ལུང་ཡུན་ཐེ། གུ་རུ་འོད་གསལ་གྱིས་བསྒྱུར།

ནང་དགོང་གི་བརྙན་འཕྲིན་གསར་འགྱུར་ལས་མི་ཞིག་གིས་དགོད་ཞོར་དུ”ཁྱོད་ཀྱིས་ཚད་ལྡན་མིན་པའི་བཟོ་གྲྭ་ཡོད་ཚད་ཐེར་འདོན་བྱས་ཡོད་པས་ཚོང་བ་འདི་ཚོས་རྗེས་ཕྱོགས་ཀྱི་ཟ་མ་ཅི་ལྟར་ཟའམ”ཟེར།

ངས་བསམ་ན་སྐྱུག་བྲོ་ཞིང་ཁོང་ཁྲོ་ལངས་པ་ཞིག་རེད་མོད། ངའི་ཁོང་ཁྲོ་ལངས་ཡུལ་ནི་མི་སྣ་འདི་མིན་པར་ཐེ་ཝན་ན་ཁྲི་ཆིག་སྟོང་བརྒྱད་བརྒྱ་ལྷག་ཡོད་པའི་ཉམ་ཆུང་བའི་ཀྲུང་གོ་བ་ཡིན།

ངས་རྒྱུས་ལོན་བྱེད་མི་ཐུབ་པ་ནི་ཀྲུང་གོ་བ་ཁོང་ཁོ་མི་སྐྱེ་བའི་རྒྱུ་མཚན་དེ་རེད།

པོ་ཏི་ཕུའི<<སྡུག་བསྔལ་གྱི་ཚེ་མཇུག>>ཅེས་པའི་དབྱིན་ཡིག་གི་མ་ཡིག་ནང་དུ་ཁོ་རང་ཐེ་ཝན་དུ་བསྡད་པའི་ཉམས་མྱོང་ཚན་པ་ཞིག་ཡོད་དེ།”རླངས་འཁོར་ཞིག་གིས་བྱིས་པ་ཞིག་ལ་རྡུང་ག་བརྒྱབས་ཏེ་ངོ་གདོང་ཁྲག་གིས་ཁེངས་ཡོད་ཅིང་ལམ་འགྲོ་བ་དེ་འདྲ་མང་བོ་ཞིག་ཡོད་ནའང་རྨས་ཕོག་པའི་བྱིས་པ་དེར་རོགས་རམ་བྱེད་མཁན་ཞིག་གམ་རླངས་འཁོར་ཁ་ལོ་བ་དེར་ལེ་བདའ་བྱེད་མཁན་གཅིག་ཀྱང་མི་འདུག”ངས་ཨ་རི་ནས་ཚན་པ་འདི་བཀླགས་པ་ཡིན། སྔོན་ཆད་ངས་ཁ་ཚོན་བཅད་དེ”དཔེ་མི་སྲིད། ཀྲུང་གོ་བ་ནི་རང་རློམ་སྤྲོ་སྣང་གིས་ཁེངས་པ་ཞིག་ཡིན། གནས་ཚུལ་འདི་འདྲ་གཏན་ནས་འབྱུང་མི་སྲིད།”ཅེས་གྲོགས་པོར་བཤད་པ་ཡིན།

ཕྱིར་རང་རྒྱལ་དུ་ལོག་ནས་ལོ་ངོ་གཅིག་འདས་སོང་། ངས་མིག་ཟུང་ཆེ་ཆེར་བགྲད་ནས་ལྟས་པ་ན་པོ་ཏི་ཕུས་བཤད་པའི་དོན་དག་དེ་ཡོད་པ་ཙམ་མ་ཡིན་པར། ཉི་མ་རེ་རེར། ག་ས་གང་དུ་འབྱུང་བཞིན་ཡོད་པའི་འཚོ་བའི་རྒྱུན་ལྡན་གྱི་གནས་བབས་ཤིག་ཡིན་པ་རྟོགས་སོང་། ཐེ་ཝན་དུ་ཆེས་སླ་མོར་འཚོ་གནས་ཐུབ་པ་ནི་བསྲེ་སྦྲང་མ་ཡིན་པར”མི་ངན”ཡིན་ཞིང་། དེ་ནི་ཀྲུང་གོ་བ་བྱ་བར་སྐྲག་ཅིང་སྒེར་སེམས་ཆེ་བས་ཏེ། རལ་གྲི་བཟུང་ནས་མགོ་བོ་མ་བླངས་བར་དུ་མིག་ཟུང་བཙུམ་ནས་རྫུན་གཉིད་བྱ་ཐུབ།

