གླེང་ཙམ་སློང་བ།

(གཅིག)

འུ་ཚོའི་རྒན་པ་(བརྒྱ་ཆ་མང་ཤོས་དང་། དུས་འགྱུར་གྱི་ཆོས་ཉིད་མི་ཤེས་མཁན་དག)དག་གིས་ནི་”གསར་བརྗེ་”ཞེས་པ་རྣ་བས་ཐོས་ཙམ་གྱིས་”ལུག་གིས་སྤྱང་སྐད་ཐོས་པ་”ལྟར། སེམས་པ་འཇིགས་སྣང་གིས་ཁེངས་བཞིན་མཐའ་གཅིག་རྒོལ་པའི་ལས་ལ་འཇུག་པ་དེའོ།། དེ་ཡང་ཞིབ་ཏུ་བསམས་ཤིང་ལྷོད་ཀྱིས་གཞིག་ཚེ། འུ་ཚོའི་རྒན་པ་དག་”གསར་བརྗེ་”ལ་འཇིགས་ཤིང་སྐྲག་པར་ཁག་ཀྱང་ཅི་མཆིས་ཏེ། ཁོ་ཚོའི་བརྒྱུད་པའི་”གསར་བརྗེ་”ནི། མི་རིགས་དང་མི་སྒེར། ཚོགས་པ་དང་ཡུལ་ལུང་། དགོན་སྡེ་དང་གྲོང་ཚོ། དེ་བཞིན་མི་རིགས་ཀྱི་སྲོལ་རྒྱུན་དང་གོམས་གཤིས། ཆོས་ལུགས་དང་རིག་གཞུང་། གྲོགས་དང་ནང་མིའི་མཛའ་བརྩེ་སོགས་ཏེ། མི་རིགས་ཤིག་དང་མི་སྒེེར་གང་ནས་གཞིག་ཀྱང་འདི་ལས་ཆེ་བའི་གྱོང་གུད་དང་། འདི་ལས་ལྷག་པའི་སྐྱོ་གར་ཞིག་གཞར་ཡང་མེད་པའི་ཐན་ལྟས་སྣ་དགུ་མགོ་ལ་འཁྱེར་ཡོང་བའི་”གསར་བརྗེ་”རིགས་ཤིག་ཡིན་ཞིང་། ཁོ་ཚོས་ཤེས་པའི་”གསར་བརྗེ་”ནི། མི་རིགས་ཤིག་གི་ཆོས་ལུགས་རིག་གནས་ཀྱི་བང་མཛོད་མེ་ལ་བསྲེགས་ཤིང་། ཕ་དང་བླ་མའི་ཞལ་ལ་གཅུན་པ་ལྡུག་པའི་མི་རིགས་ལ་གནོད་ཅིང་མི་སེམས་ཚལ་དུ་གཤགས་པའི་ཤ་ཚ་སྙིང་རྗེ་བྲལ་བའི་ལས་སྦྱོར་རིགས་ཤིག་ཡིན། ཁོ་ཚོས་མྱངས་པའི་གསར་བརྗེ་ནི་མིག་གིས་བལྟ་ཉེས་དང་སྐད་ཆ་བཤད་ནོར་གང་ཞིག་གིས། ཏང་དང་གསར་བརྗེའི་ངོ་ལོག་ཏུ་བསྙད་དེ། ཁྲིམས་ར་ཆེན་པོ་ཞིག་གི་སྒོ་ཐེམ་བརྒྱུད་དེ། ཤ་དང་ཁྲག་གིས་གྲུབ་པའི་ལུས་པོ་གང་ལ་རྡོ་དང་ལྕགས་ཀྱིས་གྲུབ་པའི་དངོས་པོ་གང་གིས་མནར་གཅོད་བྱེད་སྟངས་ཤིག་དང་། རང་གི་དད་འདུན་གཙང་མར་བཅོལ་བའི་ཁ་ཏོན་གྱི་ཚིག་འབྲུ་རེ་ཡིས་དམྱལ་བའི་སྡུག་བསྔལ་གྱི་ཉེས་ཆད་འཁུར་དགོས་པའི་རྒྱུ་འབྲས་ལོག་བསྒྲུབ་ཀྱི་བྱེད་སྟངས་རིགས་ཤིག་ཡིན། དེ་བས། རྒན་པ་ཁོ་ཚོ་”གསར་བརྗེ་”འདི་ལ་མི་འཇིགས་གང་ལ་འཇིགས། འདི་ལ་མི་སྐྲག་གང་ལ་སྐྲག་ཨང་། དེའི་ཕྱིར། ཁོ་ཚོས་བརྒྱུད་པའི་གསར་བརྗེ་ནི་ལོག་ལམ་ཤ་སྟག་ཅིག་དང་། སྡུག་བསྔལ་དང་མེད་མུག་གི་ངུ་སྐད་སྒྲོག་པའི་”ལོ་ཟླ་ནག་པོ་”ཞིག་ཡིན་ན། ཆག་སྒོ་དེ་དག་རང་དང་རང་གི་བུ་རབས་ཚ་རྒྱུད་ཀྱི་མགོ་ལ་མི་འོང་པའི་སྨོན་ལམ་རྒྱག་ཅིང་བརྩོན་པ་ལོས་ཀྱང་གནང་སྟེ། གསར་བརྗེའི་ལོ་ཟླ་དེ་དག་དྲན་པ་ཙམ་གྱིས་སྙིང་གཟེར་ཞིང་།བསམ་པ་ཙམ་གྱིས་ངུ་ལུག་པའི་ཡུལ་ཁོ་ན་ཞིག་ཡིན་པས་སོ།།

