@ རོང་བོ་གངས་དཀར་གྱིས་བསྒྱུར།

དུས་རབས་བཅུ་དགུ་བའི་དུས་དཀྱིལ་དུ་ཨ་རིའི་གཉུག་མའི་མི་རིགས་ཨེན་ཊི་ཨེན་པ(Indians)ལ་ཡོ་རོབ་ཀྱི་མི་དཀར་གྱིས་བཙན་འཛུལ་ཐེབས། སྐབས་དེའི་སྲིད་འཛིན་ལས་ཐོགས་པ་ཧྥུ་རན་ཁུ་ཕེར་སི(Franklin Pierce)ནས་འཕྲིན་ཡིག་བཏང་འོངས་ནས་བཙན་གྱིས་ཨིན་ཊི་ཨེན་པའི་ས་ཞིང་དབྱིན་མུའུ་ཁྲི་ཉིས་བརྒྱ་ཉོ་བར་ཐག་བཅད་ཟིན་པ་རེད། གཅིག་ན་སྐབས་དེར་ཡོ་རོབ་ཀྱི་མི་དཀར་དང་ཨིན་ཊི་ཨེན་པའི་གཉིས་བར་གྱི་འཐབ་རྩོད་མཇུག་སྒྲིལ་ལ་ཉེ་བ་དང་། གཉིས་ནས་དགྲ་བོའི་སྟོབས་ཤུགས་དང་། མེ་མདའ་མེ་སྒྱོགས་བཅས་ལ་རྒོལ་མི་ནུས་པ་བཅས་ཀྱི་དབང་གིས་ཚོ་དཔོན་སཱི་ཡ་ཐུའུ(Seattle)ནས་མི་དཀར་གྱི་རེ་བ་ཁས་ལེན་བྱས། ཚོ་དཔོན་གྱིས་སྲིད་འཛིན་ལ་ཕྱིར་བཏང་བའི་ཡི་གེའི་ནང་དོན་འདི་ལྟར།

 སྲིད་འཛིན་གྱིས་ཝ་ཤིན་ཊོན་ནས་འཕྲིན་ཡིག་སྐུར་འོངས་ཏེ་བརྗོད་གསལ་ལ་ཁོས་ང་ཚོའི་ས་ཆ་ཉོ་རྩིས་བྱེད་འཆར་འདུག ཡིནའང། ས་ཆ་དང་། བར་སྣང་། ཆུ་བོ་སོགས་ཇི་ལྟར་ཉོ་འཚོང་བྱེད་དགོས་སམ། བསམ་ཚུལ་འདི་ནི་ང་ཚོར་མཚོན་ན་དངོས་གནས་བློ་ངོར་མི་ཤོང་བ་ཞིག་རེད། མཁའ་དབུགས་སོས་པ་དང་འོད་འཚེར་བའི་དབའ་རླབས་དེ་ཚོ་ང་ཚོ་ཁོ་ནར་གཏོགས་པ་ཞིག་ག་ལ་ཡིན། དེ་ཚོར་ཇི་ལྟར་ཉོ་འཚོང་བྱེད་དགོས།

ང་ཚོའི་མི་དམངས་ལ་མཚོན་ན་གནས་འདིའི་ས་སོར་མོ་གང་ཡང་ཧ་ཅང་རྩ་ཆེན་པོ་ཡིན། གསོམ་ཤིང་གི་ལོ་མ་གཅིག་གམ། རྒྱ་མཚོའི་འགྲམ་གྱི་བྱེ་ཟེགས་འཆང་གང་ངམ། ནགས་སྐེད་ལ་འཁྱིལ་བའི་སྨུག་དུམ་གཅིག་གམ ཡང་ན་ཞོགས་པའི་ཟིལ་བ་དྭངས་མོ་དང་། སྐད་ཅོར་འདོན་པའི་བྱ་བྱེའུ་འབའ་འབུ་སོགས་གང་ལ་མཚོན་ཀྱང་ང་ཚོའི་མི་དམངས་ཀྱི་སེམས་དང་བསམ་པའི་སྟེང་ན་ཧ་ཅང་བྱིན་སྟོབས་ཀྱིས་གནས་ཡོད།

