དོན་དངོས་མི་གཤིས་ནི་མཛེས་པ་ཞིག་ཡིན་མོད། བཅོས་མའི་རྫུ་བག་གིས་ལྷད་པའི་མི་གཤིས་ནི། ངོ་མ་ཡི་མ་རངས་པའི་གནས་ཤིག་ཏུ་མཐོང་ན། འཇིག་རྟེན་ནི་མི་གཤིས་ཀྱི་མཛེས་པ་རྣལ་མ་ཞིག་གིས་བཟུང་ན་ཅི་མ་རུང་སྙམ་པ་ལ་ཨང་།

ངུར་སྨྲིག་གི་རྒྱལ་མཚན་འོག་ན། གསེར་ནག་གི་སྡོམ་པ་སྲུང་ཞིང་། དམ་ཆོས་ཀྱི་བདུད་རྩི་རོལ་བའི་ཡང་དག་པའི་མྱི་གཤིས་དེ་མེད་ན། མཛོ་ཡི་བརྩེ་དུང་བཞིན་བུ་མོ་དག་དག་གི་སྐད་འཕྲིན་ཀློང་ན་ཨུ་ཚུགས་ཀྱིས་འཛུལ་ཏེ་འདུག་པ་ལས། རིགས་ཀྱི་མྱུ་གུ་ཞིག་བསྐྱེད་པའི་ཕྱོགས་ལ་གོམ་པ་ཞིག་སྤོས་དང་། དེས་མི་དགའ་འམ།

སྙན་ངག་ཡང་དག་ཅིག་འབྲི་མི་ཤེས་ན། སྙུ་གུ་ལག་པར་བཟུང་ནས་སྙན་ངག་པ་ཞིག་ཡིན་ནོ་ཞེས་ཁེངས་སེམས་ཀྱི་མགོ་བོ་མཐོ་དོན་ཅི་ཡིན་ནམ། སྙན་ངག་མ་ཤེས་ན་དེ་ལས་གཞན་པའི་ལས་ཀ་མང་པོ་ཡོད་པས། ངེས་ངེས་རང་གི་གཤིས་ཀ་དང་མི་ཚེ་ལ་ཕན་སྲིད་པའི་བྱ་བ་རེ་འགོ་རྩོམས་དང་། སྙན་ངག་ལ་འགན་ཁུར་མེད་དོ་ཞེས་རང་ཉིད་སྤྱི་ཚོགས་ལས་གཡོལ་དགོས་དོན་ག་རེ་ཡོད་ཨང་།

ཁྱེད་ལ་གླུ་གཞས་ལེན་པའི་མགྲིན་པ་བདེ་མོ་ཞིག་མེད་ན། གཡག་ངུར་བ་འདྲ་བའི་ཨག་རིང་རེ་འཐེན་ཏེ། བརྙན་འཁོར་རེ་བཏོན་པ་ལས། སྨྲ་དག་པའི་སྐད་ཆ་རེ་གཉིས་བཤད་བཞིན་གྲོགས་པོ་ཚོ་དང་མཉམ་འཛོམས་ཀྱིས་འཚོ་ན་སྐྱིད་པ་ལ། གླུ་ལོངས་ཞེས་རྒྱབ་ནས་རྟ་ལྕགས་ཀྱིས་གཞུས་ཏེ་འདེད་མཁན་ཞིག་མེད་དོ་སྙམ།

ཁྱེད་ཀྱིས་ལས་ཀ་ཆུང་ཆུང་ཞིག་ལས་བྱེད་ཀྱི་མེད་ན། ཆེན་པོ་ཆེན་པོ་ཞིག་བྱེད་ཀྱི་ཡོད་ཅེས་སྐད་འཕྲིན་གྱི་གྲོགས་པོའི་ཚོམས་སུ་འགེངས་པར་མི་བྱེད་རོགས། ཁྱེད་ཉིད་ངོ་མི་ཚ་ཡང་ང་ཉིད་ངོ་རབ་ཏུ་ཚ། གོ་གནས་ཆུང་ཆུང་ཞིག་ཆེན་པོ་ཞིག་ཡིན་པའི་འདུ་ཤེས་མ་སྐྱེད། ཁེངས་པའི་མགོ་ཡང་མ་མཐོ། སློབ་སྦྱོང་རན་པོ་ཞིག་མེད་ན། གོ་གནས་རག་ཀྱང་ཆབ་སྲིད་པའི་ལག་ཆར་གྱུར་ཟིན་པ་ཤེས་པར་བྱོས།

