སྤུན་ཆུང་ལགས། བདེ་བར་བཞུད་ཅིག

   ཁ་སང་སྔ་སེ་ཆུ་ཚོད་བཅུ་དང་སྐར་མ་བཞི་བཅུ་ཙམ་ལ་སྐད་འཕྲིན་གྱི་ཁ་ཕྱེས་པ་ན་གྲོགས་གུ་རུ་རྒྱ་མཚོའི་སྐད་འཕྲིན་གྱི་བར་སྟོང་དུ“ཁ་བ་སྙིང་ལྕགས། ངས་ངག་མི་འཁྲོལ་གི ཚིག་མི་རྡོབ་གི”ཞེས་སྤེལ་འདུག ངས་དེའི་ནང་དོན་གསལ་བོ་མ་གོ་ནའང་སེམས་ཀྱི་ག་ཤེད་ཅིག་ཏུ་འཚུབ་ཆ་ཞིག་ལངས་བྱུང་། འཕྲལ་དུ“ཅི་བྱུང་བ་རེད”ཅེས་དྲིས་པར་ལན་དུ“འདས་བྱུང”ཟེར། ཁོ་བོར་རེ་ཞིག་ཟེར་རྒྱུས་ཕོངས་ཏེ་གྲགས་མེད་དུ་གྱུར། དེ་ནས་ཡུད་ཙམ་གྱིས“ཨ་ཁ་ཨ་ཁ།མདང་ནུབ་ད་དུང་རྒན་མཚོ་སྐྱེས་ངེད་གཉིས་ཀྱིས་ཁོ་གླེང་བ་ཡིན། ད་མ་འགྲིག རྒྱུ་མཚན་གསལ་བོ་ཞིག་ངའི་སྒེར་ལ་བསྐུར་རོགས”ཞེས་བསྐུར་རྗེས་ཡུན་རིང་བོར་ཁ་པར་ལག་ལ་བཟུང་ནས་བསྒུགས་མོད་ལན་ཅི་ཡང་མ་འབྱོར། ངའི་སྦྱར་བྱང་གི་འཕྲོ་ལ་དགེ་རྒན་དཔལ་མོས“ངས་ཀྱང་ད་སོ་མར་ཐོས་ཐལ། ད་མ་འགྲིག་ཟིག ཨ་ཧ་བོ”ཞེས་སྤེལ་འདུག བདག་གི་སེམས་པ་ནི་བློང་བློང་བོར་གྱུར་ཏེ་ཏབ་ཙམ་ལ་ཅི་བྱེད་འདི་བྱེད་མི་ཤེས་པར་གྱུར། ངས་ཚམ་ཚོམ་མེད་པར་སྐད་འཕྲིན་གྱི་བར་སྟོང་ལ“ན་གཞོན་རེ་གཞག་ཅན་ཁ་བ་སྙིང་ལྕགས་ལ་སེམས་ཁོང་རུས་པའི་སྟེང་ནས་མྱ་ངན་ཞུ”ཞེས་སྤེལ་ནས་ཏོག་ཙམ་གྱི་རྗེས་སུ། སྐྱབས་ཆེན་བདེ་གྲོལ་དང་ལྷ་བྱམས་རྒྱལ་སོགས་ཀྱིས་ཅི་བྱུང་གང་བྱུང་གི་གནས་ཚུལ་དྲིས་བྱུང་མོད་ངས་ངས་ཀྱང་གསལ་བོ་ཞིག་མི་ཤེས་གཤེགས་ཟིན་པ་བདེན་པ་རེད་ཅེས་བཤད་པ་ཡིན། དེ་ནས་རིང་བོ་མ་འགོར་སྐད་འཕྲིན་གྱི་བར་སྟོང་དག་ཏུ་རྒྱུ་མཚན་དང་བཅས་པ་གསལ་བོ་བཀོད་འདུག་པས་ཕངས་སེམས་ཀྱི་དབུགས་རིང་ནར་ནུར་དུ་ཤོར། མཐོ་རིས་པོ་འདས་པའི་གནས་ཚུལ་གོ་བའི་སྔོན་དགོང་མོ་ཏག་ཏག་ལ་དགེ་རྒན་མཚོ་སྐྱེས་དང་ངེད་གཉིས་ཀྱིས་ད་དུང་ཁོ་གླེང་མྱོང་། ངས་དགེ་རྒན་མཚོ་སྐྱེས་ལ་དེའི་སྙན་ངག་ཡིན་ན་འདྲ། ལྷུག་རྩོམ་དང་འབོལ་རྩོམ་གང་ལའང་ཐུན་མིན་གྱི་ཁྱད་ཆོས་ཤིག་མངོན་འདུག ཐ་ན་དེའི་ཟིན་ཕྲན་དང་སྐད་འཕྲིན་སོགས་སུ་སྤེལ་བའི་པར་དག་ཀྱང་རང་གཤིས་ལྡན་པ་ཤ་སྟག་རེད་ཅེས་བཤད་པ་ན། དགེ་རྒན་མཚོ་སྐྱེས་ཀྱིས་ཁོ་ནི་ངའི་ཚ་བོ་ཞིག་ཡིན་ཟེར། ངས་དེས་ན་ཤིན་ཏུ་བཟང་། རྗེས་མར་ཟི་ལིང་དུ་ཡོང་ཚེ་འུ་ཚོ་འདུག་ལ་ཁ་བརྡ་ཞིག་བྱེད་ཅེས་བཤད་པར་དེ་ཆོག་གི་ཟེར། ཡིན་ནའང་ད་ནི་དྲན་ཚུལ་ལམ་རེ་བ་དེ་ནི་རང་སེམས་ནས་གསོད་པ་ལས་ཐབས་ཟད།