ལྗོན་པའི་ཁོང་གསེང་ལ་རྒྱུ་བའི་བརླན་གཤེར་གྱི་ཚོགས་དེ་ང་ཚོའི་ཁྲག་རྒྱུན་ལ་བཞུར་བ་དང་ཀུན་ནས་མཚུངས་ལ། ང་ཚོ་ནི་ས་གཞིའི་ཆ་ཤས་ཡིན་པ་ནང་བཞིན། ས་གཞི་ཡང་ང་ཚོའི་ལུས་ངག་གི་ཆ་ཤས་ཡིན། དྲི་བསུང་གཏོར་བའི་མེ་ཏོག་ནི་ང་ཚོའི་ལྕམ་སྲིང་དང་། ཤྭ་བོ་དང་། རྟ་མཆོག བྱ་རྒོད་སོགས་ནི་ང་ཚོའི་ཕུ་ནུ་ཡིན། རི་སྒང་དང་། སྤང་ལྗོངས། སྲོག་ཆགས་གཞན། མིའི་རིགས་བཅས་པ་ཁྱིམ་ཚང་གཅིག་དང་། གཙང་བོ་དང་ཆུ་ཕྲན་འོད་འཚེར་འཚེར་ཀྱིས་བཞུར་བ་ནི་བཏུང་བྱ་ཆུ་ཁོ་ན་ཙམ་མ་ཡིན་པར། ང་ཚོའི་མེས་པོ་ཚོའི་ཁྲག་གི་རྒྱུ་བ་ཡིན།

གལ་ཏེ་ང་ཚོས་ས་གཞི་འདི་བསྐྱུར་ནས་ཁྱོད་ཅག་ལ་བདག་པར་བྱས་ཚེ། སྐད་ཆ་འདི་ཁྱོད་ཚོའི་སེམས་ལ་ཟུངས། ས་གཞིའི་བྱིན་སྟོབས་ལ་བཀུར་སྟི་མཛོད། མཚེའུ་རུ་ཤར་བ་ནི་ང་ཚོའི་མི་དམངས་ཀྱི་ལོ་རྒྱུས་དང་འདས་པའི་འཚོ་བ་ཡིན་ལ། ཆུ་བོ་འབབ་པའི་སྒྲ་ནི་ང་ཚོའི་མེས་པོའི་རེ་སྨོན་ཡིན། ཆུ་རྒྱུན་རེ་རེ་ང་ཚོའི་ཕུ་ནུ་ཡིན་ལ། དེས་དྲིན་ལས་ང་ཚོའི་སྐོམ་པ་སེལ་ཞིང་དེའི་གཞུང་ལ་གྲུ་ཆུང་བཏང་། བུ་རབས་དང་ཚ་རྒྱུད་ཡོངས་སུ་གསོས། དེའི་སྟབས་ཀྱིས་ཁྱོད་ཚོས་ངེས་པར་དུ་རང་གི་ཕུ་ནུ་ཞིག་གི་ཚད་ལ་བཞག་ནས་ཆུ་རྒྱུན་ལ་གཅེས་སྐྱོང་མཛོད།

གལ་ཏེ་ང་ཚོས་ས་གཞི་འདི་བསྐྱུར་ནས་ཁྱོད་ཅག་ལ་བདག་པར་བྱས་ཚེ། སྐད་ཆ་འདི་ཁྱོད་ཚོའི་སེམས་ལ་ཟུངས། མཁའ་དབུགས་དྭངས་མོ་ལ་མཚོན་ནས་བཤད་ན་ཚེ་སྲོག་ཐམས་ཅད་ལ་བཀའ་དྲིན་ཆེན་པོ་ཡིན། དེས་ང་ཚོ་མེས་པོའི་དབུགས་ཀྱི་རྒྱུ་བ་ཐོག་མ་ཕྱེ་ལ། མཐའ་མའི་དབུགས་རྒྱུན་ཙམ་པོ་ཡང་དེས་ཡོངས་སུ་བསྡུ་བ་ཡིན། དེ་བཞིན་ང་ཚོའི་བུ་རབས་ཚ་རྒྱུད་དང་ཚེ་སྲོག་ཡོད་ཚད། རྣམ་ཤེས་ཡོད་ཚད་ལ་གསོལ་རས་འདི་ཉིད་སྙོམས་ལྡན་དུ་སྩོལ་བར་བྱེད། དེའི་སྟབས་ཀྱིས་ཁྱོད་ཚོས་ས་གཞིའི་བྱིན་སྟོབས་ལ་གང་དགར་མ་བྱེད། མི་སུ་ཡང་ས་གཞིའི་སྟེང་གི་མེ་ཏོག་སྣ་བརྒྱ་དང་ཞིམ་མངར་གྱི་དྲི་བསུང་ལ་ཁྱད་མེད་པར་རོལ་དུ་ཆུགས།

