1

ཁེ་ཉིན་ཞིག་ལ། ངེད་ཀྱིས་༼རེབ་ཀོང་རུས་མཛོད་ལྟ་བ་མཁའ་ཁྱབ་༽བྱ་བའི་དཔེ་ཆ་དེ་ལ་དག་ཐེར་བྱ་དགོས་པའི་བསམ་ཚུལ་བརྗོད་པ་ལ། ཁ་ཅིག་གིས་དཔེ་ཆ་དེའི་མ་ཡིག་དང་བུ་ཡིག་སོགས་མཐོང་མེད་ན། དེ་ལ་དག་ཐེར་བྱེད་རྒྱུ་ཁེག་པོ་ཡིན་ཚུལ་གྱི་སྐད་ཆ་བཤད་ཡོད་པ་མཐོང་བྱུང་། སྤྱིར་བཏང་ཡིན་ན། སྐད་ཆ་དེ་ལའང་བདེན་ལུགས་མཆིས་ཀྱང་། འོན་ཏེ། ངེད་ཀྱིས་བཤད་པའི་དག་ཐེར་བྱ་བ་ནི། ཅིས་ཀྱང་མ་ཡིག་དང་བུ་ཡིག་སོགས་ལ་བརྟེན་ནས་དག་ཐེར་བྱ་དགོས་པ་དེ་འདྲ་ཞིག་མིན་ཏེ། གཙོ་བོ་ད་ཆར་པར་སྐྲུན་བྱས་ཟིན་པའི་༼རུས་མཛོད༽་དེའི་བརྗོད་བྱར་བརྟགས་ནས་དཔྱད་པ་གཏོང་བ་ལ་ཟེར་བ་ཡིན།
དཔེར་ན། རྒྱ་བཟའ་དགེ་བཤེས་ཀྱིས་བརྩམས་པར་གྲགས་པའི་༼རེབ་ཀོང་རུས་མཛོད་ལྟ་བ་མཁའ་ཁྱབ༽་ལས། ༼མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།༽
གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་སྐབས་སུ་རེབ་གོང་ནས་ཡིན་པའི་ཁོང་གི་སློབ་མ་སྐོར་ཞིག་ལྷ་རམས་པའི་མཚན་བཏགས་བཞེས་ཚུལ་དང་། སྒ་རུ་ལྷ་བཟོ་གཉན་ཐོག་ནས་འཁྲུངས་ཤིང་། སྐུ་ཞབས་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་དངོས་སློབ་ཡིན་ཚུལ་སོགས་བཤད་པ་ལྟ་བུ་རེད། བརྗོད་བྱ་དེའི་རིགས་ལ་ཁྱེད་ཅག་གིས་བཤད་པའི་མ་ཡིག་དང་བུ་ཡིག་སོགས་མེད་ནའང་། དེ་ལ་ལོ་རྒྱུས་ཤེས་བྱའི་རྨང་གཞི་ཙམ་ཡོད་པའི་མི་སུ་ཡིན་རུང་དག་ཐེར་བྱེད་ཐུབ་སྟེ། རྒྱུ་མཚན་ནི། གཉལ་སྟོན་གྱི་སྐབས་སུ་ལྷ་རམས་མཚན་བཏགས་བཞེས་སྲོལ་དེ་ད་དུང་དར་མེད་པ་དང་། སྒ་རུ་ལྷ་བཟོ་གྲགས་ཅན་དེའི་མཚན་ཅི་དང་། བླ་མ་སུ་ཡིན་ཚུལ་སོགས་ཀྱི་གནས་ཚུལ་ནི། སྒ་རུ་ལྷ་བཟོ་རང་ཉིད་ཀྱིས་མཛད་པའི་༼སྔགས་འཆང་འཇམ་དབྱངས་བློ་གྲོས་ཀྱི་རྣམ་ཐར་༽དང་། བིས་པ་མི་ཕམ་ཟླ་བས་མཛད་པའི་༼གཡེར་གཤོང་དགེ་འདུན་ཟླ་གྲགས་ཀྱི་རྣམ་ཐར་༽སོགས་སུ་གསལ་བས་དེར་གཞིགས་ན་གང་བདེན་དང་གང་རྫུན་ཡིན་པ་ཤེས་ནུས་པས་ཅིས་ཀྱང་མ་ཡིག་དང་བུ་ཡིག་སོགས་ལ་བལྟ་དགོས་པ་དེ་འདྲ་ཞིག་ག་ལ་ཡིན།