       མཐོ་རིས་པོ་དང་ངེད་གཉིས་བར་ལ་འབྲེལ་བ་ཟབ་མོ་དེ་ཙམ་མེད། ངས་ཁོ་ཐེངས་དང་པོར་མཐོང་དུས་ནི་དགུ་རོང་སྤུན་གྲོལ་ལགས་ཀྱིས་བསྡུས་པའི་དོན་འགྲུབ་རྒྱལ་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཞིག་གི་སྟེང་དུ་ཡིན། དེ་དུས་ཁོ་ད་རུང་སློབ་མ་ཞིག་རེད། ཁོ་དང་མཉམ་དུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་གཞན་པ་སྐོར་ཞིག་ཀྱང་བསླེབས་འདུག དེ་དག་སུ་ཡིན་རེ་རེ་བཞིན་མི་དྲན་མོད་མཐོ་རིས་པོས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་སོང་། གཏམ་བཤད་འཕྲོ་རིམ་འཕྲོར་སྤེལ་ཏེ་ཁོའི་མགོར་བསླེབས་ཙ་ན། གཟུགས་གཞི་ཅུང་ཐུང་ལ་གདོང་ལ་སྤོབས་ཉམས་དོད་པའི་གསར་བུ་སྙིང་རྗེ་བོ་ཞིག་ཡར་ལངས་ཏེ“ང་ནི་མི་མིན། ང་ནི་ལྷ་མིན། ང་ནི་འདྲེ་མིན། ཐ་ན་ང་ནི་དུད་འགྲོ་ཡང་མིན”ཞེས་སྐད་གསང་མཐོན་པོས་བསྒྲགས་བྱུང་། ངས་ཁོའི་མདུན་ཐད་དུ་བལྟས་པ་ན་སྒྲོག་ཙེའི་སྒང་དུ“ཁ་བ་སྙིང་ལྕགས”ཞེས་མིང་བྱང་ཞིག་བཞག་འདུག དེ་ནས་བཟུང“ཁ་བ་སྙིང་ལྕགས”ཞེས་པའི་གོམས་ལོབས་ཀྱི་སྨྱུག་མིང་འདོགས་སྟངས་དང་མི་འདྲ་བའི་མིང་དེ་ངའི་བློ་ངོར་འབྱམས་སོང་། དེའི་རྗེས་སུ་ཡང་ཐེངས་འགར་འཕྲད་མྱོང་ཡང་ཁ་བརྡ་བག་ལྷོད་པོ་ཞིག་བྱས་པ་མི་དྲན། གཞེས་ནིང་གི་དབྱར་ཁའམ་དགུན་ཁའི་མཚན་མོ་ཞིག་ལ་ངའི་ཆུང་མའི་ནུ་བོ་དང་ཁོ་ཚོ་སྐོར་ཞིག་པེ་ཅིན་དུ་མཉམ་གཅིག་ཏུ་བསྡད་འདུག མཚན་མོ་དེར་ཁོས་ཁ་པར་ལས་བདག་གི་སྙན་ངག་ཅིག་གྱེར་འདོན་བྱས་བྱུང་། སྨྲ་དག་ལ་འབྲུ་གསལ་ཞིང་ཉམས་འགྱུར་གྱིས་ཕྱུག་པའི་སྐད་གདངས་དེ་ད་དུང་ཡང་ངའི་རྣ་ལམ་དུ་གསལ་བོར་གྲག་གིན་འདུག ངེད་གཉིས་ཐུག་ཐེངས་མཐའ་མ་དེ་ནི་ན་ནིང་པད་མ་ཚེ་བརྟན་ལགས་ཀྱི་གློག་བརྙན“གཡང་མདའ”ཟི་ལིང་ནས་སྟོན་དུས་ཡིན། གློག་བརྙན་ལ་བལྟས་ཚར་རྗེས་གྲོགས་བ་བྷེ་ངེད་གཉིས་ཕྱེ་ཐུག་འཐུང་སའི་ཟ་ཁང་ཞིག་ཏུ་དྲོས་ཇ་འཐུང་དུ་ཕྱིན་པ་ན་ཁོ་དང་གྲོགས་གདོན་གཉིས་ཀྱིས་ཀྱང་ཟ་ཁང་དེར་ཟ་མ་ཟ་བཞིན་འདུག ང་ཚོས་ཕན་ཚུན་ལ་འཚམས་འདྲི་སྟབས་བདེ་ཙམ་ཞུས་རྗེས་རང་རང་གི་འདུག་སྟེགས་སུ་བསྡད་ནས་ཟ་མ་ཟོས་པ་ཡིན། འདི་ནི་ང་དང་མཐོ་རིས་པོ་གཉིས་བར་གྱི་མི་ཚེའི་འདིའི་འབྲེལ་འདྲིས་ཀྱི་གོ་རིམ་རགས་ཙམ་ཡིན།

     ད་ལྟ་སྐད་འཕྲིན་གྱི་བར་སྟོང་ཧྲིལ་བོ་མཐོ་རིས་པོའི་གནས་ཚུལ་གྱིས་བཟུང་འདུག མི་མང་པོས་རང་རང་གི་གདུང་སེམས་མཚོན་པའི་རྩོམ་ཡིག་སྣ་ཚོགས་སྤེལ་འདུག མཐོ་རིས་པོ་ནི་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་སྟེ་རང་རེའི་ཕ་ས་ཕ་ཡུལ་གྱི་ཆེད་དུ་གཤེགས་པའི་དཔའ་བོ་ཞིག་ཡིན་པའི་ཆ་ནས། ང་ཚོས་ཁོ་དང་ཁོ་ལྟ་བུ་དག་ལ་ངོ་མ་རྗེས་དྲན་དང་མྱ་ངན་ཞུ་རིན་ཡོད་པ་ཞིག་རེད། དེ་ལས་ཀྱང་ཁོའི་ལག་རྗེས་སྙིང་ལ་བཅངས་ཤིང་རང་རང་ས་ནས་ཁོའི་བསམ་དོན་མངོན་འགྱུར་འབྱུང་བར་འབད་བརྩོན་བྱ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་རེད། རང་ཉིད་ལ་མཚོན་ན་ཡི་གེ་ཤོག་ངོར་ཕབ་མཁན་ཞིག་ཡིན། སྐྱབས་ཆེན་གྱིས་གྲོས་མགོ་བཏོན་པ་ལྟར་འདས་པོ་ཁོང་གི་འདུན་པའི་རྒྱུན་བསྐྱངས་ཕྱིར་བོད་ཀྱི་སྒྲུང་རྩོམ་འབྲི་མཁན་དག་གིས་ཕྱིས་སུ་ཁ་བ་སྙིང་ལྕགས་བྱིས་སྒྲུང་མཐུན་ཚོགས་ཀྱི་མིང་ཐོག་ནས་པར་སྐྲུན་བྱས་ན་ཅི་འདྲ་འདུག་ཅེས་པ་དེར་ཤིན་ཏུ་འཐད་དེ། ཁོ་བོར་མཚོན་ན་དེ་ཙམ་ལས་ཅི་ཞིག་ནུས་ཨང་། གཞན་དུ་དྲ་གྲོགས་ཚོས་མཚོ་སྔོན་པོའི་འགྲམ་དུ་རྡོ་རིང་ཞིག་བསླངས་ན་ལེགས་དང་། མཐོ་རིས་པོ་གཤེགས་ཉིན་ནི་མཚོ་སྔོན་པོ་སྲུང་སྐྱོབ་ཉིན་མོ་གཏན་ཁེལ་བྱུང་ན་ལེགས་ཞེས་བརྗོད་པ་སོགས་ལའང་ཤིན་ཏུ་འཐད་པ་ཡིན། དེ་ཙམ་གྱིས་མཐོ་རིས་པོར་ཕན་ཐོགས་ཅི་ཡང་མི་འབྱུང་ནའང་། དེས་ང་ཚོ་དང་རྗེས་རབས་པ་ཡོངས་ལ་མི་ཡ་རབས་སྙིང་སྟོབས་ཅན་དེ་འདྲ་ཞིག་འཇིག་རྟེན་དུ་བྱོན་མྱོང་བ་ནམ་ནམ་ཞར་ཞར་གསལ་འདེབས་བྱེད་པར་ཕན་ཞིང་། དེས་སྙིང་སྟོབས་ཀྱིས་ཀུན་ལ་ཤན་ཞུགས་པའམ་བཟང་བོའི་ལས་ལ་འབད་པར་ནུས་པ་གདོན་ཐུབ་པར་ཡིད་ཆེས་ཡོད།

