ཀྲུང་གོར་ཧོད་ཧོད་མི་རིགས་ནི་ཚོང་ལས་ཀྱི་གོམས་སྲོལ་བཟང་པོ་དང་། ལོ་རྒྱུས་ཡུན་རིང་ལྡན་པ། དེ་བས་ཀྱང་དེའི་ཚོང་ལས་ཁྱབ་ཁོངས་དང་། ཚོང་ཟོག་སྣ་ཁ། ཚོང་ལས་ཐབས་ལམ། ཚོང་ལས་ཀུན་སྤྱོད་སོགས་ལས་ཐུན་མིན་པའི་ཧོད་ཧོད་མི་རིགས་ཀྱི་ཚོང་ལས་དམངས་སྲོལ་མཚོན་ཐུབ།

དང་པོ། དབྱི་སི་ལེན་ཆོས་ལུགས་ལས་ཧོད་ཧོད་མི་རིགས་ཀྱི་ཚོང་ལས་ཐོག་གི་ཤུགས་རྐྱེན།

སྔ་ནས་ད་བར་ཧོད་རིགས་རྣམས་ནི་ཚོང་ལས་བྱ་བར་སྤྲོ་ལ་ཚོང་ལས་ཀྱི་ཤེས་རྒྱ་ཆེ་བ་སྟེ། ཚོང་ལས་ཀྱི་ཉམས་མྱོང་དང་འཇོན་ཐང་ཕུན་སུམ་ཚོགས་པར་ཡོད། ལོ་རྒྱུས་ལྟར་ན་ཧོད་ཧོད་མེས་པོ་ཚོས་སྔ་མོ་ཐང་དང་སྲུང་རྒྱལ་རབས་ཀྱི་དུས་ནས་ཨ་རབ་དང་ཏ་ཟིག་ནས་རྒྱ་ནག་ཏུ་ཚོང་བརྒྱབ་པར་སླེབས། ཡོན་རྒྱལ་རབས་ཀྱི་རྗེས་སུ་མ་གཞི་ཁོང་ཚོར་ས་ཞིང་ཡོད་ཀྱང་དེ་ཁོ་ནར་མགོ་འཁོར་ནས་མ་བསྡད་པར་ཚོང་ལས་དང་ཞིང་ལས་མཉམ་དུ་བསྒྲུབས་ཀྱི་ཡོད་པ་རེད། ལྷག་པར་གྲོང་ཁྱེར་དུ་གནས་བཅའ་བའི་ཧོད་ཧོད་མང་ཆེ་བ་ཚོང་ལས་གཙོ་བོས་འཚོ་བཞིན་པ་དང་། དུས་ད་ལྟ་བར་དུ་རྒྱལ་ཡོངས་འགྲོ་འོང་ཐུབ་པའི་ས་ཕྱོགས་ཀུན་ཏུ་ཁོང་ཚོ་ནི་ཚ་ཚ་འུར་འུར་ངང་ཚོང་ལས་དུ་བྲེལ། དཔེར་ན། ཀན་སུའུ་ལིན་ཤ་དང་། ཉིང་ཤ་དུང་ཤིན། ཝུ་ཀྲུང་། ཧྲན་ཤི། ཤིན་ཅང་། ཧྲན་ཏུང་། ཧྰ་ནན། ཧྰ་པེ། མཚོ་སྔོན། ཡུན་ནན་སོགས་པའི་ཧོད་རིགས་སྡེ་ཁུལ། ས་གནས་འདི་ཚོར་ཧོད་རིགས་ནི་ཚོང་ལས་མགོ་དཔོན་ལྟར་དུ་གྱུར། དེ་བས་ཀྱང་རང་རྒྱལ་གྱི་མཐའ་འཁོབ་ས་ཁུལ་དུ་ཚོང་ལས་ལ་ལྟ་ཚུལ་མི་གཅིག་པ་འདི་དང་དེ་ཅེས་པའི་དུས་སུ། ཧོད་ཧོད་རྣམས་ནི་ཚོང་ལས་གོང་དུ་བཀུར་ནས་གོ་སྐབས་མཐའ་དག་དམ་འཛིན་ལྷོད་མེད་བྱེད།

ཁ་ཆེ་ལྷ་ཁང་དུ་ཨ་ཧུང་༼ཏ་ཟིག་གི་སྐད་ལ་ཟུར་ཆགས་པ་ཡིན་ཏེ་ཆོས་དཔོན་གྱི་དོན་ནོ༽གིས་ཀྱང་ཚོང་ལས་སྒྲུབ་མུས་སུ་མཆིས། དཔེར་ན་ཉིང་ཤ་རང་སྐྱོང་ཁོངས་གཏོགས་དུང་ཤིན་(同心)རྫོང་དུ་ཧོད་ཧོད་མི་གྲངས་བརྒྱ་ཆ་བརྒྱད་བཅུ་ཟིན་པ་ལས་དེ་སྔོན་དབུལ་ཕོངས་རྫོང་ཞིག་ཡིན། སྤྱི་ལོ་༡༩༨༨ལོར་ས་དེར་ཚོང་ལས་འཁོར་རྒྱུག་ཚོད་བལྟ་ཁུལ་བཙུགས་ནས་ཞིང་པ་རྣམས་ཐག་རིང་ནས་སྐྱེལ་འདྲེན་ཆོག་ལ་ཚོང་ལས་ཀྱི་སྒོ་མོ་ཕྱེ་བས། དུས་ཐུང་ལོ་བཞིའི་རིང་རྫོང་དེར་ཚོང་པ་མི་གྲངས་ཁྲི་གསུམ་བྱུང་བ་དང་། དབུལ་ཕོངས་ཁྱབ་ཁོངས་བརྒྱ་ཆ་ང་གསུམ་ནས་བདུན་བར་ཉུང་དུ་སོང་དང་། བརྒྱ་ཆ་དོན་ལྔ་ཙམ་གྱི་ཞིང་པ་དུད་ཁྱིམ་རྣམས་ཁང་པ་གསར་པ་བརྒྱབ་པ། སྦག་སྦག་༼འཕྲུལ་རྟ་ཡང་ཟེར༽ཡོདཔའི་དུད་ཚང་ཆིག་སྟོང་བདུན་བརྒྱ་ཙམ་དང་། མོ་ཊ་ཆུང་ཆུང་ཡོད་པའི་དུད་ཁྱིམ་བརྒྱ་ཙམ། མི་མང་གི་འཚོ་བ་སྡིངས་ཆ་གསར་པ་ཞིག་ཏུ་འཕོ་འགྱུར་བྱུང་ཡོད། ཀན་སུ་ལིན་ཤ་(临夏)རང་སྐྱོང་ཁུལ་ནི་དར་གོས་འགྲུལ་ལམ་དང་ཐང་ཏ་སྔ་ལམ་ངེས་པར་བརྒྱུད་དགོས་པའི་གནས་ཡིན། ས་དེའི་ཧོད་ཧོད་ཚོང་པ་ཁྲི་བརྒྱད་ལྷག་ཙམ་ཟིན། གཏན་འཇགས་ཚོང་པ་ཁྲི་ཚོ་གསུམ་ཙམ་དང་། རང་སྐྱོང་ཁུལ་ཕྱི་ནང་ཀུན་དང་བྱང་ཕྱོགས། ལྷོ་ཕྱོགས་གྲོང་ཁྱེར་རྣམས་སུ་འགྲོ་འོང་ཚོང་པ་མི་གྲངས་ཁྲི་ཚོ་བཞི་བརྒལ་ཡོད།

