༧ སྔར་བོད་ཀྱི་རིན་ཐང་ལྟ་ཚུལ་ཞིག་ལ་ལྷག་ཏུ་ཧི་མ་ལའི་ཕར་རྒྱབ་ཀྱི་བོད་ཀྱི་ཤེས་རིག་གི་འབྱུང་ཁུངས་འཕགས་ཡུལ་རྒྱ་གར་ནས་འཆད་ཡོང་བའི་གཏམ་རྒྱུད་མང་བོ་ལྟར་ན། འཇིག་རྟེན་སྟེང་གི་ལས་རིགས་མང་བོ་ཞིག་ལ་གྲལ་རིམ་ཡོད་ཅིང་། ལྷག་པར་མགར་བ་དང་ཤན་པ། སྨད་འཚོང་ལྟ་བུའི་འཚོ་བ་ནི་ཉི་མ་གཏོང་སྟངས་ཙམ་ཞིག་ལས་ཡུལ་གྱི་སྐྱེ་རྒུའི་མིག་ནང་ན་མེད་པའམ་སོ་སོ་རང་ངོས་ནས་ཀྱང་རང་ཉིད་ནི་འཇིག་རྟེན་གྱི་ཆེས་གྲལ་རིམ་དམའ་ཤོས་ཤིག་ན་ཡོད་པར་སེམས་ངེས།

དེ་བས་མགར་བའི་བུ་སོགས་རབ་ཏུ་བྱུང་ཡང་མི་ཆོག་པའི་ཆོས་ཁྲིམས་ཡོད་ལ། ཁྱོ་ག་ཤི་བའི་བུད་མེད་དམ་ཡུག་ས་མ་མང་བོ་ཞིག་ཚེ་གང་བོར་གྲོགས་མེད་ཁེར་རྐྱང་དུ་འཚོ་དགོས་པའི་མི་ཆོས་ལམ་སྲོལ་མང་བོས་དམ་པོར་བསྡམས་པས། མི་ལ་ལ་ཞིག་སྐྱེས་ཙམ་ཉིད་ནས་ཡུལ་གྱི་ལུགས་སྲོལ་དང་ནང་མིའི་གནས་བབས་ཀྱིས་གཡོགས་པོར་ཆགས་ནས་ཡོད་ཅིང་། ཡང་རེ་འགའ་ཞིག་དེ་ལས་ལྡོག་སྟེ་མི་བརྒྱའི་དཔོན་དང་མོ་བརྒྱའི་ཁྱོ་གར་གྱུར་ནས་ཡོད་པས་གྲལ་རིམ་སྤྱི་གཞོགས་དང་གྲལ་རིམ་བརྙས་བཅོས་སོགས་ཚད་ལས་བརྒལ་བའི་ནག་ལས་སྣ་ཚོགས་བྱས་པ་ན། “དཔའ་བོས་འདེད་ཚོད་མ་ཟིན་ན་མདུང་སྣེ་བྲག་ལ་ཐོགས”ཞེས་པ་ལྟར་བདེན་པའི་མིག་དང་དཔའ་བའི་གདེང་མངའ་བའི་དཀྱུས་དམངས་སྒེར་བ་སྐོར་རེ་ཡིས་ཚེ་སྲོག་གི་སྒྲོན་མེ་སྦར་ཏེ། ས་ཆེན་ལ་གཞུང་ལམ་བཏོད་ནས་མི་ཚང་མ་འདྲ་མཉམ་ཡིན་པའི་སྐད་ཆེན་བསྒྲགས་ཏེ་དུས་དེ་རིང་ལ་ཐོན་དུས། ཕྱི་དུས་རབས་ཉེར་གཅིག ནང་དུས་རབས་སུམ་ཅུར་བསྙད་པའི་ད་ལྟ་ལ། བརྡ་འཕྲིན་གྱི་དུས་རབས་དང་དཔལ་འབྱོར་གྱི་སྤྱི་ཚོགས་ཞེས་ཁ་གང་མཁས་ལྕེ་སུ་རྣོ་ཡིས་འཛམ་གླིང་འདི་གོང་བུ་ཞིག་ཏུ་བཟོ་ཅི་ཐུབ་ལ་འབད་ཀྱིན་པ་འདྲ་བའི་དེ་རིང་། ཆུང་བྱིས་པ་ནས་རྒན་མགོ་དཀར་བར། འོག་མང་ཚོགས་ནས་གོང་སྲིད་འཛིན་བར་ཚང་མའི་ཁ་ན་རང་དབང་དང་འདྲ་མཉམ། འཆམ་མཐུན་དང་མང