      མཐོ་རིས་པོ་བཞུད་སོང་། མཚོ་སྔོན་པོའི་རླབས་ཕྲེང་ལ་བཅིབས་ནས་མཐིང་མདོག་གི་འཇིག་རྟེན་གང་དེར་བཞུད་སོང་། ད་ནས་བཟུང་ཁ་བ་སྙིང་ལྕགས་ཟེར་བའི་བློས་ཐུབ་ཀྱི་སྤུན་ཟླ་ཞིག་འཇིག་རྟེན་དང་རིང་དུ་བྲལ་སོང་ནའང་། ཁོའི་མཚོ་སྔོན་པོ་བཞིན་ནག་ནོག་གི་དྲི་མས་མ་གོས་པའི་འཛུམས་མདངས་དྭངས་མོ་དེ་ངའི་སེམས་ངོར་གཏན་དུ་བརྐོས་ཡོད།

     སྤུན་ཟླ་ལགས། བདེ་བར་བཞུད་ཅིག

     རྣམ་ཤེས་ལ་རང་དབང་འབྱོར་ནས།

     ཁ་བ་ཅན་ལ་ཕེབས་ཤོག

      ཁ་བ་ཅན་གྱི་མཚོ་སྔོན་པོར་ཕེབས་ཤོག

        ཁྲི་སེམས་དཔའ་རུ་འབོད་པས ༢༠༡༥ལོའི་ཟླ༦པའི་ཚེས༢༨གྱི་དགོང་མོར་ཟི་ལིང་དུ་འཚབ་འཚུབ་ངང་བྲིས།

会很好看

ན་གཞོན་ཁ་བ་སྙིང་ལྕགས་ལགས་ཤིན་ཏུ་ཕངས་སོ། །

    དྷི་ལྷ་ལྡན། 

ཁ་བ་སྙིང་ལྕགས་ངེད་གཉིས་ངོ་ཐུག་མྱོང་མེད། འོན་ཀྱང་ཁོང་དང་ན་གཞོན་འགའ་ཞིག་ངས་རྒྱུན་པར་གླེང་གིན་ཡོད། ཁོ་ཚོའི་རྩོམ་ཡིག་ལའང་རྒྱུན་པར་ལྟ་བཞིན་ཡོད། ཁ་སང་གློ་བུར་དུ་གྲོངས་སོང་པ་ཐོས་འཕྲལ་སྐྱོ་བ་ལས་ཀྱང་ཤིན་ཏུ་ཕངས་པ་ཞིག་བྱུང་། ལོ་ཉེར་དྲུག་ལས་མ་རེད་ཟེར། ན་ཚོད་ཕྲ་ཞིང་སྤྱོད་ཡོན་གཉིས་ཀ་སྨིན་བཞིན་པའི་ན་གཞོན་རེ་བ་ཅན་ཞིག གློ་བུར་དུ་འདི་ལྟར་ང་ཚོའི་ལག་ནས་གཏན་དུ་ཤོར་བར་ཕངས་སེམས་ཅི་ལ་མི་སྐྱེ་ཨང་།

མི་ཞིག་ཤི་རྗེས་འུར་བརྒྱབས་ཏེ། ཆུང་ཆུང་ཆེན་པོ་དང་། ཆེན་པོ་མཐའ་མེད་ཅིག་ཏུ་སྒྱུར་བའི་འུ་ཚོའི་ལས་སྟངས་དེར་དེ་ཙམ་དགའ་བོ་མེད་མོད། གླེང་འོས་པ་དག་ནི་ཅིས་ཀྱང་གླེང་བར་རིགས་ཏེ། གཞན་དུ་ན་ང་ཚོས་ཁོང་ཅག་གི་འཇོན་ཐང་དང་། ཚེ་སྲོག སྙིང་སྟོབས། ལག་རྗེས་མཐའ་དག་རྩིས་མེད་དུ་བཏང་བར་མ་ཟད། ཁོ་ཚོའི་ཆེས་མཐའ་མཇུག་གི་བླ་ན་མེད་པའི་ཚེ་སྲོག་དེ་ཡང་རྩིས་མེད་དུ་བཏང་བ་ཡིན་པས་སོ། །