ཧོད་ཧོད་པ་རྣམས་ཅིའི་ཕྱིར་ཚོང་ལས་ལ་དང་ཞེན་ཆེ་བ་ཡིན་ནམ་ཟེར་ན། འདི་ནི་དབྱི་སི་ལེན་ཆོས་ལུགས་དང་འབྲེལ་བ་ཤུགས་ཆེན་ཡོད། དབྱི་སི་ལན་ཆོས་ལུགས་མ་གཏོད་གོང་། ཨ་རབ་ཕྱེད་གླེང་གི་ཧན་ལྗ་ཙེ་ཁུལ་༼འདི་ནི་དབྱི་སི་ལེན་ཆོས་ལུགས་འབྱུང་ཁུངས་ཁུལ་ཡིན་པར་གྲགས༽ནི་སྔ་མོ་ནས་ཤར་ནུབ་ཡུལ་གྲུ་ཀུན་གྱི་ཚོང་ལམ་འགངས་ཆེན་ཞིག་ཡིན། སྐད་གྲགས་ཆེ་བའི་གནས་རྨ་དྷི་ཎ་(Medina)དང་རྨ་ཁ་ཡྰ་(Mecca)གྲོང་ཁྱེར་ཡང་འདིར་ཡོད། ཕལ་ཆེར་མི་ཚང་མས་ཚོང་ལས་ལ་འཇུག་བཞིན་མཆིས། དབྱི་སི་ལེན་ཆོས་ལུགས་གསར་དུ་བྱུང་རྗེས། ས་དེའི་སྔ་མོའི་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་འབྲེལ་ཅིང་། ཨ་རབ་མི་དམངས་ཀྱི་གནའ་བོའི་གོམས་སྲོལ་རྒྱུན་འཛིན་བྱས་ནས་ཆེས་ཁྱད་ཆོས་ལྡན་པའི་རིན་ཐང་ལྟ་བ་དང་དཔལ་འབྱོར་ལྟ་གྲུབ་བྱུང་། ཀོ་རཱན་༼Koranནི་དབྱི་སི་ལེན་ཆོས་ལུགས་ཀྱི་གསུང་རབ་གཙོ་བོ། Al koran ཡང་ཟེར༽ནང་སྐབས་དེའི་ཚོང་པར་རྒྱབ་སྐྱོར་མང་པོ་ཡོད་པ་དང་དེ་བཞིན་རེ་བའང་ཡོད་པ་སྟེ། དང་ཐོག་ཚོང་ལས་ཀྱི་འགངས་ཆེའི་གནས་འབབ་གསལ་སྟོན་བྱས་པ། ཀོ་རཱན་ནང་དུ་ཐེངས་གྲངས་ཉི་ཤུ་ཙམ་གྱི་ཕྱིར་ཐོན་རྒྱ་སྐྱེད་པོ་དང་འཛིན་མའི་སྟེང་རྒྱུ་ནོར་འཚོལ་པ་པོ་ཅེས་གཙོ་བོའོ་ནི་ཚོང་པར་བརྗོད་ཀྱིན་པ་དང་། དཀོན་མཆོག་ཨལ་ལྷྰ་༼འདིར་འཇིག་རྟེན་བྱེད་པོ་ཨལ་ལྷྰ་Allahལ་གོ༽ནི་ཚོང་གི་ལས་རིགས་ལ་དད་པ་ཞིག་གཏན་འཁེལ་ཅིང་ཚོང་པ་རྣམས་ཕུལ་བྱུང་དུ་འདོད།

དབྱི་སི་ལེན་ཆོས་ལུགས་ཀྱི་གསར་གཏོད་པོ་མོ་ཧཾ་མད་དས་(Mohammed)གསུངས་དོན། ཚོང་པ་ནི་འཛམ་གླིང་སྟེང་གི་ཕོ་ཉ་དང་མཚུངས་ལ། དེ་ནི་དཀོན་མཆོག་གི་ཡིད་ཆེས་ཐུབ་པའི་ས་སྟེང་གི་གཡོག་པོ་ཡིན། ཡང་གསུངས་དོན། དྲང་གཞག་གི་ཚོང་པ་རྣམས་ལས་འབྲས་གསལ་དུས་སུ་དཀོན་མཆོག་གི་གྲིབ་གཟུགས་འོག་ཏུ་བསྡད་ཆོག་ཅེས་སོ། གཉིས་ནས་མི་རྣམས་ལ་བློ་སྟོབས་ཆེན་པོས་ཕྱི་ཕྱོགས་ཀྱི་རྒྱུ་ནོར་ལམ་དང་འབྱུང་ཁུངས་འཚོལ་བར་སྐུལ་ཅིང་མི་གཞན་གྱི་སྔོན་ཚུད་སུ་རྙེད་པ་དང་། ཉེན་ཁར་ཁ་གཏད་ཐུབ་པ། དཀའ་སྡུག་ཁྱད་གསོད་ཐུབ་པ་བཅས་སོ། ཀོ་རཱན་ནང་ནན་བཤད་གནང་དོན། སུ་ཞིག་གི་དཀོན་མཆོག་ལམ་གྱི་ཆེད་དུ་གནས་སྤོས་ཚེ། དེ་ལ་ས་སྟེང་འདི་ནས་འཛད་མེད་ཀྱི་ཁ་ཕྱོགས་དང་རྒྱུ་ནོར་འབྱུང་ཁུངས་བསྩོལ་ངེས་་་་་་་དཀོན་མཆོག་གི་དེར་ཡོན་གླ་སྤྲོད་ངེས་དང་། ཡང་གསུངས་དོན། དཀའ་སྡུག་དང་། ལམ་ཐག་རིང་བ། ཉེན་ཁ་ཆེ་བ་སོགས་ཀྱི་རྐྱེན་ལས་སེམས་ཤུགས་མ་ཉམས། དཀོན་མཆོག་ནི་སྡུག་རུས་ཅན་ལ་དགའ་འོ། མོ་ཧཾ་མད་དས་ཡང་གསུངས་དོན། ང་ནི་ཚོང་པ་ཞིག་ཡིན། ཚོང་རུ་རྟག་ཏུ་ཞོགས་པ་ཐོན་ན་ཁེ་འབབ་ཆེས་ཆེ་གསུངས།

དབྱི་སི་ལེན་ཆོས་ལུགས་ཀྱི་དཔེ་ཆའི་ནང་ཚོང་ལས་ཀྱི་གནས་བབས་དང་དོན་སྙིང་ཐེངས་མང་ནན་བཤད་བྱས་པ་དང་། དེས་མ་ཚད་མོ་ཧཾ་མད་ད་ཁོང་རང་ཉིད་ཀྱང་ཚོང་ལས་ཕྱག་ལས་གནང་མཁན་པ་རེད། འདི་ལྟར་གྱི་རིན་ཐང་བལྟ་བ་དང་། འཚོ་བ་སྐྱེལ་སྟངས་སོགས་པས་རང་རྒྱལ་གྱི་ཧོད་ཧོད་མི་རིགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད།

གཉིས་པ། ཧོད་ཧོད་ཀྱི་ཚོང་ཟོག་རིགས་དང་སྣ་ཁ།

༡ ནོར་བུའི་རིགས། ༢ ཟས་རིགས་ཀྱི་རྒྱུ་སྦྱོར་དང་། སྨན་རིགས། རྫ་བཟོ་ལ་སོགས་པ། ༣ ཟས་མཆོག་དང་ཤ་རིགས། ༤ ཚོང་འདྲེན་རྟ་པ་དང་། རྔ་མོང་ཚོགས་པ། ལུག་ལྤགས་ལས་གྲུབ་པའི་ཀོ་གྲུས་གཙོ་བོ་ཆུ་ཐོག་དབོར་འདྲེན་སོགས་པའི་ཐག་རིང་སྐྱེལ་འདྲེན་རུ་ཁག་ཡོད་པ།

གསུམ་པ། ཧོད་ཧོད་མི་རིགས་ཀྱི་ཚོང་ལས་ཐབས་ལམ་དང་སྲོལ་བཟང་རྒྱུན་འཛིན་བསྐོར།

ཧོད་ཧོད་རྣམས་ནོར་བུའི་རིགས་དང་། ཟས་སྦྱོར། སྐྲ་ཚལ། ཁུ་ལུ་སོགས་ཀྱི་ཚོང་ཆེན་བརྒྱབ་པའམ་བ་དང་ལུག་ཀྱི་ཤ་དང་། བཟའ་ཆས། ཞབས་ཞུའི་ལས། སྒོ་ཟོག་རྩག་རྩིག ཞིང་ལས་ལས་སྣོན། རྒྱུ་ཆ་ཐོན་སྐྱེད་སོགས་ཀྱི་ཚོང་ཆུང་གང་བརྒྱབ་རུང་ཐབས་ལམ་གཙོ་བོ་ནི། ཚོང་འདུས་ཉོ་ཚོང་དང་། ཚོང་ཁང་འཛུགས་པ། ཐག་རིང་གི་སྐྱེལ་འདྲེན་སོགས་སོ།