རང་ཉིད་དོན་དངོས་གྲོགས་པོ་དག་ལ་མཛའ་བརྩེ་རྣལ་མ་ཞིག་མེད་ན། རང་གི་མི་ཚེའི་ཙམ་པོ་བའི་སླད་དུ་གྲོགས་པོ་གཡོ་འཚོང་མ་བྱས་ན་ཆོག་པ་ལ། རང་གིས་ཁ་རྒྱབ་དང་ལྟོ་དོན་གྱི་ཆེད་དུ་གཞན་གྱི་དཀའ་སྤྱད་དང་སྡུག་རུས་ཆུ་ལ་མ་གཡུགས་རོགས། ཁྱེད་ལ་སྙན་གྲགས་མཁོ་བ་བཞིན་གཞན་ལ་ངོ་སོ་ཞིག་ལོས་དགོས་ཨང་།

ནང་གི་བསམ་བློ་མི་གཙང་བའི་སྒང་ལ། ཕྱིའི་རྣམ་པ་ཡང་དེ་ཙམ་སྙིང་རྗེ་མོ་ཞིག་མེད་ན། ཡོད་མདོག་མདོག་གི་རྣམ་འགྱུར་གྱིས་གང་སར་རྣམ་རྟོག་རྐྱང་རྐྱང་བྱེད་མ་འདུག མི་འགའ་ཞིག་གིས་སེམས་བཟང་གིས་གྲོགས་སྒྲིག་བཞིན་ཡོད་སྲིད་པ་ལས། ཁྱེད་རང་ཤིན་ཏུ་མཛེས་ཤིང་སྡུག་པར་འདོད་ཀྱི་ཡོད་མི་སྲིད་པས། སྐྱག་པ་གསེར་གཟིགས་ཀྱི་འདུ་ཤེས་ལ་དགའ་བ་དེ་ཙམ་མ་སྐྱེས་ན་ཆོག་ཨང་།

ཁྱེད་ང་ལ་དོན་དངོས་གྲོགས་པོ་ཞིག་གི་འདུ་ཤེས་མེད་ན། གདོང་པ་མཐོང་ཡོང་དུས་སྙིང་ཉེ་བའོ་ཞེས་ཁ་ཡག་བཤད་དགོས་མི་འདུག་སྟེ། དབང་ཐང་དང་། དཔལ་ཡོན་མེད་པའི་ང་འདྲ་ནི་གང་ཡང་མིན་པས་ཡིན་ལ། ཅི་ཡང་མེད་པས་ཀྱང་ལོས་ཡིན། འོན་ཀྱང་ངོ་ཐུག་དུས་སྤྲེལ་ལད་བྱེད་པ་བཞིན་སྐད་འཕྲིན་སོགས་ལས་ཀྱང་དེ་བཞིན་ཡིན་ན་ཅི་མ་རུང་སྙམ་ཨང་།