ང་ལ་མཚོན་ན་འུ་ཚོའི་ཆེ་གཉན་དུ་གྲགས་པ་གང་མང་ཞིག་གྲོངས་པ་དེ་ལས་ཀྱང་ན་གཞོན་ཁོ་ཕངས་པ་བྱུང་། དེ་བས་གཞན་དག་ལ་ཕངས་སོ་སྐད་དུ་གྲགས་པ་དག་གི་དོན་དུ་སྡུག་སྨྲེ་གདོན་རྒྱུ་མ་བྱུང་མོད། ཁོང་ཕངས་དྲགས་པས་ཐེངས་མང་གླེང་ཞིང་རྗེས་དྲན་སྤེལ་དགོས་བྱུང་།

ལོ་ན་ཕྲ་ཞིང་རེ་བཞག་ཆེ་བའི་ན་གཞོན་ཞིག་ཡིན་པའི་ངོས་ནས་ཤིན་ཏུ་ཕངས་མོད། ཕྱོགས་གཅིག་ནས་བསམས་ན་ཁོང་འཆི་ལུགས་དེ་ནི་ཤིན་ཏུ་ཡག་བྱུང་། ནམ་ཞིག་ང་ཚོ་ཡང་འཇིག་རྟེན་འདི་ནས་གཏན་ཏུ་བཞུད་དེ་འགྲོ་དགོས་ན། ཉིན་མོ་དེར་རིག་པ་ཉོབ་ནས་མ་ངོ་གཉེན་ངོ་མི་ཟིན་པར་སྡུག་ཤི་བྱེད་པར་མི་འགྱུར་གྲང་། ཁ་ནས་ལབ་རྡོལ་འབྱིན་ཚིག་ངན་ཤོར་ཏེ་མིག་ལ་སྟོན་པར་མི་འགྱུར་གྲང་། ཐ་ན་རང་གི་མི་གཙང་བ་ལའང་བདག་མི་ནུས་པར་ཉལ་ས་རྫོད་ཀྱིན་ཚེ་ཡི་དུས་བྱེད་པར་མི་འགྱུར་གྲང་། འདི་ལྟར་བསམ་ན་སྐབས་རེར་སྔངས་འདར་ཐན་ཐུན་རེ་མི་རྒྱག་པའི་རང་དབང་ཅི། དུས་ཀྱི་སྔ་ཕྱི་ཙམ་ལས་ང་ཚོ་ཡང་ནམ་ཞིག་འཆི་བ་ཟེར་བའི་ལམ་ག་འདི་ངེས་པར་བརྒྱུད་དགོས་པས། ཚེ་མཇུག་གི་ཚེ་སྲོག་རྟ་རྔ་ཙམ་པོ་དེ། འདི་ལྟར་དོན་དང་ལྡན་ཞིང་གཙང་མར་བསྡུ་ནུས་ན་ཤིན་ཏུ་ལེགས་པར་སྙམ།

མང་པོ་ཞིག་གིས་ད་ནི་ང་ཚོས་ཅི་ཞིག་སྒྲུབ་དགོས་ཟེར། དོན་ངོ་མ་བཤད་ན་མང་པོ་ཞིག་གིས་ཁོང་ལ་ཅི་ཡང་སྒྲུབ་མི་སྲིད། ད་ལྟ་འུར་བཞིན་པ་དག་གིས་ཀྱང་སྒྲུབ་མི་སྲིད། ཉིན་ཁ་ཤས་ལ་འུར་རྗེས་སྔར་བཞིན་ཁོ་ཚོ་རང་རང་གི་ལས་ལ་བྲེལ་ནས་རིམ་གྱིས་བརྗེད་འགྲོ་བ་རེད། ཐ་ན་གྲོགས་དང་དགའ་མཛའ་དག་གི་སེམས་ངོ་ནས་ཀྱང་ནམ་ཞིག་རབ་རིབ་མག་མོག་ཅིག་ཏུ་འགྱུར་ངེས། འདི་ནི་སྐྱོ་ལ་སྡུག་པའི་འཇིག་རྟེན་གྱི་ཆོས་ཉིད་རེད།

དེ་བས་ཁོང་གི་ཚེ་སྲོག་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་ཀྱི་སླད་དུ་ཕུལ་བར། ཁོང་གི་གྲོགས་དག་གིས་གཞི་བྱས་ཏེ་རྗེས་དྲན་གྱི་རྡོ་རིང་ཞིག་བཟོ་བར་འབད་རྒྱུ་དེ་སྒྲུབ་འོས་པའི་དོན་ཆེན་གཅིག་རེད།

འགའ་ཞིག་གིས་རྒྱས་བཟང་བསོད་ནམས་དར་རྒྱས་ལྟར་རྡོ་རིང་ཞིག་བཟོ་དགོས་ཟེར་བ་དེར་ཁོ་བོ་ཤིན་ཏུ་འཐད། མ་ཟད་ཟླ་ཕོགས་དང་བྱ་དགའ་ཡི་ལག་འབབ་དམིགས་ཡུལ་ཅི་ཡང་མེད་པར། ལྷག་བསམ་རྣམ་དག་གི་བགྱི་བ་འདིར་རྒྱས་བཟང་བསོད་ནམས་དར་རྒྱས་ལས་ཀྱང་དུང་ཞིང་ལྷག དེ་ལྟར་བྱས་ན་རྗེས་མ་ང་ཚོ་མཚོ་སྔོན་པོའི་འགྲམ་དུ་ཕྱིན་ཚེ། ནམ་རྒྱུན་ཁོང་གི་རྡོ་རིང་ལ་ཁ་བཏགས་བསྒྲོན་ཞིང་། མར་མེ་དང་མེ་ཏོག་ཕུལ་ཆོག

ད་ནི་ཀུན་ཀྱིས་སྡུག་སྨྲེ་བཏོན་པ་ལས་ཀྱང་། ཁོང་ཉེན་མཆོང་འདི་ལྟར་བྱེད་དོན་ཅི་ཡི་སླད་དུ་ཡིན་པ་དང་། ཁོའི་འཆི་རྐྱེན་གང་ཞིག་ཡིན་པ་ལ་བསམ་གཞིགས་གཏོང་གལ་ཆེ།

འདིར་འདས་པོ་ཁོང་གི་པོད་ཕྲན་ནས་ཟིན་ཕྲན་ཁ་ཤས་དྲངས་པར་འདོད་དེ། འདི་ལས་ཁོང་གི་སེམས་ཀྱི་མདང་། ཡིད་ཀྱི་མདོག་མཐའ་དག་མཐོང་ནུས་པར་མ་ཟད། ཁོང་གྲོངས་རྐྱེན་ཡང་སེམས་འདུན་ཤུགས་དྲགས་པོ་འདི་དག་དང་འབྲེལ་ངེས་ཅན་ཡོད་པ་མཐོང་ནུས།