“ས་གཞི་ནི་ང་ཚོའི་ཨ་མ་ཡིན། ས་གཞིས་ང་ཚོ་ལ་ལྟོ་གོས་སོགས་ཡོད་ཚད་སྩོལ་བར་བྱེད་ཅིང། ང་ཚོའི་བུ་རབས་ཚ་བརྒྱུད་ལ་ཡང་དེ་ལྟར་སྩོལ་བར་བྱེད།” འདི་ནི་ངེད་ཚོས་རང་གི་ཕྲུ་གུར་བཤད་པའི་སློབ་གསོ་ཡིན་ལ། ཁྱེད་ཚོས་རང་གི་ཕྲུ་གུར་དེ་ལྟར་སློབ་གསོ་གཏོང་ངེས་སམ།

ང་ཚོའི་སེམས་ལ་གསལ་བ་བཞིན་མིའི་རིགས་ལ་ས་གཞི་ལ་དབང་བ་ལས། ས་གཞི་མིའི་རིགས་ལ་དབང་བ་ནམ་ཡང་མིན། འཛམ་བུ་གླིང་གི་བྱ་དངོས་ཡོད་ཚད་གཅིག་ལ་གཅིག་བརྟེན་གྱི་ཚུལ་གྱིས་ཡོད་ཅིང་། ཁྲག་རྒྱུན་གྱིས་ལུས་ཀྱི་ཆ་ཤས་རེ་རེ་གཞི་གཅིག་ཏུ་བསྡུས་པ་ནང་བཞིན་ཡོད་ཚད་འབྲེལ་ནས་གྲུབ་ཡོད་པ་རེད། མིའི་རིགས་ནི་དེ་གྲུབ་བྱེད་ཀྱི་ཆ་ཤས་ཙམ་དང་། དེས་བཟོས་པའི་ནག་ཉེས་ཀྱིས་སྤྱི་ཡོངས་ལ་ཤུགས་རྐྱེན་ངན་པ་ཐེབས་པ་ཡིན་པས། དེས་ལེ་ལན་དེ་ས་གཞིའི་སྟེང་ན་འཚོ་སྡོད་བྱེད་པའི་མི་ཕོ་མོ་ཡོངས་ལ་འཁོར་ངེས་པ་ཡིན།

ང་ཚོའི་སེམས་ན་གསལ་བ་བཞིན། ང་ཚོའི་སྐྱབས་མགོན་དེ་ཁྱོད་ཚོའི་སྐྱབས་མགོན་རེད་ལ། ས་གཞི་ནི་སྐྱབས་མགོན་གྱིས་བཟོས་པ་དང་། སྐྱབས་མགོན་གྱིས་ཕྱག་གིས་སྐྱོང་གིན་ཡོད་པ་རེད། ས་གཞི་ལ་གནོད་འཚེ་བྱས་པ་ནི་དོན་དུ་སྐྱབས་མགོན་ལ་རྒྱབ་འགལ་བྱས་པ་རེད།