ཁྲོམ་ཚོང་པ་ཚོས་ཁྱེད་ཚང་གི་ཐོག་ཁང་གི་བར་ཁྱམས་བཟུང་ཞིང་། དེ་རུ་མེ་ཁ་གསོས། སླ་ང་དཀྲུས་ནས་བཀྲག་རྩི་མཐུག་པོ་ཞིག་ཆག་ཡོད་ལ། རུལ་དྲི་བྲོ་བའི་ཚལ་ལྡུམ་ཡང་གྱང་བར་དུ་བརྫངས་ཡོད། ནམ་གུང་དུ་ཟ་འཐུང་བྱེད། ཨ་རག་བཞེས། རྩེད་མོར་རོལ་བ་སོགས་ཀྱི་འུར་སྒྲ་དེས་ནི་བྱ་ཕོ་དང་སྒོ་ཁྱི་ཡིན་ཡང་གཉིད་ག་ལ་ཐུབ་ཨང་།

ཁྱོད་རང་ཁོང་ཁྲོ་མི་ལངས་པའི་རྒྱུ་མཚན་ཅི་ཡིན་ནམ། ཁྱོད་ཀྱིས་ཁོ་ལ”མར་སོང”ཞེས་མི་བཤད་པའི་རྒྱུ་མཚན་ཅི་ཡིན་ནམ།

འེ་ཡ། ཟེར་མི་ཕོད་ཀི ཁྲོམ་ཚོང་པ་འདི་ཚང་མ་འཁྱམ་པ་ཡིན་པས། ཁོ་ཚོས་རལ་གྲི་ཁྱེར་ཡོང་ནི་རེད།

དེས་ན་ཁྱོད་ཀྱིས་ཉེན་རྟོག་པ་མི་འབོད་པའི་རྒྱུ་མཚན་ཅི་ཡིན།

ཉེན་རྟོག་པ་དང་ཁྲོམ་ཚོང་པ་ཚོ་ངོ་ཤེས་ཡིན་པས། བཤད་ཀྱང་བཀོད་པ་ཡོད་ནི་མ་རེད། གལ་ཏེ་ཤེས་སོང་དུས། ལུག་ངན་པ་སྤྱང་ཚང་སྒོ་ཁར་སོང་བ་མིན་ནམ།

དེ་བས་བཟོད་སྒོམ་བྱེད་དགོས། གང་ལྟར་ཀྲུང་གོ་བས་བཟོད་སྒོམ་གླེང་བས་ཁྱོད་ཀྱིས་དཔུང་བ་དཀྲུག་དཀྲུག་དང་མགོ་བོ་ལྡེམ་ལྡེམ་བྱས་པས་ཆོག

ཁྲིམས་ལུགས་ཀྱི་ལམ་ལ་བསྐྱོད་པའི་སྤྱི་ཚོགས་ཤིག་གི་ནང་དུ་མི་ལ་ཁོང་ཁྲོ་ལངས་པའི་ཁེ་དབང་ཡོད་དེ། མནར་སྡུག་ཁུར་བའི་ཁྱོད་ཀྱིས་ཐོག་མར་ལག་པ་དཔྱི་སྒང་དུ་བཙུགས་ནས་ཁོང་ཁྲོ་དང་བཅས་ཁྲོམ་ཚོང་པ་ཚོར”མར་ལ་འགྲོ་རོགས”ཞེས་བཤད་ཆོག་ཅིང་། གལ་ཏེ་ད་དུང་མི་འགྲོ་ན་ཉེན་རྟོག་པ་བོས་ཆོག བརྒྱ་ལ་ཉེན་རྟོག་པ་དང་ཁྲོམ་ཚོང་པ་ཚོར་ངན་འབྲེལ་ཡོད་ན་དེ་ལས་ཀྱང་ཚབས་ཆེ་སྟེ། ཁོང་ཁྲོ་འདི་ཆེ་ནས་ཆེ་རུ་གཏོང་དགོས་ཤིང་ཉེན་རྟོག་པའི་སྒྲིག་ལམ་གཙང་སེལ་བྱེད་པའི་བར་དང་ཁྲོམ་ཚོང་པ་ཚོ་ཁྱོད་ཚང་གི་བར་ཁྱམས་ནས་འགྲོ་རེག་བར་དུ་ཁོང་ཁྲོ་ལངས་དགོས། ཡིན་ཡང་ཁྱོད་ཀྱིས་ཅི་ཡང་མི་བསྒྲུབ་པར་དཔུང་བ་དཀྲུག་དཀྲུག་དང་མགོ་བོ་ལྡེམ་ལྡེམ་གྱིས་བག་འཁུམ་པའི་ངང་སྒོ་དང་སྒེའུ་ཁུང་གཏན་ནས་འདུག