འོ་ན། ང་ཚོ་ན་གཞོན་དག་ནི། འུ་ཚོའི་རྒན་པ་དག་གིས་བརྒྱུད་ཅིང་མྱངས་པའི་”ལོ་ཟླ་ནག་པོའི་གསར་བརྗེ་”གང་ལ་དགའ་ཞིང་བརྩོན་མཁན་ཡིན་ནམ། རེད་དེ། འུ་ཚོས་རྒན་པ་དག་གིས་བརྒྱུད་པའི་གསར་བརྗེ་གང་ལ་གོ་བ་རགས་ཙམ་ལོན་པ་ཡིན་ན་ནི། ང་ཚོས་སེམས་ཐག་ཆོད་པོས་ལོ་ཟླ་ནག་པོའི་གསར་བརྗེ་གང་ལ་རྒོལ་བ་ཐག་གིས་ཆོད་དེ། གསར་བརྗེ་གང་ལ་རིག་གནས་ཀྱི་རིན་ཐང་དང་མི་གཞི་ཡི་རྩིས་ཐང་སོགས་ཀྱི་དྲི་ཙམ་ཡང་མི་དྲོ་ཞིང་། ཡོངས་ཁྱབ་རིན་ཐང་གི་ལྟ་བ་ཏོག་ཙམ་ཡང་མི་མངའ་བས་ཡིན། དེའི་ཕྱིར། ང་ཚོས་གསར་བརྗེ་ཞེས་ཀི་བཏབ་སྟེ་ནམ་ཞར་ཡང་སྲོལ་རྒྱུན་པའི་དགྲ་པོ་རུ་འགྱུར་དགོས་པའི་གནད་ལ་གཞིག་གལ་མི་ཆེའམ། ཡང་ན། ང་ཚོས་ཁོ་ཚོ་ལ་”སྲོལ་རྒྱུན་གཙང་ཕྱགས་”ཀྱི་ལས་ཀ་གཉེར་གྱིན་མེད་པའི་གསལ་བརྡ་རེའང་གཏང་བ་གནད་ཅིག་མིན་ནམ། གཅིག་བྱས་ན། མའོ་རྒད་ཀྱིས་བསླངས་པའི་གསར་བརྗེ་སྟེ། གངས་རིའི་ཁ་མདོགས་ཁྲག་ལ་བསྒྱུར་བའི་ལོ་ཟླ་ནག་པོའི་གསར་བརྗེ་ཡི་བག་ཆགས་མཐུག་དྲགས་པས། ང་ཚོས་རྒན་པ་ཁོ་ཚོར་གསར་བརྗེའི་ཐད་ནས་གོ་བརྡ་ལར་སྤྲོད་སར་མི་འགྲོའང་ཐང་མོད། ང་ཚོ་ནི་ལོ་ཟླ་ནག་པོའི་གསར་བརྗེ་ལ་བཀྱེད་ཅི་ཐུབ་བྱ་གལ་ཆེ་ཞིང་། ང་ཚོས་བསྐྲུན་འགྱུར་གྱི་གསར་བརྗེ་གང་ལ་ལོ་ཟླ་ནག་པོའི་གསར་བརྗེ་ཡི་དྲི་ཙམ་མི་འགོས་པར་བྱ་དགོས།