་གཙོ་ཟེར་བ་དག་ནི། བསང་ཕུད་ཇ་མཆོད་སོགས་ཀྱི་སྐབས་ཁ་བསྔོས་བྱེད་པ་ལྟར། གང་ན་རིག་གནས་བགྲོ་གླེང་དང་སྤྱི་ཚོགས་དཔྱད་བརྗོད་ཞིག་བྲིས་ཡོད་ན་ཕལ་ཆེར་ཐ་སྙད་འདི་དག་ཁ་ལ་བླངས་མེད་མཁན་ཞིག་མེད་པ་འདྲ། འབྲོག་པའི་གྱོད་བཤད་ཡུལ་ངོས་ཤིག་ལྟར་ཁ་གཡང་དེ་དག་འཐེན་འཐེན་ནས་མདོར་འབབས་ས་ནི། ཕལ་ཆེར་མི་ཞིག་གི་འཚོ་བའི་ཁེག་ཐེག་རེག་མིན་ཙམ་ཞིག་ལ་བབས་ཡོང་བ་འདྲ་སྟེ། “ཅི་ཟེར་གི་གོ་ཏ”རྒྱལ་ཁབ་ག་གེ་མོ་ཞིག་ནས་མི་ཞིག་གི་ཉིན་གཅིག་གི་འཚོ་བའི་ཡོང་འབབས་ཅིག་རེད།

ཡང་ས་གནས་གང་ཞིག་ནས་སློབ་མ་ཞིག་སློབ་ཤོར་བྱས་ཏེ་ད་ལྟ་སྒོར་མོ་མང་བོ་བཙལ་ཐུབ་སོང་ཚུལ་འདྲ་བོ། ཡང་སློབ་མ་ཞིག་གིས་ཞོལ་ལས་བྱས་ནས་ལས་ཀ་མང་བོ་སྒྲུབ་ཏེ་རང་གི་འཚོ་བའི་གནད་དོན་སེལ་སོང་རབས་སོགས། མདོར་ན། འཚོ་བ་དང་མི་ཚེ་འཁྱོལ་སོང་ན། སྒོར་མོ་དང་སྡོད་ཁང་རེག་སོང་ན། ལས་རིགས་དང་བྱ་བའི་བཟང་ངན། འཚོ་གནས་དང་མི་ཚེའི་དོན་སྙིང་ཟེར་བ་སོགས་ཞོགས་སུ་གཡུགས་དང་གཡུགས་ཀྱིན་པ་འདྲ། ཞིབ་ཏུ་བསམ་ན་འདི་ལྟ་བའི་བསམ་པའི་འཁྱེར་སོ་ནི་འུ་ཚང་གི་རིག་གནས་ཐོན་སྐྱེད་ཅིག་རེད་དམ། འདི་འདྲ་བའི་མི་རབས་ཤིག་གིས་སའི་གོ་ལའི་སྟེང་གི་སྲོག་ཆགས་ཁྲི་འབུམ་མང་བོར་མགོ་འཁྲིད་ནས་བགྲོད་ནུས་སམ། ཡང་ན་བསམ་བློའི་ཁོར་ཡུག་འདི་ལྟ་བུའི་ཞིང་སར་གཞན་ཕན་དང་བྱམས་བརྩེ་གཙོས་པའི་བོད་ཀྱི་གཙུག་ལག་རིག་གནས་ཤིག་གི་ལོ་འདབ་རྒྱས་ཐུབ་བམ།

དེ་རིང་གསར་བུ་ཞིག་གིས་ཆང་ཁང་ཞིག་ཕྱེས་ནས་ས་གནས་ཤིག་གི་གཞོན་ནུ་མང་བོར་རྣམ་གཡེང་དང་ནད་ཡམས་མང་བོ་ཁྱབ་ཡོང་བའི་སྟེགས་བུ་ཞིག་བསྐྲུན་བཞག་ན། ང་ཚོས་ཁོའི་ལག་འབབས་ཀྱི་སྒོར་མོ་ཁོ་ན་བསམ་སྟེ་ལས་རིགས་དེ་འགྲིག་ཤག་ཟེར་རྒྱུ་ཡིན་ནམ། སང་ཉིན་འབུམ་རམས་པའི་ལག་རྟགས་འཐོབ་ངེས་པའི་སློབ་བུ་ཞིག་དེ་རིང་སྤྱི་ཚོགས་ཀྱི་ཟ་ཁང་སྦྱིན་བདག་ཞིག་ཏུ་གྱུར་སོང་ན་དེ་ཡང་འགྲིག་ཤག་ཟེར་རམ། འཚོ་བ་སྐྱ་ཟས་སྐྱ་འཐུང་ངང་བསྐྱལ་སྟེ། མི་ཚེ་མིའི་རིགས་ཀྱི་བདེན་དོན་ལ་ཕུལ་ན་ང་ཚོས་ཁོ་ལ་ཁུང་འཛུམ་རེ་འཕངས་ནས་འགྲོ་བརྩིས་ཨེ་ཡིན།

