མ་མཐོང་། འོན་ཀྱང་སྦྱིན་པ་ནི་ཉེས་དམིགས་ཤིན་ཏུ་ཆེ་བའི་ཆོས་ཤིག་ཡིན་པ་ཁོ་བོས་ལོ་ཤས་སྔོན་དུ(John Devison Rockfeller)ལགས་ཀྱིས་རང་གི་བུ་ལ་བསྐུར་བའི་ཡི་གེ་ཞིག་བཀླགས་པ་ལས་ད་གཟོད་ཤེས་པ་ཡིན།

ཡ་ཧུ་དཱ་པའི་སྲོལ་རྒྱུན་ལ་ཁོ་ཚོས་དོན་མེད་དུ་མི་གཞན་ལ་སྦྱིན་པ་གཏོང་སྲོལ་མེད་པས། ཁོ་ཚོའི་མི་རིགས་ཡིན་མཁན་གྱི་སློང་མོ་བ་ཞིག་ཧ་ལམ་འཛམ་གླིང་ནང་རྙེད་དུ་མེད་པ་རེད་ཟེར། བོད་རིགས་དང་ཧི་མ་ལ་ཡའི་མི་རིགས་ཚོས་སྦྱིན་པ་ལ་རབ་ཏུ་འབད་པ་ཡིན་པས་ཁོ་ཚོའི་མི་རིགས་ཀྱི་སློང་མོ་བ་ནི་ག་ས་ག་ནས་མཐོང་དུ་ཡོད། དེ་བས་གོ་བདེ་བའི་སྡོམ་ཚིག་ཅིག་བཀོད་ན། གང་ན་སྦྱིན་པ་ཡོད་པ་དེ་ན་སློང་མཁན་ཡོད། གང་ན་སྦྱིན་པ་མེད་པ་དེ་ན་སློང་མཁན་མེད་ཅེས་པའོ།།

འོ་ན་ཡ་ཧུ་དཱ་པ་ཚོས་རྩ་བ་ནས་གཞན་ལ་རོགས་རམ་མི་བྱེད་པ་རེད་དམ་ཞེ་ན་མ་ཡིན་ཏེ། ཁོ་ཚོས་གཞན་ལ་རོགས་རམ་བྱེད་པར་མ་ཟད་ཁོ་ཚོའི་སློབ་གསོའི་གཞུང་ནང་གཞན་ལ་རོགས་སྐྱོར་བྱེད་དགོས་ཚུལ་ཡང་ཡང་བསྐུལ་ཡོད་ཟེར། འོན་ཀྱང་ཁོ་ཚོས་གཞན་ལ་རོགས་རམ་བྱེད་སྟངས་དེ་ང་ཚོའི་རོགས་རམ་བྱེད་སྟངས་ལྟར་དོན་མེད་རིན་མེད་དུ་སྦྱིན་པ་གཏོང་རྒྱུ་དེ་འདྲ་མིན་པར། མི་སོ་སོའི་འཇོན་ནུས(Talent)ལ་དཔག་པའི་བྱ་བ་ཞིག་ཅིས་ཀྱང་བསྒྲུབ་ཏུ་བཅུག་རྗེས། ད་གཟོད་གླ་ཆའམ་རིན་པའི་དོད་དུ་སྒོར་མོའམ་ཕོགས་སྟེར་བ་མ་གཏོགས། བྱས་པ་མེད་པར་རིན་པ་སྤྲོད་སྲོལ་ཡེ་ནས་མེད་ཟེར།

བཤད་སྟངས་གཞན་ཞིག་བྱས་ན“སྦྱིན་པ”གཏོང་སྲོལ་ཡེ་ནས་མེད་ཟེར། དེའི་དགེ་མཚན་ནི་གཅིག་ནས་གླ་དངུལ་སྟེར་ཡུལ་གྱི་མི་དེར་རང་གི་འཇོན་ནུས་འདོན་སྤེལ་བྱེད་རྒྱུར་ཕན་ཐོགས་པ་དང་། གཉིས་ནས་འཇིག་རྟེན་སྟེང་ན་རིན་མེད་ཀྱི་ཁ་ཟས་ཤིག་མེད་པས། དོན་མེད་བྱ་བ་ཅི་ཡང་མ་བསྒྲུབས་པར་སློང་མོ་རྒྱག་རྒྱུའི་ཐོབ་ཐང་ཡེ་ནས་མེད་པ་ངོས་ཟིན་དུ་བཅུག་ཡོད། ཇི་ཙམ་རིན་མེད་ཀྱི་རྒྱུ་ནོར་ཐོབ་པ་དེ་ཙམ་མིའི་གཤིས་རྒྱུད་ལ་སྒྱིད་ལུག་གི་བག་ཆགས་ཤུགས་ཆེ་རུ་འགྲོ། ཇི་ཙམ་སྒྱིད་ལུག་ཤུགས་ཆེ་བ་དེ་ཙམ་ལས་མེད་དུ་གྱུར་འགྲོ་བ་ཡང་ཆོས་ཉིད་ཡིན་པས། མཐར་སློང་མོ་རྒྱག་རྒྱུ་ལས་གཞན་པའི་གདམ་ཀ་མེད་པ་མིན་ནམ། དཔེར་ན་ལྷན་སྐྱེས་སུ་ཚེམ་པོ་རྒྱག་རྒྱུའི་འཇོན་ནུས་ཡོད་མཁན་གྱི་མི་ཞིག་ལ། ཉིན་རྟག་པར་ལས་ཀ་ཅི་ཡང་ལས་མི་དགོས་པར་དངུལ་སྟེར་མཁན་གྱི་སྦྱིན་བདག་ཅིག་རྙེད་པའི་དབང་དུ་བཏང་ན། མི་དེས་རང་བཞིན་གྱིས་ཚེམ་པོའི་ལས་ཀ་བསྐྱུར་ངེས་ཏེ། ལས་ཀ་ལས་རྒྱུའི་དགོས་དམིགས་མེད་པས་སོ།།