ངས་མི་བརྒྱ་ཕྲག་མང་པོ་ཚྭ་མེད་གཙང་བོའི་འགྲམ་དུ་སོང་ནས་ཉི་ནུབ་ལ་རོལ་ཞིང་ཉ་འཛིན་བཞིན་པ་མཐོང་མྱོང་ལ། ཚྭ་མེད་གཙང་བོའི་འགྲམ་དུ་བསྡད་ཡོད་པའི་ཁྱིམ་ཚང་དག་གིས་དྲི་ངན་བྲོ་བའི་གད་སྙིགས་ཁུག་མ་ཁུག་མ་བྱས་ནས་ཆུ་ནང་དུ་འཕེན་བཞིན་པའང་མཐོང་མྱོང་། ཆབ་ཁང་གི་ཆུ་སྦུག་ཐད་ཀར་གཙང་བོའི་ནང་དུ་འཐེན་ཡོད་ཅིང་། གཙང་བོ་བྲུག་པ་ཙམ་གྱིས་དྲི་ངན་གྱི་མཁའ་དབུགས་སྣ་ཁུང་དུ་ཐུལ་ནས་ཐོན་འགྲོ།

གཙང་བོ་ལ་དགའ་བའི་མི། ཡང་ཁྱོད་རང་ཁོང་ཁྲོ་མི་ལངས་པའི་རྒྱུ་མཚན་ཅིི་ཡིན་ནམ།

ཁྱོད་ཀྱིས་སྤོབས་པ་དང་བཅས་འགྱིག་དམ་འཕེན་བཞིན་པའི་ན་གཞོན་དེར་སྐད་ཆེན་པོས”ཁྱོད་ཀྱིས་འཕེན་ཕོད་ན་ངས་ཁྱོད་ཀྱང་འཕེན་རྒྱུ་ཡིན”ཞེས་མི་བཤད་པ་ཅི་ཡིན་ནམ། ཁྱོད་རང་ཁུ་སིམ་སིམ་ངང་དེ་རུ་བསྡད་ནས་ཉ(ཕྲ་ཕུང་ཡོད་ཚད་འབྲས་སྐྲན་གྱིས་ཟིན་པའི་ཉ།)འཛིན་བཞིན་མཆིས་ཤིང་དོ་དགོང་གི་ཉ་ཁུའི་དྲོ་བ་ལ་འདང་རྒྱག་བྱས་མོད། ལོ་ངོ་བརྒྱ་ཕྲག་མང་བོར་ཡང་གཙང་སེལ་བྱེད་མི་ཐུབ་པའི་འགྱིག་དམ་དེ་དག་མ་མཐོང་ཁུལ་བྱེད། ཁྱོད་ཀྱིས་ཉ་འཛིན་བྱེད་ཀྱི་དབྱུག་གུ་དེ་མར་བཞག་ནས་ཡར་ལངས་ཏེ་ཁྱོད་རང་ཧ་ཅང་ཁོང་ཁྲོ་ལངས་པ་ཁོ་ཚོར་མི་བཤད་པའི་རྒྱུ་མཚན་ཅི་ཡིན་ནམ།

ངས་གླ་གཏོང་རླངས་འཁོར་བར་ནས་རྒྱུག་ཅིང་སྔོན་ལ་བུད་དེ་མཇུག་མཐར་གཡས་ཕྱོགས་ཀྱི་གྲུ་ག་ཞིག་ཏུ་བསྡད་ནའང་གཡས་ཕྱོགས་སུ་འགྲོ་རྒྱུའི་ནང་དོན་མིན་པར། གཡས་ཕྱོགས་སུ་འགྲོ་བའི་རླངས་འཁོར་གཤར་མ་དེ་འགག་ཏུ་བཅུག་ནས་བར་ཆད་བཟོ་བསམ་པ་ཡིན། ཁྱོད་རང་དཀྱོག་འཁོར་གྱི་མདུན་དུ་བསྡད་ནས་སྔམ་པ་ཞིག་འཐེན་ཏེ་ཐབས་བཀོད་ཅི་ཡང་མེད་པར་འདོད།