༡ ཧོད་རིགས་ཀྱི་ཚོང་འདུས་དམངས་སྲོལ།
རྒྱ་ནག་སྔ་མོའི་ཡིག་ཚགས་ནང་བཀོད་གསལ། ཉིན་གུང་གི་ཚོང་འདུས་ནི།། གནམ་འོག་གི་སྐྱེ་འགྲོར་ལ།། ཟོག་ཚོང་ནི་འདོད་རྒུ་འཛོམས།། ཉོ་ཚོང་རྣམས་བསྒྲུབ་ནས་ལོག ། གང་ལ་ནི་གང་འདོད་ལོ།། ལྟར་རོ། གདོད་མའི་དུས་ཀྱི་ཚོང་འདུས་ཉོ་ཚོང་སྒྲུབ་པའི་གོམས་སྲོལ་དེས་ཧོད་ཧོད་པ་རྣམས་ལ་ཡང་ཐད་ཀར་ཤུགས་རྐྱེན་བྱུང་ཡོད། ཀྲུང་གོའི་ཧོད་རིགས་སྡེ་ཁུལ་གྱི་ཚོང་འདུས་ཉོ་ཚོང་ནི་ཧ་ཅང་ནས་འཁྲུག་ཆ་དོད་ལ་ཕུན་སུམ་ཚོགས་པོ་རེད། ད་ལྟ་ཡང་ཧོད་ཧོད་ཚོས་འདིར་འབོད་སྲོལ་མི་གཅིག་པ་ཡོད་པ་སྟེ། ཚོང་འདུས་ལ་འགྲོ་བ། ཚོང་འདུས་ལ་སྙེགས་པ། ཚོང་འདུས་བསྐོར་བ་སོགས་སོ།

ཧོད་རིགས་ཁུལ་གྱི་ཚོང་འདུས་ཚང་མར་དུས་ཚིགས་ཡོད་པ་སྟེ། ཆ་གྲངས་ཉིན་མོ་དང་། ཡ་གྲངས་ཉིན་མོ། ཆ་ཡ་བསྲེས་པའི་ཉིན་མོ། ནུབ་བྱང་ས་ཁུལ་དུ་སྤྱིར་བཏང་ཚེས་གཅིག་བཞི་བདུན་དང་། གཉིས་ལྔ་བརྒྱད། གསུམ་དྲུག་དགུ་ལའོ། དུས་དེར་སླེབས་ན་ཚོང་འདུས་འཛོམས་འཕྲད་དང་དུས་ཚོད་ཡོལ་ཟིན་ན་ཚོང་འདུས་ཐོར་བ་ཞེས་བྱ། ཚོང་འདུས་ཆེན་མོ་ནི་ཉིན་གང་དང་ཆུང་བ་ནི་ཉིན་གུང་ནས་ཁ་གྱེས་འགྲོ། སྤྱིར་བཏང་ཧོད་རིགས་སྔ་དྲོའི་ཚོགས་འདུས་བསྐྱོད་པར་སྤྲོ། ཐག་རིང་ནས་ཡིན་ཚེ་ནམ་ཐུན་ལྔ་པའམ་ཐོ་རེངས་ནས་འབྱོར་གྱི་ཡོད། ཚོང་འདུས་ཚང་མར་གཏན་འཁེལ་གྱི་ཚོང་རྒྱག་ས་ཁུལ་ཡོད་ལ། ས་ཁུལ་ཆེན་པོ་ཉིད་ཚོང་ཟོག་སྣ་ཁ་ལྟར་ས་ཚིགས་ཆུང་ཆུང་འགར་བགོས་ཡོད། དཔེར་ན་ཧྲན་ཏུང་དང་། ཧྰ་ནན། མཚོ་སྔོན། ཀན་སུའུ། ཉིང་ཤ། ཤིན་ཅང་སོགས་པའི་ཚོང་འདུས་སར་རྣམ་པ་མི་གཅིག་པའི་ཚོང་འདུས་ཆུང་བ་ཡོད། ད་ལྟ་ང་ཚོས་བརྗོད་བཞིན་པའི་ཆེད་ཁྲོམ་ཁང་པར་བརྗོད། དཔེར་ན། ཕྱུགས་ཟོག་ཚོང་འདུས་དང་། ལྤགས་དང་སྤུའི་ཚོང་འདུས། སྐྲ་ཚལ་(发菜)༼ཚལ་རིགས་ཤིག་སྟེ་སྐྲ་ལྟར་ཚལ་རྐང་མོང་པོས་གྲུབ་པ་ཀན་སུའུ་དང་མཚོ་སྔོན་ཁུལ་སོགས་སུ་བྲིན་ཁ་རྒྱུགས་པོ་ཡོད་པ་ཞིག༽ཚོང་འདུས། ཤིང་རིགས་ཚོང་འདུས། སྔོ་ཚལ་ཚོང་འདུས། འབྲུ་རིགས་ཚོང་འདུས། སོ་ནམ་ཚོང་འདུས། སྨན་རྫས་ཚོང་འདུས། བརྒྱ་ཚོང་ངམ་སྣ་མང་ཚོང་འདུས་སོགས་སོ། ས་ཁུལ་ཁ་ཤས་སུ་ཚོང་འདུས་འདི་ནས་ད་དུང་ཚོང་འདུས་ཆུང་ཆུང་དུ་དབྱེ་བ་སྟེ། དཔེར་ན། ཕྱུགས་ཤ་ཚོང་འདུས། ཉ་ཤ་ཚོང་འདུས། སྲན་རིགས་ཚོང་འདུས་སོགས་སོ།