༡ “ལས་ཀྱི་དབང་གིས་གངས་རིའི་ཞོལ་དུ་སྐྱེས།ལས་ཀྱི་དབང་གིས་གདོང་དམར་བོད་དུ་སྐྱེས།ལས་ཀྱི་དབང་གིས་ཕ་ས་གཞན་དུ་ཤོར།ལས་ཀྱི་དབང་གིས་གཞན་ཡུལ་ལུང་པར་འཁྱར།།” ༢ “མཐོ་སྒང་ནི་མི་སྒེར་དང་ཚོགས་པ་སུ་ལའང་དབང་བ་མ་རེད། དེ་ནི་མེས་པོ་གོང་མས་བུ་རབས་ཚ་རྒྱུད་ལ་གནང་བའི་འབོག་སྐལ་དེ་ཡིན་ནོ།།” ༣ “བོད་ཀྱི་ཆ་ས་མང་པོ་ཞིག་ཏུ། ས་ཆ་རང་དུ་སྡོད་པའི་བོད་མི་ཚོའི་མགོ་འཕང་ཇེ་དམའ་དང་། ཕྱི་ཡོང་རྒྱ་མི་དང་ཁ་ཆེ་བའི་མགོ་འཕང་ཇེ་མཐོ་རེད།” ༤ “རྒྱ་སྐྱག་ཚོས་སྐྱིད་པོ་ཞིག་དྲན་འདུག ལྷ་ས་ནས་གཞིས་ཆགས་རྒྱུ་ཡིན་ཟེར། ཇ་འཐུང་ནས་ཉི་མར་ལྡེ་རྒྱུ་ཡིན་ཟེར། བོད་མོ་བཏུ་དགོས་ཟེར། གནའ་ཤི་བོ་ད།” ༥ “རི་ཡི་སྟེང་ལ་གངས་ཀྱི་འདབ་མ་བརྩེགས་པ་དེ་ངའི་ཕ་ཡུལ་ཡིན་མོད། གངས་ཀྱི་འགབ་ལ་ལྕགས་ཀྱི་ལག་པ་བསྲིངས་མཁན་དེ་ཁྱེད་ཀྱི་སྲིད་ཇུས་ཡིན་འདུག”

ཟིན་ཕྲན་འདི་དག་ལས་ཁོའི་སེམས་ཀྱི་ན་ཟུག་ཟབ་མོ་དེ་དང་། ཡིད་ཀྱི་སྡུག་བསྔལ་ལྕི་མོ་དེ་དག་ཅི་བཞིན་མཐོང་ཐུབ་པ་མིན་ནམ། རྒྱས་པར་ལྟ་འདོད་ན་ཁོང་གི་ཟིན་ཕྲན་དག་ཀློགས།

མཐར་སྙིང་ལྕགས་འབུམ་ལགས་བདེ་བར་གཟིམས་ཤིག མཆོག་གསུམ་གྱིས་སྐྱོབ་པར་སྨོན།

2015   6   28

བབབ
 ཁ་བ་སྙིང་ལྕགས་ལ་དྲན་གསོ་ཞུ་སྟངས་ཤིག

སྒོ་ཤེར།

    སྐྱེ་འཆི་གཉིས་ནི་ཚེ་སྲོག་རེ་རེས་མ་བརྒྱུད་ཐུ་མེད་ཀྱི་ཆོས་ཉིད་ཅིག་ཡིན་པས། འཇིག་རྟེན་ཁམས་ཆེན་པོའི་ཁྱོན་གྱི་གྲོག་ཚང་ཁ་བརྡོལ་བ་འདྲ་བའི་སྐྱེ་བོའི་ཚོགས་ལས། ཉིན་ལྟར་གང་ཟག་མང་པོ་ཞིག་འཆི་བདག་གིས་ཞགས་པས་ཟིན་པ་ལྟ་ཅི། བདག་ལ་ངོ་ཤེས་ཀྱི་མི་ཚོགས་ཆུང་ངུ་ཞིག་མཆིས་པ་དེའི་ནང་ནས་ཀྱང་། རྒན་གཞོན་གྱི་གོ་རིམ་མེད་པར་རེ་རེ་བཞིན་གློ་བུར་དུ་མེ་སྟག་ཡལ་ཡལ་བྱས་ཏེ། ཕྱི་མའི་ལམ་དུ་ཆས་ཟིན་པའི་སྐད་ངན་སྐབས་དང་སྐབས་སུ་ཐོས་ཡོང་།

དྲང་མོར་བཤད་ན།  མི་རེ་རེ་གསོན་དུས་ཀྱི་ཕྱག་རྗེས་མི་འདྲ་བ་དང་། འཆི་བའི་རྒྱུ་རྐྱེན་མི་འདྲ་བ། རང་དང་འགྲོགས་འདྲིས་ཆེ་ཆུང་མི་འདྲ་བ་སོགས་ཀྱིས།  ཁོང་ཅག་འཆི་བའི་གཏམ་གྱིས་སེམས་ལ་ན་ཟུག་འབྱིན་སྟངས་དང་། སེམས་སྡུག་ཆེ་ཆུང་ཡང་མི་འདྲ་བ་འོང་གི་འདུག

མདང་དགོང་གློ་བུར་གཤེགས་པའི་ཁ་བ་སྙིང་ལྕགས་ནི། ཁོ་བོ་སྒེར་ལ་མཚོན་ན། ཕན་ཚུན་ངོ་ཤེས་ཤིང་མཉམ་དུ་ཁ་བརྡ་རེ་བྱེད་མྱོང་བ་ཙམ་ལས་འགྲོགས་འདྲིས་ཟབ་པའི་གྲོགས་པོ་དེ་འདྲ་གང་ཡང་མིན།  འོན་ཏེ། ཁོང་གློ་བུར་འདས་པའི་གསར་འགྱུར་དེས་ངའི་ཡིད་ལ་ན་ཟུག་དམིགས་བསལ་བ་ཞིག་བྱིན་སོང་།  དེ་རིང་ཉིན་གང་བོར་གནས་ཚུལ་དེ་ཡིད་ལ་ཡང་ཡང་འཆར་སོང་།