ཁྱོད་ཚོས་ཇི་ལྟར་བསམ་བློ་གཏོང་གི་ཡོད་པ་ང་ཚོར་མཚོན་ན་ཧ་གོ་ཐབས་བྲལ། གལ་ཏེ་གནས་འདིའི་རི་ཟོག་ཡོད་ཚད་བསད། རྟ་རྒོད་རྣམས་བཏུལ་ན་ཇི་ལྟ་བུའི་ཡུལ་ལྗོངས་ཤིག་ཆགས་སྲིད་དམ། གདོད་མའི་ནགས་ཚལ་དུ་མིའི་རིགས་ཁོ་ནའི་རྐང་རྗེས་དང་། དབེན་པའི་རི་ཁུགས་ཡོད་ཚད་དྲ་སྡོམ་ལྟ་བུའི་གློག་སྡོང་གིས་ཁེབས་ན་དེ་ནི་ཇི་ལྟ་བུའི་ཡུལ་ལྗོངས་ཤིག་ཡིན་སྲིད། སྤང་དང་ནགས་ཚལ་བརླག ནམ་མཁའི་བྱ་རྒོད་ཀྱང་བཟུང། རྟ་དང་ཁྱི་སོགས་ཀྱང་མེད་པར་བྱས་ཚེ་ཇི་ལྟ་བུ་ཞིག་ཡིན་ནམ། འདི་དག་ཐམས་ཅད་ནི་བཙན་གྱིས་སྣ་བཅད་ནས་ཁ་ལ་མཐུད་པའི་དཔེ་བཞིན་མ་ཡིན་ནམ།

ཆེས་མཐའ་མཇུག་གི་ཨིན་ཊི་ཨེན་པ་དེ་འཇིག་རྟེན་དང་བྲལ་དུས། ཁོ་ཚོའི་སེམས་རྩྭ་ཐང་གི་མཁའ་ལ་འཕགས་ནས་ཕྱིར་རང་གི་ཕ་ཁྱིམ་དུ་ལྟ་སྐབས། མཚེའུ་ཆུང་འདི་དག་དང་ནགས་ཚལ་འདི་དག་སྔར་བཞིན་ཡོད་སྲིད་དམ། ང་ཚོའི་རྣམ་ཤེས་ལྟ་བུའི་ས་གཞི་འདི་མཐའ་མའི་མིག་ལམ་དུ་མངོན་པ་ཨེ་སྲིད་དམ།

ང་ཚོ་ས་གཞི་འདི་ལ་དུངས་པ་ནི་མངལ་ལས་ལྷུང་མ་ཐག་པའི་བུས་པ་རང་གི་ཨ་མའི་སྙིང་གི་འཕར་ལྡིང་ལ་དུངས་པ་བཞིན། དེའི་ཕྱིར་ང་ཚོས་ས་གཞི་འདི་བསྐྱུར་ནས་ཁྱོད་ཚོར་བདག་པར་བྱས་ཚེ་ངེད་ཚོ་ནང་བཞིན་ས་གཞི་འདི་ལ་གཅེས་ཤིང་སྐྱོངས་པར་འཚལ། བུ་རབས་ཚ་རྒྱུད་ཀྱི་ཆེད་དུ་རང་ནུས་གང་ཡོད་བཀོལ་ནས་དེ་ལ་གཅེས་ཤིང་སྐྱོངས་པར་འཚལ། སྐྱབས་མགོན་གྱིས་ང་ཚོའི་ཆེད་དུ་བཟོས་པ་ཡིན་པས་དེ་ལ་གཅེས་ཤིང་སྐྱོངས་པར་འཚལ།

ང་ཚོ་ས་གཞི་འདི་ཆ་ཤས་ཡིན་པ་ནང་བཞིན་ཁྱོད་ཚོ་ཡང་ས་གཞི་འདིའི་ཆ་ཤས་ཡིན། ས་གཞི་ནི་ང་ཚོ་ལ་རྩ་ཆེ་བ་ནང་བཞིན་ཁྱོད་ཚོར་ཡང་རྩ་ཆེ་བ་ཡིན། སེམས་ལ་འཛིན་རྒྱུ་ཞིག་ལ་འཛམ་བུ་གླིང་འདིར་སྐྱབས་མགོན་གཅིག་ལས་མེད། ཨེན་ཊི་ཨེན་པ་བ་ཡིན་ཡང་ཆོག མི་དཀར་ཡིན་ཡང་རུང་། མི་སུས་ཀྱང་དགར་མི་ཐུབ། ང་ཚོ་ནམ་ཡང་ཕུ་ནུ་ཡིན།

སཱི་ཡ་ཐུའུ།

མ་ཡིག 《印第安酋长西雅图在1855年写给美国总统的一封信》
http://www.douban.com/group/topic/10370632/