ཚོང་འདུས་སྟེང་གི་ཉོ་ཚོང་རྣམ་པ་མི་འདྲ་བ་མང་པོ་ཡོད་པ་ལས་ལོ་རྒྱུས་ཐོག་ཧོད་ཧོད་རྣམས་གྲངས་ཚད་དང་སྤུས་ཚད་གཞིར་བཟུང་། དངོས་པོ་ཕན་ཚུན་རྒྱུ་མཚུངས་པ་བརྗེས་རེས་ཀྱི་ཐབས་ལམ་སྤྱོད་པ་དང་། དེ་མིན་གསེར་དངུལ་དང་འབྲུ་རིགས་ལྟར་བརྗེས་ཀྱིན་པ་རེད། དེང་དུས་སྤྱིའི་ཆ་ནས་ཤོག་དངུལ་ལྟར་ཚོང་ཟོག་ཉོ་ཚོང་བྱེད། ཉོ་ཚོང་སྐབས་སུ་བཟའ་ཆས་དང་། ར་ལུག་བ་ཡི་ཤ་བསིལ་ཚོང་ཡིན་ཚེ་ཐད་ཀར་ཁྲོམ་བཀྱགས་ཆུང་ཆུང་སྟེང་ཚོང་རྒྱག་པ། བ་དང་ལུག རྟ། རྔ་མོང་། ལྤགས་པ། སྤུ་རིགས། སྐྲ་ཚལ། ཤིང་ཆ་ལ་སོགས་པའི་ཁྱབ་ཆེའི་ཚོང་རིགས་སྡེབ་ཚོང་བྱ་ཚེ། བར་ཁེ་པའམ་ངོ་སྤྲོད་པ་བརྒྱུད་ནས་ཉོ་སྒྲུབ་བྱེད། ཚོང་རྒྱག་སྐབས་ཐད་ཀར་གོང་ཚད་འགྲིག་པ་ཡོད་ལ། གསང་ཐབས་ཀྱི་འགྲིག་པའང་ཡོད། དེ་བཞིན་ལག་པའི་འཁྱེར་ཕྱོགས་ལྟར་རིན་གོང་སྒྲིག་པ་ཡོད། ཧོད་ཧོད་པས་སྤུ་རིགས་དང་། ཕྱུགས་ཟོག སྐྲ་ཚལ་ཉོ་ཚོང་བྱ་སྐབས་ལག་འདང་ཀུན་གསལ་ལམ་སྐྱ་གའི་ཚང་སྔོགས་ཚོང་རྒྱག་རྣམ་པ་ཟེར། དཔེར་ན། ནུབ་བྱང་ཁུལ་གྱི་ཧོད་རིགས་བཅའ་བསྡོད་ཁུལ་དུ་སྤུ་རིགས་ཚོང་རྭའི་སྟེང་། ཧོད་ཧོད་ཚོང་པ་རྣམས་གང་སར་དཔུང་སྟེང་དུ་ལུག་ལྤགས་འཁྱེར་ནས་ཕར་འགྲོ་ཚུར་འོང་བྱེད། ལུག་ལྤགས་ཉོ་ཚོང་བྱ་མཁན་ཡིན་པ་ཙམ་གྱི་དེར་སོང་ནས་རིན་གོང་སྒྲིག་ཆོག་སྟེ། ཚོང་པས་ལུག་ལྤགས་པང་དུ་འཁྱེར་ནས་ལག་པ་ལུགས་ལྤགས་ཀྱི་འོག་དུ་སྦེད། ལག་པའི་འཁྱེར་ལུགས་ལས་རིན་གོང་འབོད་ཀྱིན་ཡོད། ཉོ་མཁན་གྱིས་ཀྱང་ལག་པ་ལྤགས་འོག་ཏུ་བཅུག་ནས་མཛུབ་གྲངས་ལྟར་ཚོང་པའི་རིན་གོང་ཧ་གོ་རྗེས་རང་གི་གོང་ཚད་དེ་ཚོང་པར་གསལ་འགྲེལ་བྱེད། ཕྱུགས་དང་དངོས་ཟོག་གཞན་གྱི་ཉོ་ཚོང་སྐབས་ཚོང་མཁན་དང་ཉོ་མཁན་གྱི་ཕུར་ཐུང་ཁ་སྤྲོད་དུ་སྦྲེལ་ནས་ལག་པ་གཏོང་བ་དང་། ཕྱོགས་གཉིས་པོས་གོང་ཚད་སྒྲིག་གིན་ཡོད། དེ་ལྟར་གྱི་གོང་སྒྲིག་ལུགས་ལས་ལག་པའི་མཛུབ་མོའི་སྟོན་སྟངས་མཚོན་དོན་ནི། ཐེ་བོང་ནི་གཅིག འོག་མཛུབ་དང་མཛུབ་ཆུང་ནི་གཉིས། དཀྱིལ་མཛུབ་དང་འོག་མཛུབ། མཛུབ་ཆུང་གསུམ་བརྐྱངས་ན་གསུམ། ཐེ་བོང་ཕུད་པའི་ལྷག་པ་བཞི་བརྐྱངས་ན་བཞི། མཛུབ་མོ་ལྔ་པོ་བརྐྱངས་ན་ལྔ། ཐེ་བོང་དང་མཛུབ་ཆུང་གཉིས་བརྐྱངས་ན་དྲུག ཐེ་བོང་དང་གོང་མཛུབ། དཀྱིལ་མཛུབ་མཉམ་དུ་རུབ་པ་ནི་བདུན། ཐེ་བོང་དང་གོང་མཛུབ་བརྐྱངས་ན་བརྒྱད། གོང་མཛུབ་གུག་གུག་དུ་བསྟན་ན་དགུ། ཁུ་ཚུར་ནི་བཅུ། དཔེར་ན་གོང་ཚད་སྒྲིག་སྐབས། ཉོ་མཁན་གྱི་སྔོན་ལ་མཛུབ་མོ་ལྔ་བརྐྱངས་ནས་མུ་མཐུད་ཐེ་བོང་དང་གོང་མཛུབ་བརྐྱངས་ཚེ་རིན་གོང་སྒོར་ང་བརྒྱད་ཅེས་པའོ། ཧོད་ཧོད་རྒན་རབས་པ་ཚོས་བཤད་དོན། དེ་ལྟར་གྱི་ཚོང་ལས་རྣམ་པ་ནི་སྟབས་བདེ་ལ་གསང་བ་ཉར་ཚགས་ཐུབ་ཅིང་། མི་གཉིས་བར་གྱི་ཚོང་དེ་གཞན་གྱི་ཇུས་གཏོགས་མེད་པར་ཁོང་གཉིས་རང་གི་ཐག་གཅོད་ཐུབ་ཅིང་། རིན་གོང་སྤོར་གཅོག་ཀྱང་བརྟན་པ་ཡོང་ངེས། གལ་ཏེ་ཉོ་ཚོང་ལེགས་གྲུབ་བྱུང་ཚེ་ཕྱོགས་སོ་སོའི་མིག་གི་ལྟ་སྟངས་ལས་ཤེས་ཐུབ། འདོད་བློར་མེད་ན་དེ་མ་ཐག་མི་གཞན་དང་ཚོང་སྒྲིག་ཆོག ཧོད་ཧོད་པའི་གཏམ་དཔེ་བཞིན་ཉོ་ཚོང་མ་གྲུབ་རུང་ལ་རྒྱ་སྔར་བཞིན་བཅངས་ཟེར། འདི་ལྟ་བུའི་ཚོང་རྒྱག་ལུགས་ནས་ཕན་ཚུན་གྱི་སེམས་མི་འཁྲུག་པ་དང་རྩོད་པ་ཉུང་བ་དེས་ཧོད་ཧོད་པའི་ཡར་ཐོན་གྱི་ཚོང་ཟོག་ཉོ་སྒྲུབ་དམངས་སྲོལ་མཚོན།

༢ ཧོད་རིགས་ཀྱི་ཚོང་ཁང་དང་ཁྲོམ་བཀྱགས་ལུགས་སྲོལ།
ཚོང་ཁང་དང་ཁྲོམ་བཀྱགས་ཡོད་ན་ཚོང་བརྒྱབ་ཆོག་ལ་གཏན་འཁེལ་གྱི་ས་ཆ་ཡོད་པ། གཏན་འཁེལ་ཙམ་གྱི་ཚོང་ཟོག་དང་ཉིན་རེའི་ཚད་བཀག་གི་ཚོང་བཙོང་བའི་དུས་ཚོད་བཅས་ཡོད། ཚོང་ལས་ཀྱི་ཁྱབ་ཆེ་ཆུང་ལྟར་ཆེ་བ་རྣམས་ལ་ཚོང་ཁང་དང་། བར་མར་ཁྲོམ་བཀྱགས་ཟེར། ཆུང་བར་ཁྲོམ་ཚོང་ཟེར། ཚོང་ཁང་ཆེ་བ་མགྲོན་ཁང་དང། ཟ་ཁང་། འགྲུལ་ཁང་། གཞི་རྒྱ་ཆེ་བའི་ཚོང་ལས་དོས་ཁང་སོགས་སོ། ཚོང་ཁང་བར་མར་སྒོ་རྩིས་ཚོང་ཁང་ཆུང་གྲས་དང་། ཙག་ཙིག་ཚོང་ཁང་། ཇ་ཁང་ཆུང་གྲས། བཟའ་ཁང་། སྣུམ་དང་ཚ། སྐྱུར་སོགས་ཚོང་ཁང་། ཤ་ཚོང་ཁང་སོགས་སོ། ཁྲོམ་ཚོང་ལ་ཤིང་ཏོག་དང་། སོན་རྩ། ཐུག་པ་། ཁ་ཟས་སོགས་ཀྱི་ཉོ་ཚོང་བྱ་བར་བརྗོད། ཚོང་རྭ་དབང་ཆེད་དང་སྐུ་མགྲོན་ཐོབ་བྱེད་དུ་ཧོད་ཧོད་ཀྱི་ཚོང་ཁང་ལ་ལུགས་སྲོལ་མང་པོ་གྲུབ་ཡོད། དང་ཐོག་རྒྱུ་སྤུས་ལས་རྣམ་པར་རྒྱལ་བ་སྟེ། གཙང་སྦྲ་ལྷག་པར་དོད་ཅིང་ཁེ་ཉུང་གྱི་མང་ཚོང་ལས་སྐུ་མགྲོན་བཀུག་ཐུབ་པ་བྱེད། སེམས་རྩ་འཁོལ་ཅིང་སྐུ་མགྲོན་ལ་གཙིགས་མཐོང་ཆེ་བས་སྐུ་མགྲོན་གྱི་དགའ་བསུ་ཐོབ་པ། དཔེར་ན་ཧོད་ཧོད་ཀྱི་ཟ་ཁང་རྣམས་ནམ་ཞར་གད་ཕྱིད་ལེགས་པར་བྱས་རྐྱེན་མི་རྣམས་ལ་གཙང་སྦྲ་ལེགས་པའི་ཚོར་སྣང་ཞིག་དང་། རིན་གོང་འཚམས་ལ་སྐུ་མགྲོན་ལ་གུས་ཞབས་ཆེ་བ་ཡིན། དེས་མ་ཟད་ཚོང་ཁང་ལ་ཡིད་ཆེས་དང་ཁྱབ་བསྒྲགས་བྱ་ཆེད་དབྱི་སི་ལེན་ཆོས་ལུགས་ཀྱི་ཁྱད་ཆོས་མང་པོ་ལྡན་ཡོད། དེ་མིན་ཧོད་ཧོད་ཀྱི་ཚོང་ཁང་ནང་ཁ་མདོག་སྔོན་པོའི་རས་དང་། ཁ་ཆེའི་རང་བཞིན་མཚོན་པའི་རྟགས་མང་པོ་ཡོད། དཔེར་ན་ཨ་རབ་ཀྱི་ཡི་གེ་འབྲི་བའམ་རྒྱུ་སྐད་“清真”“西域回回”“清真回回”ཟེར་བ་མངོན་གསལ་དོད་པོས་བཀོད་ཡོད། ཚོང་ཁང་སྒོ་ཁར་རས་སྔོན་བཀལ་བའི་རྒྱུ་མཚན་ནི། དབྱི་སི་ལེན་ཆོས་ལུགས་ཁ་དོག་སྔོན་པོ་དང་ལྗང་ཁུ་གཉིས་བཀྲ་ཤིས་པའི་ཁ་མདོག་ཏུ་བརྩི་བ་དང་། སྔོན་པོས་ལྷད་མེད་ལྷག་བསམ་མཚོན་ཅིང་། ཧོད་རིགས་ཀྱི་ཁ་དོག་སྔོན་པོས་དྭངས་གཙང་༼རྒྱ་སྐད་སྒྲ་བསྒྱུར་ལྟར་ན་ཁ་ཆེ་清真ཟེར་བ་དོན་བསྒྱུར་དུ་དྭངས་གཙང་གི་དོན༽མམ་ཁ་ཆེ་མཚོན། དེར་བརྟེན་ཚོང་ཁང་གི་ཁྲ་ཡོལ་ཡང་སྔོན་པོ་བྱེད། ཧོད་ཧོད་ཀྱི་ཚོང་ཁང་དུ་ཨ་རབ་ཡི་གེ་དང་སྒོ་བྱང་། རས་དར་སྔོན་པོ་སོགས་ནི་དེའི་ཚོང་ལས་རྒྱུན་སྲོལ་དང་མཚོན་རྟགས་ཡིན་ལ་ནམ་ཡང་མི་ཉམས་པར་བྱེད།