ཁྱོད་རང་ཁོང་ཁྲོ་མི་ལངས་པའི་རྒྱུ་མཚན་ཅི་ཡིན།

འོ། གླ་གཏོང་ཁ་ལོ་བར་གནས་ལུགས་བཤད་མི་རུང་སྟེ། ཚགས་པར་སྟེང་དུ་ཁ་ལོ་བ་ཚང་མས་ལྟེབ་གྲི་བཟུང་ཡོད་ཟེར།

གནད་དོན་ལྟེབ་གྲི་བཟུང་ཡོད་མེད་ཀྱི་སྟེང་ན་མེད་པར་ཁྱོད་ཚོའི་རླངས་འཁོར་གཞན་གྱིས་བཀག་ནའང་མི་གཅིག་སོང་ནས་སྒོ་ཕྱེས་ཏེ། ཐེ་ཚོམ་ཅི་ཡང་མེད་པའི་ངང་ཁོའི་བྱ་སྤྱོད་དེ་འདྲར་ཁོ་ཚོ་ཡིད་འཐད་མེད་པ་དང་ཁྱོད་ཚོ་ཁོང་ཁྲོ་དྲག་ཏུ་ལངས་པ་ཁོར་ཤེས་སུ་འཇུག་དགོས་པ་དེའི་སྟེང་ན་ཡོད་པའོ།།

མཁར་གྲོང་གི་ཉེ་འཁོར་རྒྱུད་ན་སྣོམ་དཀའ་བའི་རྫས་དངོས་འབར་བའི་དྲི་ངན་གྱིས་ཁྱབ་ཡོད་ཅིང་། རྒྱ་མཚོའི་ཉེ་འགྲམ་དུ་སོང་ན་བཟོ་གྲྭ་ནང་གི་མཁོ་མེད་རྒྱུ་ཆ་མང་བོ་བཞུར་ནས་རྒྱ་མཚོའི་ཁ་དོག་ཀྱང་གཞན་ཞིག་ཏུ་བསྒྱུར་ཡོད་པ་མཐོང་ཐུབ། མཚོ་ཁུག་གི་ཚོང་བ་ཆུང་ཆུང་ཚོས་གློག་སྐུད་བསྲེག་པ་དེས་མཚོ་ཁུག་འདི་ནས་བྱིས་པ་ཀླད་མེད་མང་པོ་ཞིག་སྐྱེ་རུ་བཅུག ང་ཚོའི་རྗེས་རབས་པ་སྟེ། མིག་མདངས་གསལ་ཞིང་སྐད་གདངས་འཇམ་ལ། ངོ་མདང་དྭངས་པའི་རྗེས་རབས་པ་ནི་རྫས་འགྱུར་གྱི་གད་སྙིགས་ཁྲོད་ནས་ཆུ་རྐྱལ་བྱེད་དགོས་ཤིང་། ཁོ་ཚོའི་ཁྲག་རྩའི་སྦུབས་སུ་ང་ཚོས་མིང་ཡང་མི་ཤེས་པའི་དུག་རྒྱུ་བཞུར་བཞིན་མཆིས།

ཡང་ཁྱོད་རང་ཁོང་ཁྲོ་མི་ལངས་པའི་རྒྱུ་མཚན་ཅི་ཡིན། ཁྱོད་ཀྱིས་རང་གི་ལག་ཏུའང་བྱིས་པ་ཀླད་མེད་ཅིག་ལྷུང་རེག་བར་དུ་སྒུག་ཅིང་། དེ་ནས་སྐད་ཆ་ཅི་ཡང་མེད་པར་གནམ་རྒན་མ་ཞེས་ངུ་རྒྱུ་ཡིན་ནམ།