དེ་ཡང་། ཧོལ་རྒྱུགས་དང་གསར་ཞད་ཆེ་བའི་ན་གཞོན་ཞིག་གིས།སྡེ་བའི་བསང་ཁྲི་བཤིག་སྟེ་གསར་བརྗེའི་ལས་ལ་ཞུགས་པས། བོད་ཀྱི་འཚོ་གནས་བློ་འབྱེད་པ་སྐུ་ཞབས་བཀྲ་རྒྱལ་ཁོང་གིས་ན་གཞོན་དེར་འཚོ་བའི་ཁྲོད་ཀྱི་བསང་ཁྲི་བཤིག་པ་ལས་”མི་སེམས་ཀྱི་བསང་ཁྲི་”བཤིག་དགོས་པའི་མན་ངག་ཅིག་གནང་པ་མ་ཡིན་ནམ། དེས་ན། གསར་བརྗེ་ཞེས་པ་ལག་གིས་བསྒྲུབ་རྒྱུ་ཞིག་རེད་དམ།

(རྩོམ་ཐུང་འདི་ནི་གསར་བརྗེ་ལོག་ལམ་ལ་འཁྱེར་བའི་རྒྱུ་རྐྱེན་གྱི་སྔ་ལྟས་ཚང་བཞིན་པའི་རང་མཉམ་ན་གཞོན་ཚོར་གྲོས་ཤིག་གི་ཚུལ་དུ་འབྲི་མགོ་བརྩམས་པ་ཡིན་ལ། སྲོལ་རྒྱུན་པར་སྡང་མིག་ཁོ་ནས་བལྟས་ཏེ། ཕ་རོལ་ལ་མི་དང་རིག་གནས་ཀྱི་རྩིས་ཐང་ཡང་མི་སྟེར་བའི་ལང་ཚོ་དང་ཚོར་བ་ལ་ལོ་ཟླ་ནག་པོའི་དྲི་ངན་འཐུལ་གྱིན་པའི་རང་མཉམ་ན་གཞོན་དག་གི་འདུ་ཤེས་སེམས་ཁམས་ལ་བཅོས་བསྒྱུར་དགོས་པའི་རེ་སྐུལ་ཞིག་ཀྱང་བྱས་པ་ཡིན། འོན་ཏེ། ཁོ་བོའི་སེམས་ཁྲལ་ནི་ལྷག་མ་ཞིག་ཀྱང་ཡིན་སྲིད་མོད། ངས་ནི་རང་གི་ཤེས་ཚོད་དང་དཔོག་ཚོད་ཀྱི་མིག་ཟུང་སྤྱད་དེ། གང་དུ་གནད་དོན་ཡོད་ན་དེ་རུ་མཛུབ་མོ་ཀེར་གྱིན་ཡོད་པས། རང་མཉམ་ན་གཞོན་དག་ལ་གུ་ཡངས་བྱེད་མ་ཐུབ་པ་ཡིན་ན། ཁྱེད་ཚོས་བསམ་ཤེས་གནང་པ་གལ་ཆེ།___བྲན་རྒོལ་པ་ཁྲག་ཐིགས་ཀྱིས།)

@སྤྲོ་སྣང་དང་བྲི་འདུན་བྱུང་ཚེ།རྩོམ་ཐུང་འདིའི་མཇུག་བསྐྱང་རྒྱུ་ཡིན་མོད། རང་གཞན་ཀུན་དྲྭ་སྟེང་སྙིགས་ཀྱིས་བཀང་ལ་བྲེལ་བའི་སྐབས་འདིར། རྩོམ་མཇུག་བསྐྱང་མི་ཐུབ་པའམ་དྲྭ་སྟེང་ལ་སྤེལ་བའི་བསྐལ་བ་བྲལ་ཡང་སྲིད།

2014/1/1