ཚེམ་ལས་བསྐྱུར་འགོ་བཙུགས་པ་དང་ཁོའི་ཚེམ་ལས་ཀྱི་འཇོན་ནུས་ཀྱང་ལྷན་དུ་བསྐྱུར་ཚར་བ་ཡིན་པས། ཁོ་ལ་འཇོན་ནུས་དེ་ཡོད་པ་ནས་མེད་པ་ཆགས་ཟིན། དེ་ལྟ་དེ་ལྟར་ཁོ་རང་ལས་ཀ་ཅི་ཡང་ལས་མི་དགོས་པའི་མི་སྒྱིད་ལུག་ཅན་ཞིག་ཏུ་གྱུར་ཟིན། རྒྱ་གར་སྐད་ཀྱིས་བཤད་ན། ཁོ་རང“ཨཱ་རམ”གཏོང་མཁན་ཞིག་ཏུ་གྱུར་ཟིན། གལ་ཏེ་ཉིན་ཞིག་སྦྱིན་བདག་གང་དེས་གློ་བུར་དུ་ཁོ་ལ་དངུལ་སྟེར་མཚམས་བཞག་ཚེ། སྐད་ཅིག་དེ་ག་རང་ནས་ཁོ་རང་སློང་མོ་བར་གྱུར་ཟིན། རྒྱུ་མཚན་ནི། ཁོ་རང་རིན་མེད་ཀྱི་ཁ་ཟས་བཟའ་རྒྱུར་གོམས་ཟིན་པས་སོ།།

བརྟགས་པ་མཐའ་བཟུང་གི་དཔེ་འདི་ནི་སློང་མོ་བ་ཆགས་པའི་བརྒྱུད་རིམ་རིགས་ཤིག་གི་དབང་དུ་བྱས་པ་ཡིན་མོད། གང་ལྟར་སློང་མཁན་ཞེས་པ་འདི་སྦྱིན་མཁན་ཞིག་ཡོད་ནས་བྱུང་བ་ཡིན་པ་ནི། སུས་ཀྱང་ཤེས་ཐུབ་པའི་རྒྱུན་ཤེས་དཀྱུས་མ་ཞིག་ཡིན་ན། རིགས་པ་མང་པོས་བསྒྲུབ་དོན་ཅི་ལ་ཡོད། དེ་བས་སློང་མོ་བ་བསྐྲུན་པའི་རྒྱུའོ་གཙོ་བོ་ཡང“སྦྱིན་པ”ཡིན་པར་བསྐྱར་དུ་བཟློ་ག་ལ་དགོས། མི་ཞིག་སློང་མོ་བར་བསྒྱུར་འདོད་ན་ཤིན་ཏུ་སླ་སྟེ། རིན་མེད་ཀྱི་ཁ་ཟས་ཐེངས་གཅིག་སྦྱིན་ཤོག་དང་། ཁོ་རང་སློང་མོ་བར་བསྒྱུར་རྒྱུའི་གོམས་པ་དང་པོ་དེ་སྤར་ཟིན་པ་ཡིན། དེ་བས་སྦྱིན་པ་གཏོང་ཐེངས་གཅིག་གིས་དབང་པོ་ཡན་ལག་ཚང་བའི་མི་ཞིག་སློང་མོ་བར་བསྒྱུར་བཞག་ན། དོན་དུ་མི་དེའི་དབང་པོ་ཡན་ལག་བྲེགས་བཞག་པ་དང་ཁྱད་མེད་པས། ཁྱོད་ཀྱི་སྦྱིན་པ་དེས་སྦྱིན་ཡུལ་ལ་ཕན་བཏགས་ཡོད་དམ་གནོད་བསྐྱལ་ཡོད་ད་དུང་བཤད་དགོས་སམ།