ནུབ་གླིང་བ་ཚོ་ཐེ་ཝན་དུ་ལྗོངས་རྒྱུར་ཕེབས་ན། ཁོ་ཚོའི་ཡུལ་སྐོར་སྣེ་ཤན་ཁང་གིས་ཡང་ནས་ཡང་དུ་ཚོང་རའི་ཟ་མ་ཟ་མི་རུང་ཞེས་མངག་བཅོལ་བྱེད་ཅིང་། རབ་ཡིན་ན་ཟ་ཁང་དུའང་མ་འགྲོ། བཏུང་བ་འཐུང་ན་འགྱིག་དམ་ཅན་འཐུང་ཆོག་མོད་ཐེ་ཝན་ས་གནས་སུ་ཐོན་སྐྱེད་བྱས་པ་འཐུང་མི་རུང་སྟེ། ཁོ་ཚོའི་བཏུང་བ་ལ་ཉེན་སྲུང་ཅི་ཡང་མེད་ཟེར།

འདི་ནི་མཛེས་སྡུག་གི་ནོར་བུའི་གླིང་ཕྲན་གྱི་མཚན་སྙན་ཡིན་མོད། ཆེས་གལ་ཆེ་བ་ནི་ང་ཚོ་རང་ཉིད་ཀྱི་བདེ་ཐང་དང་ང་ཚོའི་རྗེས་རབས་པའི་བདེ་ཐང་ཡིན་ཞིང་། དེ་ནས་ད་གཟོད་མཚན་སྙན་ཡིན། འགྲིམ་འགྲིལ་སློབ་ཆེན་གྱི་སློབ་མ་བརྒྱ་ལྷག་གི་ཟ་མར་དུག་ཕོག་པ་འདི་ནི་ངོ་མ་དགོད་གཏམ་ཙམ་ཡིན་སྟེ། ཀྲུང་གོ་བའི་ཚེ་སྲོག་ནི་དེ་འདྲའི་རིན་ཐང་མེད་པ་ཞིག་ཡིན་ནམ། དཀའ་སྡུག་གང་མང་གི་ཁྲོད་ནས་མི་འགའ་ཁོང་ཁྲོ་ལངས་ཏེ་འཛད་སྤྱོད་པའི་ཚོགས་པ་ཞིག་རྩ་འཛུགས་བྱས་ནའང་། ད་ལྟ་ཡང་བསྐྱར་མིང་ཡོད་དོན་སྟོང་གི་འཕྲོད་བསྟེན་ཁང་ཞིག་དང་མི་ཅི་འདྲ་ཞིག་ལ་ནན་སྐུལ་བྱེད་དགོས་མི་ཤེས་པའི་ཁྲིམས་འཛུགས་ཨུ་ཡོན་གཉིས་ཀྱིས་བྱ་བ་ཆེན་པོ་ཅི་ཡང་འགྲུབ་མེད་པའི་རྩ་འཛུགས་འདི་མེད་བརླག་གཏོང་རྒྱུ་རེད།