དཔེ་ཀློག་བྱེད་པའི་གོམས་གཤིས་ངོ་མ་ཞིག་མེད་ན། ཡོད་ཅེས་སྐད་འཕྲིན་གྱི་གྲོགས་པོའི་ཚོམས་སོགས་སུ་དེབ་ཀློག་གིན་ཡོད་མདོག་མདོག་གི་པར་སྙིང་ལ་རྗེ་བ་རེ་བཀྲམས་ཏེ། རང་མགོ་རང་གིས་གཡོགས་པའི་བཅོས་མའི་རྣམ་འགྱུར་དེ་ཚོ་བསྐྱུར་ན་མི་ཆོག་གམ། ནམ་ཡང་སློབ་སྦྱོང་གི་གྲུབ་དོན་འཕེལ་འགྱུར་ཞིག་མེད་ན། ཁྱེད་ཀྱིས་དེབ་ཅི་ཙམ་ཀློག་བཞིན་པའི་འབྲས་རྟགས་གསལ་བོར་བཀོད་ཟིན་པ་ཤེས་པར་བྱོས།

མི་རིགས་ཆེད་དུ་ཡིན་ཞེས་ཕྱི་ལ་ཐོན་དུས་སྐད་འབོད་དང་། ཁུ་ཚུར་ག་ཙམ་ཕྱར་ཡང་། ནང་གི་བྱིས་པ་དང་ནང་མི་ཡོད་ཚད་ཀྱི་ཁ་ནས་བཤད་པའི་སྐད་ཆ་ཆག་རོ་དག་དང་། ལག་པས་བྲིས་པའི་ཡི་གེ་ཚེག་མེད་མ་དེ་ཚོས། ཁྱེད་ཀྱི་འདུ་ཤེས་ཁྲོད་ན་བོད་མི་རིགས་ཀྱིས་གོ་གནས་གང་འདྲ་ཞིག་བཟུང་ཡོད་པ་གསལ་བོ་རེད་ཨང་།

ཁྱེད་རང་དག་ཆ་ཡག་པོ་ཞིག་མེད་ན། གཞན་གྱིས་ཞུ་དག་བྱས་པའི་བཀའ་དྲིན་ལ་བསམ་ཤེས་གནོངས་དང་། ཞུ་དག་བྱས་པའི་ཕན་འབྲས་ལ་མི་བསམ་པར་ལྡོག་སྟེ། རླུང་ལངས་དགོས་དོན་ཅི་ཡང་མེད་དེ། མ་ཤེས་མཛུབ་སྟོན་ནི་འོད་གསལ་གྱི་སྒྲོན་མེ་ཉག་གཅིག་མ་ཡིན་ནམ།

ཁྱེད་རང་ངོ་མ་སློབ་སྦྱོང་ལ་ཕུལ་དུ་ཕྱིན་པའི་ཤེས་ཡོན་པ་ཞིག་ཡིན་ན། རང་ལས་དམན་པ་ལ་མཐོང་ཆུང་དང་། མཐོ་བ་ལ་ཕྲག་དོག་གི་འདུ་ཤེས་ལས་གྱེས་ཏེ། མི་ཤེས་པ་ལ་ལམ་སྟོན་དང་། ཤེས་པ་ལ་གོང་བཀུར་གྱིས་སྤྱི་ཚོགས་ལ་མིག་དཔེ་ཡག་པོ་ཞིག་སྟོན་དང་། སྤྱི་ཚོགས་ཀྱིས་རང་བཞིན་གྱིས་ཁྱེད་ཉིད་གནམ་ལ་འགྱོགས་ངེས།

ཁྱེད་རང་དགེ་རྒན་ཞིག་རེད། དགེ་རྒན་ནི་ལམ་སྟོན་པ་ཞིག་རེད། ནམ་ཡང་དགེ་རྒན་ནི་བྱིས་པའམ་གཞོན་ནུ་མང་པོ་ཞིག་གིས་རེ་ལྟོས་བྱེད་ས་ཞིག་རེད། ཁྱེད་ཀྱིས་རེ་ལྟོས་དེ་དག་སྣང་མེད་ཀྱིས་གུང་གསེང་ལ་སྒུག་ཅིང་། ཟླ་ཕོགས་ལ་རེ་ནས་དཔེ་ཀློག་ཐོས་བསམ་སྣང་མེད་དུ་མ་བཞག་ན་ཆོག་པ་ལ། ཁྱེད་ཀྱིས་ཆུ་ཚོད་རེ་རེ་འཕྲོ་བརླག་ཏུ་བཏང་བ་ནི། སློབ་ཕྲུག་རེ་རེའི་མི་ཚེ་ཆུ་ཟོས་སུ་བཏང་བ་རེད་ཨང་།

