— ན་གཞོན་རུས་པ་ཅན་ཁ་བ་སྙིང་ལྕགས་ལགས་འདས་པར་མྱ་ངན་ཞུ།

{མཚོ་སྔོན་པོའི་ནང་ན་གསེར་ཉ་མང་། ། ཉ་གསེར་མིག་དུངས་པ་མཚོ་ལ་འཁོར། །}

ཁྱོད་རང་ཐོག་མར་མཐོང་དུས་ལོ་ན་ཉི་ཤུར་མ་སོན་པའི་ན་གཞོན་རང་ཤེད་ཅན་ཞིག་རེད་བསམ་སོང་། ལོ་ཟླའི་ཚེས་གྲངས་ད་ལྟ་དྲན་ཡུལ་ན་གསལ་བོ་ཞིག་མི་འདུག་སྟེ། གནའ་མཁར་ཟི་ལིང་དུ་བསྡུས་པའི་ན་གཞོན་སྐོར་ཞིག་དང་མཉམ་དུ་ཚོགས་ཐོག་ཅིག་ཏུ་འཕྲད་པ་ཡིན། དེ་དུས་ཁྱོད་རང་ཕལ་ཆེར་ནུབ་བྱང་མི་རིགས་སློབ་ཆེན་ན་ཡོད་པ་འདྲ། སྐབས་དེར་ཁྱོད་ཀྱིས་རྩེ་དགོད་དང་འདྲེས་པའི་སྐད་ཆ་རུས་པ་ཅན་ཁ་ཤས་ལབ་རྐྱེན། ང་ལ་དེང་གི་སློབ་ཆེན་པ་མགོ་རུལ་བ་སྣ་ཡིས་མི་ཚོར་བ་དེ་དག་དང་མི་འདྲ་བའི་རེ་བ་གཞན་ཞིག་འཕྱུར་དུ་བཅུག་བྱུང་།

རིམ་གྱིས་ལོ་དང་ཟླ་བའི་རི་ཀླུང་གི་ལྟེབ་ཁུགས་སོ་སོ་ནས། ང་ཚོ་དང་ཁྱོད་ཚོའི་ལང་ཚོ་དང་ལས་དབང་ནི་གཙང་བོ་བཞིན་གང་སར་རླབས་ཕྲེང་གི་ཟིལ་བ་འཐོར་གྱིན་མུ་ནས་མུ་བཞུར་ཞིང་། དགོད་སྒྲ་དང་སྐྱོ་ངལ་གྱི་མེ་དཔུང་དྲག་ཏུ་མཆེད་པའི་བར་སྣང་དེ་དག་ཏུ། ཁྱོད་རང་གཞི་ནས་སྐྱོད་ཀྱིན་པ་ཐོས་ཐེངས་རེར། ང་ལའང་ཁྱོད་དང་འཕྲད་འདོད་ཀྱི་རེ་བ་གང་མང་ཞིག་སྐྱེས་མོད། འོན་ཀྱང་བསམ་ཐོག་ཏུ་མི་འགྲོ་བ་འདི་དག་ལ། ང་ཚོས་ཨུ་ཚུགས་ཆེན་པོས་ལས་དབང་ཞེས་འགྲེལ་དགོས་པར་ཐུག་བྱུང་།

དེ་རིང་། ཁྱེད་རང་ང་ཚོ་དང་གཏན་དུ་གྱེས་སོང་བས། ང་ལ་འཁང་ར་ལྟ་བུའི་ལོག་ལྟ་ཞིག་ཀྱང་སྐྱེ་རུ་བཅུག་བྱུང་། ད་བར་དུ་མཆོད་བཀུར་གྱི་གསེར་སྟེགས་ན་འགྱིང་བའི་ལྷ་གསོན་པོ་ཚོ། ན་གཞོན་རེ་བ་ཅན་དང་སྙིང་རུས་ཅན་འདི་དག་མི་སྐྱོབ་པར་གང་ཞིག་ལ་ཅེར་ནས་བསྡད་ཡོད། སྣང་སྲིད་བདག་གིར་བྱེད་པའི་བོད་སྐྱོང་བརྟན་མ་བཅུ་གཉིས་ཨ། གོ་ཐོས་སུ། དཔའ་བོ་ཁོང་ཉིད་མཚོ་སྔོན་པོའི་ཚེ་སྲོག་གི་ཆེད་དུ་རང་སྲོག་ཤོར་བ་རེད་ཟེར།

དེའི་ཕྱིར་ན། མཚོ་ཆེན་ཁྲི་ཤོར་རྒྱལ་མོར་རང་དགར་རྩེན་པའི་དཀར་ཕྱོགས་སྐྱོང་བའི་ལྷ་དང་ཀླུ་ཡི་དཔུང་ཚོགས། ཁྱོད་ཅག་གི་འཚོ་གནས་ལ་སེམས་ཁུར་དང་སྲུང་སྐྱོབ་བྱེད་པའི་དཔའ་བོ་འདི་དག་ལ་སྲུང་སྐྱོབ་ཨེན་ཙམ་ཡང་མི་བྱེད་པ་ཅིག་ཞིག་གིས་ནོངས་སོང་བ་རེད།  ནམ་རྒྱུན་ང་ཚོ་གཞན་འོག་ནས་གཞན་དོན་དུ་ཤི་འགྲོ་བ་འདི་དག་ཅི་ཞིག་གིས་ལན་སོང་བ་རེད། གང་ལྟར་ང་ཚོ་རང་ཉིད་རང་གིས་སྐྱོབ་དགོས་པ་ལས་གཞན་སུ་གཅིག་གིས་ཀྱང་སྐྱོབ་མི་ཐུབ་པ་འདི་ངེས་པར་ཤེས་དགོས། ཐ་ན་དཀོན་མཆོག་གིས་ཀྱང་སྐྱོབ་མི་སྲིད། 

{མཚོ་སྔོན་པོའི་འདབས་ན་རུ་ཤོག་མང་། ། རུ་སྡེ་བའི་བརྩེ་བ་མཚོ་ལ་འཁོར། །}

 

ཞེས་སྒང་བ་བོད་ཀྱི་མྱི་ཆེན་གྱིས་རྒོངས་ཀར་བྲིས། ༢༠༡༥ ༦ ༢༧