རེད། ཁོང་ནི་རེ་བ་ཤིན་ཏུ་ཆེ་བའི་བོད་ཀྱི་ན་གཞོན་ཤེས་བརྩོན་ཉིས་ལྡན་ཞིག་ལགས་པས། ཕངས་སེམས་ཆེ་བ་ལྟ་ཅི་སྨོས་ཀྱང་རེ་ཞིག་དེའི་སྐོར་མི་གླེང་བར་བྱ། གལ་ཏེ་གླེང་ཚེ།  “ཤི་བོར་བསྟོད་ཅིང་གསོན་པོར་སྡང་བ་བོད་མིའི་རང་བཞིན་རེད”སོགས་ཟེར་ནས་འགའ་རེས་སྡིགས་མོ་བྱེད་ཀྱང་སྲིད།

འོན་ཏེ། ཅིས་ཀྱང་མ་གླེང་ཐུ་མེད་ཀྱི་གནད་གལ་བོ་ཆེ་ཞིག་ཡོད་པ་ནི། བགྲང་བྱའི་ཉག་མ་ཉེར་དྲུག་ལས་མ་སོན་པའི་ན་གཞོན་ཁོང་གི་ཚེ་སྲོག་རིན་པོ་ཆེ་དེ། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱིར་དུ་ཕུལ་བ་དེ་རེད།

དེ་ཡང་མདོ་དབུས་མཐོ་སྒང་གི་སྣོད་བཅུད་ཀྱི་མ་ལག་ནི་མ་གཞི་ནས་གཉོམ་ཞིང་འཇིག་སླ་བའི་སྟེང་། ཕྱོགས་ཟུར་ཀུན་ནས་གཏོར་བརླག་བྱས་ན།  དེ་ནི་བོད་ཙམ་དུ་མ་ཟད།  ཨེ་ཤ་ཡའི་གླིང་སྤྱིའི་འབྱུང་འགྱུར་གྱི་ཕན་བདེ་དང་འབྲེལ་བའི་དོན་གནད་གལ་བོ་ཆེ་ཞིག་ཡིན་ནོ་ཞེས་ད་ལྟ་གཞུང་སྒེར་གཉིས་ཀའི་ཁ་ནས་མ་ཎི་ལྟར་ཟློ་བཞིན་ཡོད། དེ་ལྟར་ཟློ་བཞིན་ཟློ་བཞིན་མདོ་དབུས་མཐོ་སྒང་གི་རི་བོ་དང་སྤང་ལྗོངས། མཚོ་དང་མཚེའུ། རི་སྐྱེས་སྲོག་ཆགས།  ནགས་ཚལ་དང་ཆུ་བོ་སོགས་ལ་ཁྲིམས་འགལ་གྱི་གཏོར་སྐྱོན་གཏོང་མཁན་ཕྱོགས་སོ་སོ་ན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་དོན་ཅི་ཡིན་ནམ།

བོད་ཀྱི་ཡུལ་གྲུ་སོ་སོ་རུ།  མ་ཡུམ་ས་གཞི་ཆེན་པོའི་སྙིང་བཏོན།  མིག་འབྲུས།  ཡན་ལག་བྲེགས་པའི་གནས་སྐབས་དག་ཏུ།   སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་གང་དུ་ཡོད་དམ། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཁུངས་རྣམས་གང་དུ་ཕྱིན་ནམ། ཉེན་རྟོག་པ་དང་བདེ་སྲུང་མི་སྣ་གང་དུ་བྲོས་སམ།  གང་དུའང་ཕྱིན་མི་འདུག་སྟེ།  མ་གཞི་ནས་སྐྱེ་ཁམས་ཁོར་ཡུག་ལ་གནོད་པའི་ལས་ཀྱི་སྦྱོར་བ་འཇིགས་སུ་རུང་བ་དག་ནི། ཞིབ་ཏུ་བལྟས་དུས། ས་ཁུལ་སོ་སོའི་དཔོན་པོ་ཤེད་ཅན་རྣམས་དང་ཚོང་པ་ཧམ་ཅན་ཚོའི་ལག་གདང་མཉམ་སྦྲེལ་གྱིས་བསྒྲུབས་པ་ཤ་སྟག་ཡིན་ཨང་།

རྒྱུ་མཚན་དེའི་ཕྱིར།  རང་རེ་གངས་ཅན་པའི་བྲང་གཞུང་དུ་འཛུམ་པའི་གཡུ་ཡི་མེ་ལོང་དྭངས་མོ་སྟེ། མཚོ་སྔོན་ཁྲི་ཤོར་རྒྱལ་མོ་ཞེས་གྲགས་པ་གང་དེའི་ནང་དུའང་། གང་འདོད་དུ་ཉ་རྒྱ་བཀྲམ་ནས་གསེར་ཉ་འཛིན་པ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ཀྱང་ལོ་ལྟར་བསྟུད་མར་བྱུང་དང་འབྱུང་བཞིན་པའོ། །

ལར་ཁྲིམས་འགལ་གྱི་ལས་སྦྱོར་དེ་དག་འགོག་རྒྱུ་ནི། ལག་ཏུ་སྙུ་གུ་ལས་མེད་པའི་རྩོམ་པ་པོ་ཞིག་གི་འོས་འགན་མ་ཡིན་པར།  མིང་བྱང་རྫིག་པོ་བཀལ་བའི་ལས་ཁུངས་ག་གེ་མོ་དག་གི་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན་ཏེ། ལས་ཀ་དེ་རིགས་བསྒྲུབ་པའི་ཕྱིར་དུ་ང་ཚོས་སྤྲད་པའི་ཁྲལ་དངུལ་གྱིས་ཁོ་བ་དག་གསོ་བཞིན་པ་མ་རེད་དམ།

