༼རེབ་ཀོང་རུས་མཛོད་༽ཅེས་དེབ་འདིའི་སྔོན་འགྲོར་༼མཁས་མིང་འཛིན་པ་རེབ་ཀོང་པ་རེ་ཤས་ཀྱིས་རྒན་པོ་ཚེ་ལོ་ལ་ལོ་རྒྱུས་རྫུན་མ་འབྲི་རོགས་བྱས་ནས་ཚུལ་མིན་དངུལ་སྒོར་བསགས་པ་ལ་ཞེ་མེར་༽ཞེས་བཤད་པ་ལྟར་ལོ་རྒྱུས་འདིའི་མ་དག་རྒྱུན་འབྱམས་དང་བཅོས་བསྒྱུར་ངོ་འཛིན་གྱི་ཆ་ལ་ང་ཚོས་དཀྱུས་གཅིག་ཏུ་ངོ་རྒོལ་ཡོད། སྡེ་བ་སུ་དང་སུའི་བར་གྱི་ལོ་རྒྱུས་ལ་འགལ་བ་ཡོད་ན་སྡེ་བ་གཉིས་ཀྱི་འགལ་རྐྱེན་དུ་མི་འཛིན་པར་འདི་གཡོ་བཙོང་བྱེད་མཁན་གྱི་རྒད་པོ་དང་དེའི་ངན་རོགས་ལ་རྩར་གཅོད་གཏང་དགོས། དེ་ལས་གཞན་ལོ་རྒྱུས་རྫུན་བཟོ་འདིར་སྡེ་བ་གང་དང་གང་ལ་བྱེ་བྲག་གི་འགལ་བ་འོང་སའི་གཞི་ས་མཚམས་ཆུ་མཚམས་ལ་ནོར་འཛོལ་བཟོས་ཡོད་ན། སྡེ་བ་དེ་གཉིས་ཀས་འཁོན་འཛིན་དུ་མི་འཁྱེར་བར། ཁ་དཔེར། ༼བྱ་མི་འདེད་ཚང་འདེད་༽ཞེས་པ་ལྟར་རམ། ཡང་ན་ལོ་རྒྱུས་རྫུན་བཅོས་མ་འདི་རྩིས་མེད་དུ་བྱ་རྒྱུ་ལས། སྡེ་བའི་ཞེ་འཁོན་དང་འགལ་རྐྱེན་དུ་ནམ་ཡང་མི་གཏང་རྒྱུ་ཤེས་པ་རྣལ་དུ་གནས་པ་རྣམས་ཀྱི་ལས་ཀ་དང་། མཐུན་འབྲེལ་གྱི་རྨང་གཞི་ཡིན།

ཟུར་མཆན། ལོ་རེ་གཉིས་ཀྱི་སྔོན་དུ་རྒད་པོ་ཚེ་ལོ་དང་༼རེབ་ཀོང་རུས་མཛོད་༽ཅེས་པ་གཉིས་ཁུངས་སུ་བྱས་ཏེ་བྲིས་པའི་ལོ་རྒྱུས་དེབ་ཆུང་ཞིག་གིས་སྡེ་བ་ག་གེ་མོ་གཉིས་ལ་མི་ཤི་རྟ་འགྱེད་ཀྱི་དོན་རྐྱེན་འབྱུང་ཉེ་ལ་གཏུགས་ཀྱང་། རང་རང་ས་ནས་བསམ་ཤེས་བྱས་ཏེ་མཐར་འདུམས་མོད། དེ་དུས་ཀྱི་ཁ་ཆད་ནི་ལོ་རྒྱུས་དེ་རྩིས་མེད་དང་དེ་ཁུངས་སུ་བྱེད་པའི་རྒྱབ་བསྙེས་རྫུན་མ་ས་ཐོག་ཏུ་མི་དགྲམ་རྒྱུ་བྱས་ཀྱང་། སྣང་དག་ཅི་ཡང་མེད་པར་ད་ལྟར་ལོ་རྒྱུས་རྫུན་བཅོས་མ་དེ་མ་བཅོས་སོར་བཞག་ཏུ་བཀྲམ་འདུག་པས། དེ་ལ་བརྟེན་ནས་སྔར་གྱི་རྩོད་ཉོག་དེ་འབྱུང་ཉེ་བ་ན། དོན་འདི་ལ་སུས་འགན་ཁུར་དགོས་སམ། ངེད་ཀྱིས་ཉིན་འགའི་སྔོན་ལ་གསལ་བརྡ་ཐུང་ཙམ་བཏང་བའང་བསྐྱར་དུ་རྩོད་ཉོག་དེ་སྡེ་བ་གཉིས་ཀྱི་བར་དུ་མི་འབྱུང་རྒྱུའི་ཆེད་དུ་བྲིས་པ་ཡིན། སྔར་གྱི་རྩོད་གཞིར་གྱུར་བའི་དེབ་དེ་དང་འབྲེལ་བ་ཡོད་པའི་སྡེ་བ་ག་གེ་མོར་ཐེངས་འདིར་ལན་པ་གཅིག་ཀྱང་མེད་པར་བཤད་འདོད་པ་ཡིན། ཐེངས་འདིར་འགལ་བ་ཞིག་གལ་ཏེ་འབྱུང་བ་ཡིན་ན། སྡེ་བ་དེ་གཉིས་ཀྱི་འགལ་བ་མིན། ལོ་རྒྱུས་རྫུན་བཅོས་མ་འདི་དང་འབྲེལ་ཡོད་དག་ལ་རྩར་གཅོད་བྱ་དགོས།