༣ ཧོད་་ཧོད་ཀྱི་ཚོང་སྒྲུབ་དམངས་སྲོལ།
དེར་ཚོང་སྒྲུབ་ནི་གཙོ་བོ་ཚོང་ཆུང་ཆུང་རྒྱག་པའི་དོན་ཏེ། སྐོར་ཚོང་རྒྱག་པ། བག་ལེབ་དང་མངར་ཆ། ཤིང་འབྲས། ས་ཆ་སོ་སོའི་ཐོན་ཁུངས། ཞིང་ལས་ཐོན་རྫས། ཟས་སྣུམ་བཅས་ཚོང་བ། དངོས་རྙིང་བསྡུ་བའོ། དེང་དུས་སྒོ་རྩིས་ཚོང་ཁང་ཆུང་ཆུང་དུ་ཚོང་རྒྱག་པ་དང་། གློག་ཆས། བཟོ་ལས་མཁོ་ཆས། སྒྱུ་རྩལ་ཚོང་རྒྱག་སོགས་སུ་ཡར་རྒྱས་ཕྱིན་ཡོད་པ། ཁོང་ཚོ་ནི་གཉའ་ཤིང་སྟེང་ཚོང་འཁྱེར་བའམ། སྒམ་ཆུང་ཆུང་འཁྱེར་བ། སྨྱུག་སློམ་ནང་འཁྱེར་ནས་གྲོང་ཆུང་ལམ་ཆུང་བརྒྱུད་ལ། རི་ཀླུང་གང་སར་འགྲོ་གིན་འགྲོ་གིན་ཚོང་གཏམ་གླེང་། དེ་ལྟ་བའི་ཉོ་ཚོང་རྣམ་པས་ཅ་དངོས་སྒོ་ཁར་བསྐྱལ་བས་མཛད་སྤྱོད་པར་སྟབས་བདེ་བསྐྲུན་ནས་མྱུར་བར་བཙོང་ཐུབ།

བཞི་པ། ཧོད་ཧོད་ཀྱི་ཚོང་ལས་ཀུན་སྤྱོད་གོམས་སྲོལ།

ཧོད་རིགས་རྣམས་ནི་དབྱི་སི་ལེན་ཆོས་ལུགས་ཀྱི་ཤུགས་རྐྱེན་འོག ད་བར་གྱི་ཉོ་ཚོང་བྱ་བཞག་ཁྲོད་ཕུལ་དུ་བྱུང་བའི་ཀུན་སྤྱོད་རྒྱུན་སྲོལ་གསོག་ཉར་དང་གསར་གྲུབ་བྱས་ཡོད།

༡ མཛད་སྤྱོད་པར་གུས་ཞབས་དང་དྲང་བདེན་གྱི་ཉོ་ཚོང་རྒྱག་པ།
ཧོད་ཧོད་ཚོང་པ་རྣམས་ཀྱི་བལྟ་བར། གུས་ཞབས་མང་བ་སྐྱོན་མེད་དེ།། ཞི་འཇམ་བྱུང་ན་རྒྱུ་ནོར་བྱུང་།། ཉོ་ཚོང་མ་གྲུབ་མཛའ་བརྩེ་བསྐྲུན།། དེ་ཐེངས་མི་ཉོ་རྗེས་སུ་ཡོང་།། ཟེར། ཁོང་ཚོས་ཚོང་གང་རྒྱབ་རུང་ཆུང་བར་མི་བརྙས་ལ། རྒན་པའང་མི་ཕུད། མགོ་བསྐོར་བསླུ་བྲིད་མེད་པར་ཁ་གསལ་གྱི་ཁེ་ཆུང་བརྒྱབ་ནས་མཛད་སྤྱོད་པ་ཕམ་དུ་འཇུག་གི་མེད། སྐད་ཆ་ཡོད་ན་ཐད་ཀར་ཤོད་ཅིང་། བརྩེ་བ་ནི་བརྩེ་བ་དང་། ཚོང་ནི་ཚོང་ཅེས་ཚོང་བརྒྱབ་ཟིན་རྗེས་གལ་སྲིད་ཕར་ཕྱོགས་ལས་མི་འོས་པའི་ཁེ་བཟང་བྱུང་ན་དངུལ་གྲངས་ཉུང་ཉུང་ཡིན་རུང་ཕ་རོལ་པོར་ཐད་ཀར་བརྗོད་ཀྱི་ཡོད། ཚོང་རྒྱག་སྐབས་ཚོང་ཟོག་རྫུན་མ་ཅང་ཉུང་སྟེ། དབྱི་སི་ལེན་ཆོས་ལུགས་ནང་མགོ་སྐོར་གཏོང་མི་ཆོག་པ་གཏན་འཁེལ་བྱས་ཡོད། དཔེར་ན་ཀོ་རཱན་ནང་ནན་བཤད་བྱས་དོན། ཁྱོད་ཚོས་གཡོ་སྒྱུའི་ལམ་ནས་གཞན་གྱི་རྒྱུ་ནོར་ཧབ་ཟ་མ་བྱེད་དང་། བསྐལ་པའི་མཐའ་དེར་མགོ་བསྐོར་བསླུ་བྲིད་ཅན་གྱི་ཚོང་པ་ངན་་པ་དང་དཔོན་ངན་རྣམས་གཅིག་དུ་སླར་གསོས་ཅིང་། དྲང་གཞག་གཞན་ཕན་སྒྲུབ་པའི་ཚོང་པ་རྣམས་ལྷ་དང་དཔའ་བོའི་འཁོར་ཚོགས་ལྷན་དུ་སླར་གསོས་པར་གྱུར་རོ། ཀོ་རཱན་དང་མོ་ཧཾ་མད་དའི་བཀའ་ལས་དོན་དེ་ཐེངས་མང་གསུངས་རྐྱེན། ཧོད་ཧོད་པའི་ཁ་ཆེ་ལྷ་ཁང་གི་ཨ་ཧུང་༼ཆོས་དཔོན༽ཚོས་ནམ་རྒྱུན་དྷྲུའི་མའི་༼སློབ་ཁྲིད༽དུས་སུ་རྒྱུ་ཆེའི་མུ་སི་ལིན་ཚོར་ཁྱབ་བསྒྲགས་དང་། དབྱི་སི་ལེན་ཆོས་ལུགས་ཀྱི་ཆོས་ཁྲིམས་ལྟར་དཔེར་མཚོན་ལྟར་ཆགས་ཀྱི་དེ་རྣམས་ནི་ཟྰ་གླད་མོ་༼བྱེད་མི་ཆོག་པ༽ཡིན་པ་བཀོད་པ་སྟེ། གཡོ་སྒྱུ་ཡི་ཚོང་རྭ་དབང་བ། རྐུ་ཇག་དང་འཕྲོག་བཅོམ། ར་ལུག་ཁྱི་ཕག་སོགས་ཀྱི་ཤི་རོ་ཉོ་ཚོང་དང་བྱ་བ། དེ་ཚང་མས་ཧོད་རིགས་མི་དམངས་ཀྱི་ཚོང་ལས་ཀུན་སྤྱོད་གོམས་སྲོལ་ལ་ཤུགས་རྐྱེན་དང་ཚད་ངེས་ཅན་དུ་གྱུར།