འོན་ཀྱང་ཁ་སང་དགུང་མོར། མཚོ་སྔོན་པོའི་གསེར་ཉ་རྐུ་མཁན་ཚོས་ལྕགས་ཀྱི་དྲ་རྒྱ་སྣ་ཚོགས་གང་འདོད་དུ་བཀྲམ་སྟེ།   མཐོ་སྒང་གི་མེ་ལོང་ལྟ་བུའི་མཚོ་སྔོན་པོར་བཙན་འཛུལ་དང་དཔུང་འཇུག་བྱེད་ཀྱིན་པའི་དུས་སུ།  རྟག་ཏུ་ཁྲལ་དངུལ་གྱིས་གསོས་པའི་འབྲེལ་ཡོད་ལས་ཁུངས་ཀྱི་མི་ཚོ་ནི། ཆང་གིས་མྱོས་ཤིང་ཤ་ཡིས་འགྲངས་པས། སྔུར་བ་འཐེན་གྱི་ཡོད་ས་རེད། རྨི་ལམ་གཏོང་གི་ཡོད་ས་རེད།  གར་སོང་ཆ་མེད་དུ་གྱུར་འདུག

སྐབས་དེར། རང་གི་ཕ་གཞིས་དང་མ་ཁྱིམ་ལ་ཞེན་ཆགས་ཟབ་ཅིང་། མཚོ་སྔོན་པོའི་སྣོད་བཅུད་ཀྱི་འཇིག་རྟེན་ལ་གནོད་སྐྱོན་གཏོང་གིན་པ་བློས་མ་བཟོད་པའི་ན་གཞོན་ཞིག་གིས།  མཚོ་སྔོན་པོའི་གསེར་ཉའི་ཚེ་སྲོག་བསྐྱབ་པའི་ཆེད་དུ།   གསེར་ཉ་ཁྲི་འབུམ་གྱིས་མི་ཁུག་པའི་རང་ཉིད་ཀྱི་ཚེ་སྲོག་རིན་དོད་དུ་ཕུལ་ནས།  གཏན་དུ་མཚོ་འོག་ལ་འཛུལ་སོང་།

ན་གཞོན་དེ་ཡི་མིང་ལ་ཁ་བ་སྙིང་ལྕགས་ཟེར། ཁོང་ནི་བོད་ཀྱི་ན་གཞོན་སྙན་ངག་པ་དང་། བྱིས་སྒྲུང་རྩོམ་མཁན་ཞིག་ཡིན་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉམས་ལེན་རྣལ་མ་ལྡན་པའི་བོད་མི་ཞིག་ཏུ་ཡང་གྱུར་པ་རེད།

ངའི་རེ་བ་ལ།  སྔར་ཨ་ཆེན་གངས་རྒྱུད་དུ་གཙོད་སྲུང་སྐྱོབ་ཀྱི་ཕྱིར་སྐུ་གཤེགས་པའི་དཔའ་པོ་རྒྱས་བཟང་བསོད་ནམས་དར་རྒྱས་དང་འདྲ་བར།   ཁོང་ལ་ཡང་མཚོ་སྔོོན་པོའི་འགྲམ་དུ་དྲན་རྟེན་རྡོ་རིང་ཞིག་བཞེངས་ན་ཅི་མ་རུང་སྙམ་གྱི་འདུག

ཡུལ་དེའི་རི་དང་། སྤང་ལྗོངས། མཚོ་དང་གསེར་ཉ་བཅས་པ་མཐོང་ས་ཞིག་ཏུ། མཚན་བྱང་རྡོ་ལ་བརྐོས་ནས་དྲན་རྟེན་ཞིག་བཞེངས་ན། ཁོང་ཡང་རང་གི་རྨི་ལམ་གྱི་རྒྱུན་བསྐྱངས་ནས་ལྷོད་པོར་བཞུགས་ཆོག་ལ། རང་རེའི་བུ་རབས་ཚ་རྒྱུད་རྣམས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སད་པའི་གསལ་འདེབས་ཤིག་ཏུ་ཡང་འགྱུར་སྲིད་སྙམ།

༢༠༡༥/༦/༢༧/གྱི་ནུབ་མོར། སྒོ་ཤེར་གྱིས།

བབབསསསས
ཁ་བ་སྙིང་ལྕགས་བུད་སོང་།

— བོད་ཀྱི་ན་གཞོན་རུས་པ་ཅན་ཁ་བ་སྙིང་ལྕགས་ལགས་འདས་གྲོངས་སུ་ཕྱིན་པའི་གཏམ་ཐོས་རྗེས།

གངས་མུ་ཏིག

མདང་དགོང་ཡུལ་གྲོགས་འཛུམ་གྱི་བདག་མོས་ངའི་སྐད་འཕྲིན་གྱི་སྒེར་ཐོག་ཏུ”ཁ་བ་སྙིང་ལྕགས་འདས་སོང་ཟིག་ཟེར་ཀ”ཞེས་པའི་སྐད་ཅིག་བསྐུར་བྱུང་། ཁོ་བོས་དེ་ཡང་བོད་མི་ག་གེ་མོས་ཤོབ་གཏམ་པར་དོགས་ནས་ཕྱིར་ཅི་ཡང་མ་བསྐུར་བར་སོར་བཞག་བྱས་པ་ཡིན། ཁ་སང་ཁོས་ད་དུང་སྐད་འཕྲིན་དུ་ཁོའི་༼འབུ་མེ་ལྕེབས༽སྐོར་ནས་ཡི་གེ་འགའ་བསྐུར་སོང་། དེ་བས་ང་གཏམ་ངན་དེར་ཡིད་མ་ཆེས།༼འུ་ཚོའི་བོད་མི་དག་གནས་ཚུལ་འདིའི་རིགས་རྫུན་བཟོ་བྱེད་པར་དགའ་བས༽