དེ་ལྟར་ད་ནི་ལུགས་གཉིས་གོ་ལྡོག་གི་ཉི་མ་མཁའ་ལ་ཤར་ཏེ། ལེགས་ཉེས་དབྱེ་འབྱེད་ཀྱི་མིག་གཉིས་ལྐོག་ལ་ཞ་ནས། སྲང་གི་གཙང་སྤྱོད་བསྲུང་བ་དང་རི་ནས་ནོར་ལུག་འཚོ་བ་གཉིས་ལས་ཕལ་ཆེར་སྤྱོད་ཁང་བསྲུང་རྒྱུ་དེ་བཟང་ཁ་འདྲ་བོ། ད་དུང་རང་གི་ཤེས་ཡོན་གྱིས་གཞན་པའི་བསམ་བློ་ལ་འོད་སྣང་འགྱེད་ནས་མི་ཚེ་གང་བོར་སློབ་བུ་སྟོང་ཕྲག་ཁ་ཤས་བསྐྱོང་ནུས་པའི་གཞུང་ཞབས་དགེ་རྒན་གྱི་ལས་རིགས་དང་། སྤྱི་ཚོགས་ཐོག་གི་རྐྱལ་སྟོང་དང་སྒོར་ཆེན་ཚོར་ནམ་རྒྱུན་ཁ་ངོ་འཚོས་འཚོས་དང་ལག་པ་བཟེད་བཟེད་ལ་གོམས་པའི་ཆང་ཁང་དང་ནང་མ་ཁང་སོགས་ཀྱི་ཞབས་ཕྱི་བ་དང་སྦྱིན་བདག་རེ་ཡི་གོ་ཐོབ་གཉིས་མཉམ་པོར་འཛིན་གྱིན་པ་སོགས་ཀྱི་སྣང་ཚུལ་ཤིན་ཏུ་མང་སྟེ། ཧ་ཅང་སྒམ་མདོག་དང་ཆེ་མདོག་གིས་“དེང་སང་གཞུང་གི་ལས་བགོས་རྐྱང་རྐྱང་ལ་ལྟ་དགོས་པ་མ་རེད། སྤྱི་ཚོགས་སྟེང་ལས་ཀ་ཤིན་ཏུ་རབ་ཏུ་མང་ནི་རེད། སློབ་གྲྭ་འདོན་རྒྱུ་ནི་ལས་བྱེད་པ་རེག་རྒྱུའི་ཆེད་མིན”རབས་འདྲ་བཤད་པ་ནི་ད་དུང་བསམ་ཤེས་དང་སྔོན་ཐོན་ཡིན་མདོག་ཁ་བོའི་སྐད་ཆར་རློམ་ནས་ཡོད་པ་ནི་ཇི་འདྲའི་སྐྱོ་བ་ལ་ཨང་། ཁོ་བོས་མི་འདི་ཚོར་ཁ་ཕྱིར་འཁོར་ཏེ་ལྡོག་འདྲི་ཞིག་བྱེད་འདོད་པ་ནི། དེས་ན་སློབ་གྲྭ་འདོན་པ་ནི་ལས་རྐང་དང་བྱ་བ་ལ་མ་ལྟོས་པར་རང་ལ་ལག་འབབས་སྒོར་མོ་འཕོན་ཆེན་ཞིག་རེག་རྒྱུའི་དོན་དུ་ཨེ་རེད། ཕྱི་རྒྱལ་གྱི་ཚིག་དུམ་རེ་འཁྱེར་ཡོང་ནས་ཕྱི་ཤུན་དང་ནང་སྙིང་མི་བསྔོག་པར་ཚིག་རིས་ཁོ་ན་ལ་འཇུས་པའི་ཁོ་ཚོ་དྲི་བ་འདི་འདྲ་ཞིག་ལ་ཐུག་སྐབས་ཀྱང་མགོ་བོ་འཕྲུག་འཕྲུག་ཙམ་བྱས་ནས་བསྡོད་པ་ལས་ཐབས་གཞན་ཅི་ཡོད་དེ། མ་གཞི་ནས་ཁོ་ཚོས་བསམ་གཞིག་ནན་ཏན་ཞིག་བཏང་མེད་པས་སོ། །