༢ རིས་མེད་པའི་ཉོ་ཚོང་།
ཧོད་ཧོད་པའི་ཉོ་ཚོང་ཀུན་སྤྱོད་ཁྲོད་དམིགས་གསལ་གྱི་ཁྱད་ཆོས་ནི་དྲང་གཞག་ལྟར་རྒྱ་མར་འདེགས་པ་དང་། རྒྱ་མའི་སྟེང་རྫུན་བཟོ་དང་། གཞན་ཕམ་པར་བྱེད་པ། གཞན་ལ་མགོ་སྐོར། རིན་པ་ཁོ་ན་བསམ་པ་ལས་རྒྱ་མ་མི་དྲང་བ་བཅས་མི་བྱེད་དོ། རྒྱ་མ་དྲང་པོར་མེད་པའི་ཁེ་བཟང་རྣམས་བྱེད་མི་ཆོག་པར་བརྩི་བ། ཀོ་རཱན་ནང་གསུངས་དོན། ཁྱོད་ཚོས་འབྲུ་རིགས་ཚོང་སྐབས་འབོར་ཚད་འཚམ་པོ་དང་དྲང་བདེན་གྱི་རྒྱ་མར་ཟོག་རྣམས་འདེགས་ན་བྱ་བཟང་ཡིན་ལ། གྲུབ་འབྲས་ལེགས་ཤོས་དེ་ཡིན་གསུངས། ཧོད་ཧོད་པས་ད་ལྟའི་བར་བཏང་སྙོམས་ཀྱི་ཉོ་ཚོང་ལམ་ལུགས་གཙིགས་སུ་འཛིན་པའི་དགོས་པ་ནི་སྙན་གྲགས་དང་ཡིད་རྟོན་ལེགས་པ་ཐོབ་པས་སོ། དཔེར་ན་ཧོད་ཧོད་པ་རྣམས་རྒྱལ་ཡོངས་ས་ཕྱོགས་གང་དུ་ཚོང་རྒྱག་པ་དང་དེ་བས་ཀྱང་ཚོང་ལས་བལྟ་བ་ཅུང་དབུལ་བའི་སྤུན་ཟླའི་མི་རིགས་ཚོ་དང་ཚོང་རྒྱག་སྐབས། གཅིག་ལ་གཅིག་དང་གཉིས་ལ་གཉིས་ལྟར་ཕན་ཚུན་གཉིས་ཀར་ཕན་པ་བསྒྲུབ་པས་གཞན་གྱི་ཡིད་རྟོན་དང་མཛའ་བར་གྱུར། འོན་ཏེ། གནས་ཚུལ་ཐབམས་ཅད་གཏན་འཁེལ་འདི་ཡིན་ཅེས་བརྗོད་མི་ཐུབ་པར་ཧོད་ཧོད་པ་འགའ་རེས་ནི་གཡོ་ཁྲམ་གྱི་ཚོང་ལས་འཇུག་པའང་ཡོད། འདི་ནི་བ་མོ་གཅིག་གི་ལོ་ཏོག་བཟོས་པའི་དཔེ་ལྟར་དང་། སྤྱི་ཡོངས་ནས་རིས་མེད་ཀྱི་ཚོང་ལས་ཀུན་སྤྱོད་བལྟ་བ་ཤུགས་ཆེ་བར་ཡོད།

༣ སྐྱེད་ལྕིའི་བུ་ལོན་དང་གླགས་ཚོང་རྒྱག་མི་ཆོག་པ།
ཀོ་རཱན་ནང་གསུངས་དོན། དཀོན་མཆོག་གི་ཚོང་རྒྱག་ཏུ་བཅུག་རུང་། ལུགས་ཐུན་མིན་པའི་ཁེ་བཟང་ཆེན་པོ་རྒྱག་མི་ཆོག ཅེས་འཁོད་ཡོད། ད་ལྟའི་བར་དུ་ཧོད་རིགས་རྣམས་སྐྱེད་ལྕིའི་བུ་ལོན་གྱི་ཚོང་རྒྱག་མི་ཆོག་པར་བརྩི་བས། དམངས་ཁྲོད་སྐྱེད་ལྕིའི་བུ་ལོན་གཏོང་བའི་གནས་ཚུལ་ཆེས་ཉུང་། ཐ་མ་རེ་ཟུང་ཡོད་ནའང་གཞན་གྱི་ཐབས་ལས་བསྒྱུར་བཅོས་བྱེད། ཧོད་ཧོད་པས་མཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཐད་འགན་ལེན་མེད་པའི་དངོས་པོ་ཚོང་བར་མི་བྱེད།

༤ ཆིངས་ལྟར་ཡིད་རྟོན་སྲུང་ལ་གཡར་བ་ངེས་པར་ཕྱིར་སྤྲོད་བྱ་དགོས།
ཧོད་ཧོད་ཀྱི་ཚོང་ལས་ཁྲོད་ཆིངས་ཡིག་ལ་བརྩི་བཀུར་བྱེད་ཅིང་། ཆིངས་ཡིག་ཡོད་པ་ཙམ་ཀྱི་ཆིངས་ཡིག་ལྟར་བཞག་ལས་ཕྱོགས་གང་རུང་ནས་ཆིངས་ཡིག་ལ་མི་བརྩི་བ་མེད། ལྷག་པརཚོང་ལས་ཁྲོད་གཞན་ལ་དངུལ་བུན་གཡར་ཚེ་ངེས་པར་དུ་སྐྱིན་པ་ཕྱིར་སྤྲོད་བྱ་དགོས། ཕས་བུ་ལོན་འཇལ་མ་ཐུབ་ན་བུས་འཇལ་བཞིན་ཧོད་ཧོད་པས་བུན་ངན་འགྱངས་ནས་འཇོག་སྲོལ་མེད།