ད་ནངས་སྔ་དྲོར་ཁོ་བོས་གཙོད་གྲོང་གི་བོད་ཡིག་དཔེ་ཁང་ཞིག་ནས་གཉན་གྱི༼རོ་ལངས༽ཁ་ཕྱེ་བར་རྩོམ་དུས་གྲོགས་ལམ་འགྲོ་བས་ཁ་པར་ཞིག་བཏང་བྱུང་། ཁོ་པ་ན་རེ། “གཏམ་དེ་ཨེ་གོ་ཟེར།” ངས་”ཁ་བ་སྙིང་ལྕགས་ཟེར་བ་ཡིན་ནམ”ཞེས་དྲིས་པ་ན། ཁོས་”འོ་ལེ། གཏམ་དེ་བདེན་པར་འདུག་ཟེར།” ད་གཟོད་དོན་དངོས་དེ་མི་འདོད་བཞིན་དུ་དང་ལེན་མི་བྱ་ཐབས་མེད་གྱུར། ཚོད་ཚོད་ལ་སྐྱོ་བ་ཞིག་ཤེད་ཀྱིས་སྐྱེས་པས་གཉན་གྱི་སྙན་དེབ་བླུས་ནས་ཕྱིར་ཉལ་ཁང་དུ་ཕྱིན་པ་ཡིན།ཉལ་ཁང་ནས་སྐད་འཕྲིན་གྱི་སྒོ་ཕྱེས་པ་ན། སྐད་འཕྲིན་གྱི་བར་སྟོང་དུ་སྙན་ངག་པ་ཁོང་དང་འབྲེལ་བའི་སྐད་ཆ་མང་པོ་ཞིག་རླུང་ལྟར་གཡུག་བཞིན་འདུག

སྙན་ངག་པ་ཁོ་པ་ནི་ངའི་གྲོགས་པོ་མིན་ལ་གཉེན་ཉེ་ཡང་མིན། ང་ནི་ཁོང་གི་ཀློག་པ་པོ་ཆུང་ཆུང་ཞིག་ཡིན། ཁོང་གི་སྨྲ་བརྗོད་དང་རྣམ་དཔྱོད། རིགས་ཞེན་དང་སྙིང་སྟོབས་ལ་དགའ་དུང་མོད་པའི་མི་ཞིག་ཡིན། མི་མང་པོ་ཞིག་གིས་ཁོ་རང་ཤེས་མི་སྲིད་དེ། རྒྱུ་མཚན་ཁོང་ནི་ཐོབ་གོ་ས་དང་རྒྱུ་ནོམ་པ་ཅན་ཞིག་མ་ཡིན། མཁས་མིང་འཛིན་པ་དང་གླུ་བའི་རིགས་ཀྱང་མིན་པས་བོད་མི་ཕལ་མོ་ཆེས་ཁོ་རང་ངོ་ཤེས་མི་སྲིད། ཁོ་རང་ངོ་ཤེས་མཁན་དག་ནི་རིགས་ཀྱི་འདུ་ཤེས་བདོག་མཁན་ཤ་སྟག་གོ ། ད་ནི་ཁོ་པ་འདི་ལྟར་གློ་བུར་གློ་བུར་དུ་ང་ཚོ་དང་རྒྱང་དུ་བཀྱེད་པ་ནི་ཅི་འདྲའི་སྐྱོ་འོས་པ་ཞིག་རེད་ཨང་།ཁོ་པ་ནི་རྒྱུ་འབྲས་བློ་མིག་ལྡན་པའི་བོད་མི་རེ་བ་ཅན་ཞིག་ཡིན་ལ། ཁོ་པའི་རྣམ་རིག་ནི་ནམ་ཡང་མི་རིགས་ཀྱི་དོད་དུ་ལྕགས་སྐུད་ལྟར་བསྒྲིམས་ནས་ཡོད།

རྒྱུ་མཚན་ཅིའི་ཕྱིར་སྒལ་ཚིགས་རྣོ་ལྟར་སྲ་བའི་ན་གཞོན་ཚོ་ང་ཚོ་དང་གཏན་དུ་གྱེས་དགོས་སོང་། སེམས་ན་ན་ཟུག་དང་ལུས་ན་སྒལ་ཚིགས་དབེན་པའི་ཅོལ་ཆུང་དེ་དག་གྱེས་མི་ཆོག་པར་ཁྱེད་ལྟ་བུ་གྱེས་དགོས་པ་ཅི་རེད།ཁྱེད་རང་ང་ཚོ་དང་གྱེས་པར་ཕངས་སེམས་རབ་ཏུ་ཆེ་ཨང་།

དུས་ད་ལྟ་ངག་སྒོ་བཙུམ་པའི་གངས་ལྗོངས་ལ་ཁྱེད་ལྟ་བུའི་ན་གཞོན་རྣམ་དཔྱོད་ཅན་ཅི་འདྲའི་མཁོ་ཨང་། ཁ་བ་སྙིང་ལྕགས། ཁ་བ་སྙིང་ལྕགས། ཧི་མ་ལའི་བུ་རྒྱུད་ཁྱོད། ང་ཚོ་དང་གཏན་དུ་གྱེས་ནས་ཞིང་ཁམས་གཞན་ཞིག་ལ་ཆས་དོན་ཅི་ཡིན། ཁྱེད་ཀྱིས་ཕུ་བོ་དྲན་པས་ཡིན་ནམ། ཡང་ན་ཚེ་སྲོག་གི་རྩིས་ཐང་བརྩོན་ལེན་བྱེད་དུ་ཕྱིན་པ་ཡིན། གང་ལྟར། ཁྱེད་རང་ཆས་པར་ང་རང་རབ་ཏུ་ཤིན་ཏུ་ཕངས།

ཁྱེད་ནི་མུན་ནག་གི་གངས་ལྗོངས་ནས་འོད་ཀྱི་སྣང་བ་འཚོལ་མཁན་དེ་ཡིན་ལ།ཁྱེད་ནི་རིགས་ཀྱི་དར་རྒུད་དང་འགྲོ་བའི་རྩིས་ཐང་གླེང་མཁན་དེ་ཡིན།ཁྱེད་རང་འོད་སྣང་ལ་སྨོན་པ་ཁོ་བོས་སྔ་མོ་ནས་ཤེས་ཡོད།དེ་བས་ཁྱེད་རང་འདི་ལྟར་ཆས་པར་འགྱོད་པ་སྐྱེས་མི་སྲིད།ཁྱེད་ནི་མིང་མི་ཤེས་འབུ་མེ་ལྕེབས་ཤིག་མིན་ལ།མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་རེ་བའི་འོད་སྣང་ཞིག་གོ

ཁ་བ་སྙིང་ལྕགས། ཁ་བ་སྙིང་ལྕགས། སྐྱེ་པ་ཕྱི་མར་བོད་དུ་སྐྱེ་བར་ཤོག

༢༠༡༥/༦/༢༧ཉིན་གྱི་ཉིན་གུང་ཉལ་ནས་བྲིས་སོ།།