ཡང་གཞན་ཞིག་གླེང་ན། རང་ཁ་རང་གསོས་འཚོ་བའི་མི་བུ་དག་ལ་གཞན་གྱིས་གང་འདོད་དུ་དབང་སྒྱུར་བྱེད་མི་ཐུབ་ལ། དེ་མ་ཐུབ་པས་གཞན་གྱི་བརྙས་བཅོས་མྱང་མི་དགོས། འོན་ཀྱང་རིན་མེད་ཀྱི་ཁ་ཟས་ལ་བརྟེན་པའི་མི་དག་ལ་བྲན་གཤིས་ཀྱི་བག་ཆགས་ངང་གིས་འཇགས་ཡོད་པས། ཁོས་སྦྱིན་བདག་གི་བརྙས་བཅོས་གང་འདོད་དུ་མྱང་དགོས་པ་ཡིན། དེའི་ཕྱིར་ན། རིན་མེད་ཁ་ཟས་ཀྱིས་འཚོ་བའི་མི་བུ་དག་ནི། འཇིག་རྟེན་སྟེང་བཀྲུས་ན་མི་འདག་པའི་བྲན་གཡོག་ཨང་དང་པོ་དེ་ཆགས་ཡོད།

ཁྱེད་ཚོས་ནགས་ཁྲོད་ནས་འཚོ་བའི་རི་དྭགས་དང་། ཁང་ཁྱིམ་ནས་འཚོ་བའི་གཡུང་དྭགས་གཉིས་ཀྱི་རང་གཤིས་ལ་དབྱེ་ཞིབ་བྱས་མྱོང་ངམ། ནགས་ཁྲོད་ནས་འཚོ་བའི་རི་དྭགས་དག་ལ་མི་ཚོས་བཀོལ་སྤྱོད་བྱེད་དུ་ཞུགས་ཚེ། རི་དྭགས་དེ་ཚོས་སྲོག་བསྡོས་སྒོས་རྒོལ་བར་བརྩམ་ངེས། རྒྱུ་མཚན་ནི་ཁོ་ཚོས་སུ་གང་ལའང་མགོ་བོ་བསྒུར་དགོས་དོན་མེད་པས་ཡིན། འོན་ཀྱང་ཁྱིམ་ནས་འཚོ་བའི་གཡུང་དྭགས་ཚོ་ནི་དེ་ལས་རྦད་དེ་ལྡོག་ནས་ཡོད། ཁོ་ཚོར་སྦྱིན་བདག་གིས་ཇི་ལྟར་བཀོལ་ཡང་རྒོལ་བ་བརྩམ་མི་ནུས་ཏེ། ཁོ་ཚོ་སྦྱིན་བདག་ལ་མགོ་བོ་བསྒུར་དགོས་པའི་རྒྱུ་མཚན་ཡོད་པས་སོ།། དེ་ཡང་ཡིན་ཏེ། ཁོ་ཚོས་སྦྱིན་བདག་གིས་སྤྲད་པའི་རིན་མེད་ཀྱི་ཁ་ཟས་ལ་ལོངས་སྤྱོད་པས་སོ།།

འདིས་གནས་ལུགས་ཤིག་བསྟན་ཡོད་པ་ནི། སུ་ཞིག་རིན་མེད་ཀྱི་ཁ་ཟས་ལ་སྤྱོད་པར་གོམས་ན་ཁོ་ལ“རང་དབང་གི་འཚོ་བ”ཞེས་པ་གཞི་འགྲུབ་ཏུ་མི་འཇུག་པ་དེ་རེད་ལ། དེ་ཡང་མཐར་གཏུགས་ན་སྦྱིན་པ་ལ་ཐུག་མ་སོང་ངམ།

འོ་རེད། ངས་ཀྱང་འཕགས་པ་ཤིང་ཀུན་ནས་ས་འགུལ་གོད་ཆག་ཁྲོད་ཕྱི་མའི་ལྔ་ལམ་དུ་བསྐྱོད་ཟིན་པ་ཚོར་དམིགས་ཏེ། མར་མེ་བརྒྱ་མཆོད་ཅིག་སྤར་བ་ཡིན་མ་གཏོགས། སྐོར་ལམ་ནས་བང་བསྒྲིགས་ཡོད་པའི་སློང་མཁན་དག་ལ་སྒོར་ཟུར་གཅིག་ཀྱང་སྤྲད་མེད། མ་གཞི་མར་མེ་འདྲ་སྤར་བས་ཚེ་འདས་དག་ལ་ཕན་ཐོགས་པའི་ངེས་ཤེས་ཤིག་ཁོ་བོར་མ་མཆིས་ནའང་། དེ་ལྟར་བྱས་པས་སེམས་ཀྱི་སྟོང་ཆ་ཁེངས་ཡོང་བར་འདུག་ལ། ཆོས་ཆོས་ཟེར་བ་འདི་ཡང་དོན་ལ་མི་སེམས་ཀྱི་སྟོང་ཆ་སྐོང་བྱེད་ཙམ་མ་ཡིན་ནམ།