༥ འཕྲོ་བརླག་དང་དྲང་བདེན་མིན་པའི་རྒྱུ་ནོར་ཧབ་ཤ་མི་ཆོག་པ།
ཧོད་རིགས་ལ་གཏམ་དཔེ་ཞིག་ཡོད་པ་སྟེ། ཕྱུག་དྲག་ནས་ཤི་བའི་ཧོད་ཧོད་མེད།། ཅེས་ཟེར། ཧོད་རིགས་ཀྱི་འཚོ་བའི་ཚོང་ལས་དང་མཛད་སྤྱོད་ཁྲོད། སྐྱེས་ཆེན་ཚོའི་སྡུག་རུས་གྲོན་ཆུང་གི་བྱ་སྤྱོད་ལ་ལད་མོ་དང་ཡིད་གཟབ་ལྷོད་མེད་བྱེད། འཕྲོ་བརླག་དང་རྒྱས་སྤྲོས་ལོངས་སྤྱོད་ཀྱི་འཚོ་བར་ངོ་རྒོལ་མཐར་ཕྱིན་བྱེད། དུས་རྟག་ཏུ་ཀོ་རཱན་ལས་སློབ་སྦྱོང་དང་མི་རབས་རྗེས་མར་བསམ་བློའི་སློབ་གསོ་བྱེད། ཀོ་རཱན་ལས། ཁྱོད་དངུལ་གང་བྱུང་དུ་མ་སྤྱོད། འདི་འདྲའི་མི་ནི་གདོན་འདྲེའི་གྲོགས་སུ་ཁོ་ཐག་དང་། གདོན་འདྲེ་ནི་དཀོན་མཆོག་བློ་ཕམ་བཅུག་པ་ལས་བྱུང་། ཅེས་འཁོད། དེ་ལས་ངོམས་སུ་ཆོག་པ་ནི། ཧོད་ཧོད་པའི་དཔལ་འབྱོར་འཕེལ་རྒྱས་རྗེས། སློབ་གྲྭ་དང་ཟམ་པ། ལམ་བུ་འཛུགས་སྐྲུན་ལ་ཞལ་འདེབས་དང་། དབུལ་ཕོངས་རོགས་རམ་སོགས་ཀྱི་ཕན་བདེའི་བྱ་གཞག་སྒྲུབ་བཞིན་ཡོད།

ཧོད་ཧོད་པས་ཚོང་ལས་དང་ནམ་རྒྱུན་འཚོ་བར་ལྐོག་ཟ་ལ་ངོ་རྒོལ་བྱེད། ཀོ་རཱན་ལས། སྔོན་ནས་མཁྱེན་པར་༼དཀོན་མཆོག་ཨལ་ལྷྰ༽ལྐོག་ཟ་མེད་ལ། མི་སུ་འདྲ་ཞིག་གིས་ལྐོག་ཟ་བཟས་ན་སླར་གསོས་ཀྱི་དུས་དེར་དེའི་འབྲས་ངན་ཡོང་ངེས། ཅེས་འཁོད། ཀོ་རཱན་དུ། སྤྱོད་གཙང་ལས་ཐོབ་པའི་རྒྱུ་ནོར་ནི་ཡིད་དུ་འོང་ལ་དྭངས་ཞིང་གཙང་། ཐབས་འདི་ལྟར་གྱི་ཐོབ་པའི་རྒྱུ་ནོར་རྣམས་ཉན་ཐྰེ་༼རྔན་པ༽སྟེར་བ་དང་། དབུལ་བར་སྦྱིན་པ་གཏོང་བ་སོགས་སོ།

དབྱི་སི་ལེན་ཆོས་ལུགས་ཀྱི་ཤུགས་རྐྱེན་ལས། ཧོད་ཧོད་པའི་ཚོང་ལས་ཁྲོད་ལྐོག་རྔན་སྤྲོད་པར་ངོ་རྒོལ་བྱ་བ་སྟེ། ཀོ་རཱན་ལས། ཁྱོད་ཚོའི་བར་ལ་རྒྱུ་ནོར་ཧབ་ཤ་མ་བྱེད་ལ། ཁྲིམས་དཔོན་ཡང་དངུལ་གྱིས་མ་བསླུ། དེ་ལྟར་ན་ཤེས་བཞིན་དུ་ཉེས་པ་ལ་ཁ་གཡར་ནས་གཞན་ཁག་གཅིག་གི་རྒྱུ་ནོར་ཧབ་ཤ་བྱེད།

ཧོད་རིགས་ཀྱི་རྐུ་འཕྲོག་ལ་ངོ་རྒོལ་བྱ་སྟེ། རྐུ་འཕྲོག་གིས་རྒྱུ་ནོར་རྣམས་ཀུན་སྤྱོད་མེད་ལ། ཁྲིམས་ནས་འགལ་བ། དྭངས་གཙང་མིན་པས་བྱེད་མི་ཆོག མ་གཞི་ཀོ་རཱན་ནང་རྐུ་ཇག་གི་བྱ་སྤྱོད་ནན་གྱིས་མི་ཆོག་པ་བཀོད་རུང་། མི་ཚང་མས་སྒྲུབ་ཐུབ་པ་ནི་མིན། ཁ་ཤས་རྒྱུ་ནོར་གྱིས་གཡོ་བྲིད་འོག་ཁེ་བཟང་ལེན་པ་ཡོད།

ལྔ་པ། ཧོད་རིགས་ཀྱི་ཚོང་ལས་དམངས་སྲོལ་ཁྱད་ཆོས།

སྤྱི་ཡོངས་ནས་ཧོད་རིགས་ཀྱི་ཚོང་ལས་དམངས་སྲོལ་ལ་བལྟས་ཚེ་གཤམ་གསལ་གྱི་ཁྱད་ཆོས་ལྡན།

གཅིག ཧོད་རིགས་རྣམས་ཁྱིམ་སྒོ་ཁོ་ན་སྲུང་ནས་མི་བསྡོད་པར་ཕྱོགས་སུ་འགྲོ་ཕོད་ལ་བྱེད་ཕོད་པ། དབུལ་ཕོངས་ལ་མགོ་བོ་མི་སྒུར་ཅིང་རྗེས་ལུས་ལ་གཉམ་མི་ཞུམ། ཕྱོགས་མཚམས་ཀུན་ལ་དམིགས་ཡུལ་བཅངས་བཞིན་ཕྱི་ཕྱོགས་སུ་འགྲོ་བའི་བརྟུལ་ཞུགས་ལྡན། ཤར་ནས་འཛུལ་ཅིང་ནུབ་ནས་ཐོན།། བྱང་ནས་ཡོང་ཞིང་ལྷོ་ལ་བསྐྱོད།། གནམ་སའི་ཁྱོན་ལ་འཇིགས་པ་མེད།། འགའ་རེ་ནི་གྲོང་ཁྱེར་དང་ཡོངས་ཁུངས་འབེལ་བའི་ས་ལ་རིམ་བཞིན་རྒྱ་བསྐྱེད་ལ། དམ་དུ་བཅིངས་འདྲ་ལས་རིམ་བཞིན་འགྲོལ་བའི་ཕྱོགས་སུ་འཕོ། དཔེར་ན། ཐང་དང་སུང་གི་སྐབས་སུ་ཧོད་རིགས་རྣམས་ཁྲང་ཨན་དང་། ཇོན་ཀྲའུ། ཧང་ཀྲའུ། ཡང་ཀྲའུ་སོགས་སུ་ཚོགས་ནས་ཡོད་པ་དང་། ཡོན་གྱི་དུས་སུ་ཧོད་ཧོད་ས་ཕྱོགས་ཚང་མར་ཁྱབ་ཡོད། ས་ཆ་ཆུང་ཆུང་ཞིག་ལ་མཚོན་རུང་། ཧོད་ཧོད་རྣམས་རང་སོར་དབུལ་ཕོངས་ལ་གཉའ་འཁུམ་ནས་མི་བསྡོད་པར། ཧུར་བརྩོན་ཆེན་པོས་འཚོ་བའི་ལམ་བུ་བཟང་བ་འཚོལ་བ། གང་དུ་དངུལ་གསོག་ཐུབ་ན་དེར་བསྐྱོད་ཅིང་འགའ་རེ་ནི་ལོ་ཤས་འགོར་བ་དང་། འགའ་རེ་ནི་གནས་གསར་པ་དེར་བཅའ་བའོ། དཔེར་ན་དུས་རབས་ཉི་ཤུའི་ལོ་རབས་དྲུག་བཅུའི་སྐབས། ཉིང་ཤ་ལྷོ་ཕྱོགས་ཀྱི་རི་གྲོང་དུ་ཧོད་ཧོད་མང་པོ་བཟས་གོས་ཀྱང་དཀའ་བས། ནུབ་ཕྱོགས་སུ་གནས་སྤོས་ནས་ཤིང་ཅང་ཁུལ་དུ་བསྐྱོད། ཀན་སུའུ་ལིན་ཤ་ཡི་ཧོད་ཧོད་ཁྱིམ་ཚང་བཞི་བརྒྱ་ཙམ་བོད་ཀྱི་ལྷ་སར་གནས་བཅའ་ནས་ཚོང་ལས་སྒྲུབ། བུད་མེད་ཁྲི་གཉིས་ལྷག་བཀས་བཀོད་རྒྱུད་འཛིན་གྱི་འཆིང་རྒྱ་གྲོལ་ནས་ཁྱིམ་སྒོ་ལས་ཐོན་ཏེ་ཁྲོམ་གཞུང་བསྐྱོད། ཕྱི་ཕྱོགས་སུ་ཚོང་ལས་སྒྲུབ། ཉིང་ཤ་རུ་སྤྱི་ལོ་༡༩༩༣ལོར་བུད་མེད་ཁྲི་ལྔ་ལྷག་སྲོལ་རྙིང་རྒྱ་ལ་གྲོལ་ཏེ་ཁྱིམ་ནས་ཁ་བྲལ་ཞིང་ཚོང་ལས་སྒྲུབ།