ཁྱོད་རང་ཁོང་ཁྲོ་མི་ལངས་པར་འདུག་ཐུབ་བམ། ཁྱོད་རང་རྒྱུ་འབྲས་མེད་པར་གྲུ་ག་གང་ཞིག་ཏུ་སྦས་སྐུང་བྱས་ཏེ་ཁ་མི་གྲགས་པའི་མི་མང་གི་ཕྱོགས་སུ་བསྡད་ན་ཁྱོད་ཀྱིས་རང་ཉིད་མི་བཟང་ཞིག་ཏུ་འདོད་དམ། ཡིན་ཡང་ཁྱོད་རང་ཁོང་ཁྲོ་མི་ལངས་པ་དང་ཁྱོད་ཀྱིས་བཟོད་སྒོམ་དང་ཕྱིར་ནུར་བྱས་པ་དེས་ཁྲོམ་ཚོང་པ་ཚོས་ཁྱོད་ཚང་ཁྱིམ་སྟོང་དུ་གྱུར་བའི་སྒོ་ར་ཞིག་ཏུ་བསྒྱུར་ཡོད། དེ་བས་ཐེ་པེ་ཡི་འགྲིམ་འགྲུལ་ཡོད་ཚད་དུ་སྨུག་གིས་བཟུང་ཞིང་ཚྭ་མེད་གཙང་བོ་ནི་རྒྱུ་ཉོག་ཅིག་ཡིན་ལ། ཁྱོད་ཀྱིས་སྐད་ཆ་མ་བཤད། མི་ལ་མ་སྡུག བསམ་འཆར་མ་བཏོན་པས་རང་གི་སྙིང་ནས་བྱམས་པའི་གཅེས་ཕྲུག་གིས་ཀྱང་ཉིན་རྒྱུན་དུ་རྫས་འགྱུར་གྱི་དུག་རྒྱུ་འཐུང་བཞིན། ཟ་བཞིན། རྔུབ་བཞིན་ཡོད། ཁྱོད་ཀྱིས་ད་དུང་ཁོ་རང་སློབ་ཆེན་མཐར་སྟེར་བའི་ཉི་མ་དེར་སྒུག་ནས་འདུག ཁྱོད་ཀྱིས་བརྗེད་སོང་ངམ། ལོ་འགའི་སྔོན་དུ་སྐམ་སའི་ལྷོ་ཕྱོགས་སུ་སྦྲུམ་མ་མང་པོ་ཞིག་གིས་ཟླ་དགུ་ཞག་བཅུར་ལུས་སུ་ཁུར་ཞིང་། ཁོ་ཚོས་ཀྱང་མིག་ཟུང་བཙུམ་སྟེ་རང་གི་གཅེས་ཕྲུག་ནར་སོན་པའི་ཉི་མ་དེར་རེ་སྒུག་བྱས། ཡིད་ལའང་མ་དྲན་པ་ཞིག་ལ་ཁོ་ཚོས་ཟན་སྣུམ་ཅུང་ཙམ་ཟས་པ་དེས་བྱིས་པ་བཙས་མ་ཐག་ནས་ཞ་ར་དང་ནག་པོ་རུ་བསྒྱུར་ཚར་འདུག

ཁྱོད་ཀྱིས་རང་ཉིད་ནི་སློབ་ཆེན་དགེ་རྒན་ཡིན་པས་ཞིབ་འཇུག་བྱེད་རྒྱུ་གལ་ཆེན་རེད་མ་བསམ་ལ། ཁྱོད་ཀྱིས་རང་ཉིད་ནི་ཕག་གསོད་མཁན་ཞིག་ཡིན་པས་རང་གི་སྐད་ཆར་ཉན་མཁན་མེད་པར་ཡང་མ་འདོད། ཁྱོད་ཀྱིས་རང་ཉིད་ནི་སློབ་མ་ཞིག་ཡིན་པས་སྤྱི་ཚོགས་ལ་དོ་དམ་བྱེད་པའི་ཐོབ་ཐང་མེད་པར་དེ་བས་ཀྱང་མ་འདོད། དེ་རིང་ཁྱོད་ཁོང་ཁྲོ་ལངས་ནས་ཡར་ལངས་ཏེ་སྐད་ཆ་མ་བཤད་ན། ནངས་སྔ་ཁྱོད་དང་ང་། ད་དུང་ང་ཚོའི་རྗེས་རབས་པ་རྣམས་ཁ་མི་གྲགས་པའི་བློས་གཏོང་མཁན་དང་གནོད་མྱོང་མཁན་དུ་འགྱུར་དགོས་ཤིང་། གལ་ཏེ་ཁྱོད་ལ་བློ་སྤོབས་དང་རྒྱུ་འབྲས་ཡོད་ན། ཁྱོད་རང་ད་ལྟ་ཁྲིམས་འཛུགས་ཨུ་ཡོན་དང་འཕྲོད་བསྟེན་ཁང་། ཁོར་སྲུང་ཁང་བཅས་སུ་སོང་ནས༼ངས་བཟོད་མི་ཐུབ་སྟེ། ང་ཧ་ཅང་ཁོང་ཁྲོ་ལངས།༽ཞེས་བཤད་དགོས།

ཁྱོད་ཀྱིས་ངེས་པར་དུ་སྐད་མཐོན་པོ་བྱས་ནས་བཤད་དགོས།

༡༩༨༤ལོའི་ཟླ༡༡པའི་ཚེས༢༠ཉིན<<ཀྲུང་གོའི་དུས་བབ་ཚགས་པར།༼ མི་ཡུལ། ༽>>ལས་དྲངས།

༢༠༡༥ལོའི་ཟླ༨པའི་ཚེས༣༠ཉིན་མཚོ་སྔོན་པོའི་འགྲམ་དུ་བསྒྱུར།     མུ་སྤེལ།