གལ་ཏེ་ང་ཚོས་ཞིབ་འཇུག་དང་དག་ཐེར་བྱེད་པའི་བརྒྱུད་རིམ་ཁྲོད་ནས་སྐད་ཆ་དེའི་རིགས་ནི་རྫུན་ཡིན་པ་ཤེས་རྟོགས་བྱུང་ཚེ། དེ་ལ་བརྟེན་ནས་དོན་དག་གཞན་མང་པོ་ཞིག་རྫུན་མ་དང་བཅོས་མ་ཡིན་པ་ལྷང་ལ་འབུད་ཡོང་གི་རེད། ངའི་ལག་ཏུ་རྒྱ་བཟའ་དགེ་བཤེས་ཀྱིས་མཛད་ཟེར་བའི་༼རེབ་ཀོང་རུས་མཛོད་༽ཀྱི་ཡིག་ཆ་མི་འདྲ་བ་ལྔ་དྲུག་ཅིག་ཡོད། མང་ཤས་ནི་སྡེ་བ་རེ་རེའི་ལོ་རྒྱུས་ཟུར་དུ་བཏོན་ནས་དཔར་དུ་བཏབ་འདུག་ཅིང་། ལ་ལ་ནི་བྲིས་མ་རེད། ཡིན་ནའང་། ཚང་མའི་རྩོམ་པ་པོའི་མིང་ལ་རྒྱ་བཟའ་དགེ་བཤེས་ཡིན་ཚུལ་བྲིས་ཡོད། ཡིག་ཆ་དེ་དག་ནི་ཧ་ལམ་སྤྱི་ལོ་1997ལོ་ནས་ད་ལྟའི་བར་གྱི་ཡིན་པ་དོན་དག་མང་པོ་ཞིག་གི་ཐོག་ནས་ཤེས་ནུས། དེ་ལྟ་བུའི་གནས་ཚུལ་དུ་མ་ཞིག་ཡོད་ཀྱང་། འདིར་རེ་རེ་ནས་བརྗོད་མི་བདེ་བས་དཔེ་ཙམ་བསྟན་པ་ཡིན།
དེ་བཞིན་དུ། ཁྱེད་ཅག་གིས་བཤད་སྲོལ་ཡིན་ན། རྒྱ་བཟའ་དགེ་བཤེས་ནི་དུས་རབས་བཅོ་ལྔ་པའི་སྐབས་སུ་འཁྲུངས་པ་དང་། རྗེས་སུ་ཁོང་གིས་མཛད་པར་གྲགས་པའི་༼རེབ་ཀོང་རུས་མཛོད་༽ལ་དགེ་བཤེས་འགའ་རེས་ལྷན་ཐབས་བརྒྱབ་པ་ལྟ་བུ་བཤད་འདུག

དེས་ན་ངེད་ཀྱིས་ནི་སྐད་ཆ་དེའི་རིགས་ལ་ལྷག་པར་དུ་ཐེ་ཚོམ་ཟ་དགོས་བྱུང་སོང་། ལོ་རྒྱུས་ཞིབ་འཇུག་པ་ཞིག་ཡིན་ན་ཁོའི་འགན་འཁྲི་ནི། མ་མཐའ་ཡང་རྫུན་མ་དང་བཅོས་མ་སོགས་ལ་དབྱེ་ཞིབ་དང་དག་ཐེར་བྱ་དགོས་པ་ནི་འོས་འགན་ཞིག་རེད། ང་ཚོས་༼རེབ་ཀོང་རུས་མཛོད༽་འདི་ནང་དུ་བཤད་པའི་བརྗོད་བྱ་གང་གང་ཞིག་རྒྱ་བཟའ་དགེ་བཤེས་ཀྱི་ཡིན་ཚུལ་དང་། གང་གང་ཞིག་མིན་ཚུལ་སོགས་ཀྱི་དབྱེ་ཞིབ་དང་དག་ཐེར་བྱ་རྒྱུ་ནི་གལ་ཆེ་བ་ཞིག་མ་རེད་དམ། དེ་ལ་དག་ཐེར་བགྱི་ན་དོགས་སྣང་མི་བདེ་བ་ཡོང་དགོས་དོན་ཅི་ཡོད་སྙམ།

2

གཞན་ངེད་ཅག་གིས་༼རུས་མཛོད་༽དཔེ་ཆ་རྫུན་མ་དེའི་མགོ་ཤོག་དང་བཅས་ངོ་སྤྲོད་མཛད་པ་ལ། དཔེ་བདག་ཡིན་ནམ་གཅིག་གིས་”ཅོལ་ཆུང་ཚོས་ཅི་ཞེ་འདང་རེད། བུ་རྒོད་ན། ལ་རྒྱ་ཡོད་ན་རྒད་པོ་ཚེ་ལོ་འཚོལ་དུ་སོང་”་ཞེས་དོན་མེད་དུ་ངེད་ཅག་ལ་ངན་སྨོད་ཀྱིས་ཀི་འདེབས་ཀིན་ཡོད་པ་མཐོང་བྱུང་། ཁྱེད་ཅག་གིས་དཔེ་སྐྲུན་བྱེད་པའི་དམིགས་ཡུལ་སོགས་ནི་འགོ་བརྗོད་ཀྱི་གླེང་གཞིར་གསལ་བོ་བཤད་ཡོད་པ་མཐོང་བྱུང་ལ། དེ་བཞིན་དུ་ཁྱེད་ཅག་གིས་ད་དུང་རུས་མཛོད་དཔེ་ཆ་འདི་ནི་དངུལ་གྱི་ཆེད་དུ་བཅོས་པའི་རྫུན་ཟོབ་མང་ཙམ་ཡོད་ཚུལ་བཤད་འདུག་པས། དེ་དག་ནི་ཁྱེད་ཅག་གི་ཀུན་སློང་ངོ་མ་དེ་ཡིན་པ་ཤེས་ནས་ངེད་ཅག་གིས་ཀྱང་དཔེ་བདག་སོགས་ལ་ཅི་ཡང་གླེང་མེད། འོན་ཏེ། ཁྱེད་ཅག་གིས་དཔེ་ཆ་དེའི་མགོ་ཤོག་ཆ་ཚང་ཞིག་ཀྱང་འཇོག་མི་ཆོག་ཅེས་བཙན་གཏམ་བསྒྲགས་ན། དེ་ནི་གནས་ལུགས་རྩ་བ་ནས་མེད་པའི་སྐད་ཆ་ཞིག་ཡིན་པས། ངེད་ཀྱིས་ནི་དང་ལེན་བྱེད་དཀའ་འོ་ཞེས་པ་དེ་ཡིན།