གཉིས། དཀའ་སྤྱད་འབད་བརྩོན་དང་སྡུག་རུས་རྒྱུན་འཁྱོངས། ཧོད་ཧོད་ཚོང་ལས་པ་རྣམས་ལ་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཅིག་སྟེ། གྲོན་ཆུང་བསྲི་ཚགས་དང་དཀའ་སྤྱད་འབད་བརྩོན། སྡུག་རུས་རྒྱུན་འཁྱོངས་སོ། ཚོང་ཆུང་ཆུང་བརྒྱབ་པ་ནས་འགོ་བརྩམས་ཞིང་དཔལ་འབྱོར་མ་རྩ་གང་འཚམ་བྱུང་ན་གཞི་ནས་རྒྱ་བསྐྱེད་གཏོང་གི་ཡོད། ཆུ་ཐིགས་བསགས་པའི་རྒྱ་མཚོ་བཞིན་ཏེ། དཔེར་ན་ཁ་ཅིག་ལམ་རྒྱགས་ཕད་ཁུག་གང་ཙམ་གྱིས་རྟ་དང་རྔ་མོང་ལ་ནམ་ཉིན་མེད་པར་ཐག་རིང་གི་ལེ་བར་རྒྱ་ཕྲག་བར་ཁལ་ཟོག་དབོར་འདྲེན་བྱེད། ཁ་ཅིག་སྐྲ་ཚལ་སྒྲུག་པའི་ཧོད་རིགས་རྣམས། ལག་ཏུ་སྡེར་མོ་ཐོགས་ལ་རྒྱབ་དུ་བཀོལ་ཆས་འཁྱེར། སྔ་ལངས་ཕྱི་ཉལ། ལམ་ཉལ་ཁང་དང་ལྷགས་པ་ཟས་དུ་བསྟེན་དགོས། དགུན་ཟླ་རྭ་བ་ཟིན་དུས་ས་ཁུང་ཆུང་ཆུང་བྲུས་ནས་ལྷགས་པར་གཡོལ་ཅིང་མེ་སྟག་ལ་ལུས་པོ་སྲོས་ཙམ་གྱི་ཞག་ས་ཕབ། ཁ་ཅིག་རྒྱ་མི་བསྡོད་ཁུལ་དུ་ཚོང་རྒྱག་སྐབས་ཉིན་ལྟར་བག་ལེབ་སྐམ་རྫིས་བཏང་བ་དང་ཆུ་འཐུང་བ་ཁོ་ན་ནས་བཟོད་བསྲན་ཐུབ་པ་བྱེད། ཁ་ཅིག་དང་ཐོག་ལུག་ལྤགས་གཅིག་དང་ལུག་ཤའི་བསིལ་ཚོང་ནས་འགོ་བརྩམ་ཏེ་དངུལ་བྱེ་བ་མང་པོའི་བདག་པོར་གྱུར། ཧོད་ཧོད་པར་རྒྱུ་ནོར་ཐོབ་རྗེས་གྲོན་ཆུང་བྱ་རྒྱུར་ཡིད་གཟབ་བྱེད་ཅིང་། ཞིབ་ཅིང་ཚགས་པར་བེད་སྤྱོད་བྱ། ལྷག་པར་དུ་གཉེན་སྟོན་དང་འདས་མཆོད་དུས་སུའང་གྲོན་ཆུང་བསྲེ་ཚགས་བྱེད་ཀྱིན་ཡོད། དེ་ལས་ཀྱང་གཟི་བརྗིད་ཆེ་བ་ནི་ཧོད་ཧོད་པ་རྣམས་དགེ་བའི་ལས་སྒྲུབ་རྒྱུར་སྤྲོ་ལ་དབུལ་ཕོངས་ལ་རོགས་པ་བྱེད་འདོད་ཤིན་ཏུ་ཆེ། འཚོ་རྟེན་མེད་པའི་རྒན་འཁོག་དང་དྭ་ཕྲུག ཆེས་དབུལ་ཕོངས་ཀྱི་ཁྱིམ་ཚང་ལ་བཅས་ལ་ཞལ་འདེབས་དང་སྦྱིན་པ་གཏོང་གི་ཡོད།

གསུམ། ཧོད་རིགས་རྣམས་ནི་རང་ལ་ཡིད་ཆེས་དང་། རང་སྟོབས་རང་སྤེལ། སྤྱང་གྲུང་འཛོམས་པ། ལས་བྱར་མཁས་པས། ཕུལ་བྱུང་གི་ཚོང་པའི་ལམ་བུ་ནི་རྩིས་ལ་མཁས་པ་ཉིད། སྔོན་དུ་དབང་བསྒྱུར་གྲལ་རིམ་བྱུང་གི་ཧོད་རིགས་ལ་མཐོང་ཆུང་བྱས་རུང་། ཧོད་ཧོད་པ་རྣམས་དཀའ་ངལ་ལས་རྣམ་པར་བརྒྱལ་ནས་སྡུག་རུས་ཀྱི་འཚོ་གནས་ཐུབ་པས་རང་ལ་ཡིད་ཆེས་དང་། རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་རྒྱུད་ལ་འཇགས། ཚོང་ལས་དཔལ་འབྱོར་ཁྲོད་འཚོ་གནས་ཀྱི་ཆེད་དུ་རྩིས་ལ་མཁས་པ་མ་བྱུང་དཀའ་མེད་དང་། རྩིས་རྣམས་ཞིབ་ཅིང་ཕྲ། ད་ལྟའང་ཧོད་རིགས་རྣམས་རྟག་ཏུ་ཕྱོགས་སུ་ཐོན་ནས་ཚོང་རྒྱག་ལ། ཚོང་ཟོག་གསར་འགྱུར་མང་བ་ཞིང་ལས་ཆོད་ཆེ། འོན་ཏེ་ཧོད་རིགས་ཀྱང་འཚོ་བའི་གོམས་གཤིས་ཀྱི་བཀག་རྒྱ་ལས་ཚོང་ཁ་ཤས་རྒྱག་པར་སྟབས་བདེ་མེད་ལ་གོ་སྐབས་དང་ཚོང་ལམ་དོག །

མཇུག་བྱང་།

བསྒྱུར་རྩོམ་འདིའི་ཡོངས་ཁུངས་ནི་རྩོམ་པ་པོ་ཝང་ཀྲང་ཝུས་(王正伟)ལགས་ཀྱི་ཧོད་རིགས་ཀྱི་དམངས་སྲོལ་རིག་པ་《回族民俗学》ཞེས་པའི་དེབ་ཀྱི་ས་བཅད་བཅོ་ལྔ་སྟེ་ཧོད་ཧོད་མི་རིགས་ཀྱི་ཚོང་ལས་དམངས་སྲོལ་“回族经商习俗”ཅེས་པ་དེ་ཡིན། ངེད་བསྒྱུར་པ་པོས་བྱུང་རྒྱལ་མི་སྨྲ་བར་ཉིང་ཤ་ལ་རང་ཉིད་དངོས་སུ་རྟོགས་ཞིབ་དང་། འཚོ་བ་དངོས་ཀྱི་དོན་དངོས་ལྟར་འདུག་པར་སེམས་ནས་རྫུན་མ་མེད་པར་རང་རིགས་ལ་སྙིགས་དོར་བཅུད་ལེན་བྱ་རྒྱུ་འདི་འདྲ་ཡོད་སྲིད་སྙམ་ནས་དང་བས་སྐུལ་ལོ།ཧོད་རིགས་ཀྱི་ཚོང་ལས་དམངས་སྲོལ།