— ཁ་བ་སྙིང་ལྕགས་ལགས་ལ་མྱ་ངན་དུ།

         ལོ་ཟླ་མང་བོ་མང་བོ་ཞིག་གི་རྗེས་སུ་ང་ད་དུང་གསོན་པོར་ཡོད་ན་ངས་དེ་རིང་བཞིན་དབྱུགས་རིང་འགའ་འཐེན་རྗེས་ངས་རང་གི་བུ་ལ་གཏམ་རྒྱུད་ཅིག་བཤད་ངེས་ཡིན། ངས་རང་གི་བུ་ལ་གཏམ་རྒྱུད་འདི་ནི་ཁྱེད་ཀྱིས་གཞན་ལ་ངོམ་ཆོག་ཆོག་གི་ཁྱེད་དང་རིགས་རྒྱུད་གཅིག་པའི་དཔའ་བོ་ཞིག་གི་གཏམ་རྒྱུད་ཡིན་ཁྱེད་ཀྱིས་ཡིད་ལ་ངེས་དགོས་ཞེས་ཏེ་འབུ་མེ་ལྕེབས་ཟེར་བའི་བྱིས་སྒྲུང་ཞིག་ལག་ཏུ་བཞག་སྟེ་བྱིས་སྒྲུང་འདི་ཁྱེད་མ་སྐྱེས་པའི་ཡར་སྔོན་དུ་དཔའ་བོ་དེས་ཁྱེད་ཚོར་བཞག་པའི་དྲན་རྟེན་རེད། དཔའ་བོ་དེ་བྱིས་པ་རྣམས་ལ་ཧ་ཅང་དགའ་ཟེར་ངེས་ཡིན། དེ་ནི་ངས་ཁྱེད་ལ་རྗེས་དྲན་བྱེད་སྟངས་ཤིག་ཡིན་པས་ཁྱེད་ཀྱིས་མཆོག་འཆན་ཡོད་པར་ཞུ། སྙིང་ཉེ་བའི་གསར་བུ་ལགས་ཡ། བདེ་བར་བཞུད་ཅིག

ངས་ནི་ཆ་མེད་རྒྱུས་མེད་ཀྱི་ཁྱེད་ལ་ཤོག་བུའི་ཕྱི་ནང་དང་དྲ་བའི་འཕྲིན་ལམ་རེ་རེ་ནས་ལྐོག་ལྟ་གང་མང་བྱས་པ་ཁྱེད་ཀྱིས་ཤེས་སམ།བདག་གིས་ཁྱེད་ནི་ང་ཚོའི་མི་རབས་འདིའི་སྐྱིད་སྡུག་གླུ་ལེན་པའི་རེ་བའི་ཉི་གཞོན་ཞིག་ཏུ་བལྟས་ཡོད་པ་ཁྱེད་ཀྱིས་ཤེས་སམ།ངས་ནི་གོ་སྐབས་ཤིག་བྱུང་ན་ཁྱེད་ལ་གྲོགས་པོ་སྒྲིག་སྟེ་སྐད་ཆ་མང་བོ་ཞིག་དང་རེ་བ་མང་བོ་ཞིག་ཞུ་རྩིས་ཡོད་པ་ཁྱེད་ཀྱིས་ཤེས་སམ། ཁྱེད་ཀྱིས་ངའི་རེ་འདུན་འདི་དག་ཁྱེད་ལ་ཞུ་དབང་མ་བྱིན་ཨང་། སྙིང་ཉེ་བའི་གསར་བུ་ལགས་ཡ། བདེ་བར་བཞུད་ཅིག

ང་ཚོས་ངེས་པར་བརྒྱུད་དགོས་པའི་སྐྱེ་བ་དང་འཆི་བ་ལ་ད་དུང་སྒུག་རོགས་ཞུ་ས་ཞིག་མེད་པ་ངས་ཀྱང་ཤེས་མོད། འོན་ཀྱང་།ཁྱེད་རང་བཞུད་སྔ་སོང་། བཞུད་སྔ་སོང་བས་དབང་གིས་ང་ལ་འཁར་ར་ཆེ་ཞིང་ན་ཟུག་མང་།ཞེ་རྩ་གདུང་ཞིང་ཡིད་སེམས་སྐྱོ། སྙིང་ཉེ་བའི་གསར་བུ་ལགས་ཡ། བདེ་བར་བཞུད་ཅིག

ཡང་གཅིག་བཤད་ན་འཇིག་རྟེན་འདིར་ཡོང་སྟེ་ཕྱིར་བཞུད་སྔ་བའི་འགྲོ་བ་ཡང་ཤིན་ཏུ་མང་ཡང་།ཁྱེད་ནི་ལ་རྒྱ་དང་སྤོབས་པའི་ཕྱུག་པ་ཞིང་ཤ་ཞེན་དང་སྦྱངས་འབྲས་ཀྱིས་ཕྱུག་པའི་གསར་བུ་ཞིག་ཡིན་པས་ཁྱེད་བཞུད་སྔ་སོང་། དེ་བས་བདག་ནི་ཁྱེད་ཀྱི་ཀློག་པ་པོ་ཆུང་ཆུང་ཞིག་གི་ངོས་ནས་ཞེ་ལྷུག་ཏུ་སྡུག་ཅིང་ཧ་ཅང་ཕངས། སྙིང་ཉེ་བའི་གསར་བུ་ལགས་ཡ། བདེ་བར་བཞུད་ཅིག

                                                          གཙང་ཨ་ཚེ་རུ་འབོད་པས་སྤྱི་ཟླ་༦པའི་ཚེས་༢༨ཉིན།