ལོ་རྒྱུས་རྫུན་མ་འདི་ལ་དག་ཐེར་བྱ་དགོས།

ལོ་རྒྱུས་རུས་མཛོད་འདིར། རྫུན་མ་དང་བཅོས་མས་བསླད་ཞུགས་པའི་གནས་ཚུལ་ནི་བརྒྱ་ཆའི་ལྔ་བཅུས་ཟིན་འདུག སུ་ཞིག་གིས་དངུལ་མང་ཙམ་སྤྲད་ན་སྡེ་བ་དེར་སྐྱེས་ཆེན་མང་ཙམ་བྱོན་པ་དང་ས་ཁོངས་ཆེ་བར་འགྱུར་བའི་གནས་ཚུལ་ཡོང་གིན་ཡོད་པ་ནི་ལོ་རྒྱུས་རུས་མཛོད་འདིའི་ཁྱད་ཆོས་གཙོ་བོ་རེད། ཆེས་ཡ་མཚར་བ་ཞིག་ནི། རེབ་གོང་ནི་ལྟོས་འཇོག་གིས་བཤད་ན། བོད་ཡིག་གི་ཆུ་ཚད་ཅུང་མཐོ་བའི་བོད་ཀྱི་ས་གནས་ཤིག་རེད། ཡིན་ནའང་། རེབ་གོང་གི་སྡེ་བ་རེ་རེའི་ལོ་རྒྱུས་ཁུངས་འདེད་དང་གཏུག་ས་ནི་ཡིག་རྨོངས་པ་རྒད་པོ་ཞིག་གིས་དངུལ་གྱི་ཆེད་དུ་བཅོས་པའི་ལོ་རྒྱུས་རྫུན་མར་གཏུགས་པ་ནི་ཇི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་། ངེད་ཀྱིས་ནི་རུས་མཛོད་རྫུན་མ་སྒྲིག་མཁན་རྒད་པོ་ཁོ་རང་ལ་ཡིད་ཆད་བྱེད་ཀིན་མེད། དེ་ལ་རོགས་བྱས་ནས་རྫུན་བཟོ་བྱས་པའི་ཤེས་ཡོན་པ་སྐོར་ཞིག་དང་། དེ་རྫུན་མ་ཡིན་པ་ཤེས་བཞིན་དུ་ད་དུང་དེའི་རྗེས་སུ་འབྲང་སྟེ་ལོ་རྒྱུས་རྫུན་མར་བདེན་དཔང་སྤྲད་པ་རྣམས་ལ་དངོས་གནས་ཞེ་མུར་ཞིང་། ཡིད་ཆད་པ་དང་། བློ་ཕམ་གཏིང་ནས་སྐྱེས་པ་ཡིན། ལོ་རྒྱུས་འདི་ནང་གི་ངོ་གདོང་རྫུན་མ་རེ་རེ་བཤུ་དགོས་ཚེ། ད་ཕན་བྲིས་པའི་རེབ་གོང་གི་སྡེ་བ་རེ་རེའི་ལོ་རྒྱུས་འབྲི་མཁན་མི་དུ་མ་ཞིག་ལ་ཕོག་ཐུག་གཏོང་དགོས་པར་ཐུག་ཡོད་པས། བློས་གཏོང་གི་རིན་ཐང་ཡང་ཆུང་ཆུང་མ་རེད། གལ་ཏེ། རེབ་གོང་གི་ཤེས་ཡོན་པ་ཁ་ཅིག་མཉམ་དུ་ལོ་རྒྱུས་རྫུན་མ་འདི་ལ་དག་ཐེར་བགྱི་ན། དེའི་གྲས་སུ་ང་ཡང་ཞུགས་འདོད་ཡོད་ཅེས་སྐད་ཅིག་བཏང་བ་ཡིན།

ཚངས་དབང་དགེ་འདུན་བསྟན་པས།