ཁྱེད་རང་བོད་ཡིག་མཐོ་རིམ་སློབ་གཉེར་ཁང་ཅིག་ཅིག་ན་ཡོད་ཅེས། རྣམ་འགྱུར་སྙིང་ལ་རྗེ་བ་རེ་སྟོན་ཁུལ་བྱེད་མོད། དོན་དམ་པར་རྗེས་འཇུག་ཡི་གེ་ག་ཚོད་ཡོད་པ་དང་། ས་ཡི་རྗེས་སུ་སུ་འཇུག་པའི་གོ་བ་ཡག་པོ་ཞིག་དང་། འགྲེལ་བཤད་ལེགས་པོ་ཞིག་རྒྱག་པའི་སྤོབས་པ་ཨེ་ཡོད། དེ་མེད་ན་མཐོ་རིམ་སློབ་མ་ཡིན་ཞེས་ངོ་ཚ་དགོས་པའི་ཚིག་དེ་ཚོ་མ་སྨྲོས་ཤིག

ཁྱེད་རང་བོད་མི་རིགས་ལ་དགའ་ན་བོད་ཕྲུག་གཙང་མ་ཞིག་སྐྱེད་ཅིག མགོ་སེར་པོ་དང་མིག་ལྗང་ཁུ་ཅན་གྱི་བྱིས་པ་ག་ཙམ་ཞིག་བསྐྱེད་ཀྱང་སྐད་བསྲེ་ལྷད་ཅན་དང་གཅིག་པ་ཡིན་ཙང་། སྐད་བསྲེ་ལྷད་ཅན་གྱིས་མི་རིགས་ལ་ག་ཚོད་གནད་ན་མྱི་བསྲེ་སླད་ཅན་གྱིས་དེ་བཞིན་གནོད་ངེས། སྒོར་རྡོག་འགའ་ལ་བརྟེན་ནས་མི་རིགས་འདི་གད་སྙིགས་སུ་མ་གཡུགས་ན་ཅིས་མི་ཆོག

གྲྭ་པ་ལོག་པ་རེད་ཅེས་སྡང་མིག་བགྲོད་དགོས་དོན་ཅི་ཞིག་ཡོད་དེ། མི་རིགས་ཉམས་རྒུད་དུ་སོང་བ་ནི། གྲྭ་པ་མང་ལ་མི་འབོར་ཇེ་ཉུང་དུ་སོང་བས་ལན་པ་རེད་ལ། དེ་ནི་བཙན་པོ་ཁྲི་དར་མས་གཟིགས་ཤིང་། དཔལ་རྡོར་གྱིས་མ་ཤེས་པའི་བར་གླགས་ནས་ང་ཚོ་ཉམས་པ་རེད། འོན་ཀྱང་གྲྭ་པ་གཅིག་དང་ཡང་ན་བཙུན་མ་གཅིག་ལོག་པ་ནི། བོད་ཕྲུག་གཙང་མ་ཞིག་ས་ཡ་དྲུག་གི་ཁ་སྣོན་དུ་གཏོང་བར་ཆེད་དུ་བྱོན་པ་ཡིན་ངེས་ན། དགའ་བ་སྒོམས་ཤིག

མདོར་བསྡུས་ན། འཇིག་རྟེན་ཁམས་འདི་བཅོས་མས་བཟུང་འདུག་ལ། བཅོས་པའི་འཇིག་རྟེན་ནས། སྐད་ཆ་གང་བཤད་ཀྱང་ལྷད་ཅན་དུ་ངེས་པས། ངས་བཤད་པའི་ཚིག་རྡོག་འདི་ཚོ་ཡང་ངའི་མི་གཤིས་དང་མི་མཐུན་པའང་སྲིད།