བྱམས་བརྩེ་དང་ཤེས་རབ་ཀྱི་ལམ་བུ་འཚོལ་བའི་སྐྱེས་བུ་ཞིག

— སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་རྩོམ་རིག་གི་འཇིག་རྟེན་འགྲིམ་པ།

ཚན་པ་དང་བོ།

གྲྭ་བཙུན་རྩོམ་རིག་སྨྲ་བ་སྒོ་ཤེས་རབ་རྒྱ་མཚོ་ལགས་ནི་དེང་རབས་བོད་ཀྱི་ཤེས་ཡོན་པའི་སྡེ་སྤྱི་དང་ལྷག་པར་དགོན་སྡེའི་ཤེས་ཡོན་པའི་ཁྲོད་གདན་ཐོབ་ངེས་ཅན་ཟིན་པའི་སྤྱོད་ཡོན་གཉིས་ལྡན་གྱི་རབ་བྱུང་བ་ཞིག་ཡིན། ༢༠༠༦ལོའི་ཟླ༡༡པའི་ཚེས༢༡ཉིན།༼ནུབ་བྱང་མི་རིགས་སློབ་ཆེན༽གྱི་དགེ་སློབ་ཚོ་དང་ལྷན་དུ<བོད་ཆོས་སྲིད་གཉིས་ཀྱི་འགལ་འབྲེལ་ལས་འཕྲོས་པའི་གཏམ།>ཞེས་པའི་རིག་གནས་བགྲོ་གླེང་ཞིག་བྱས་པ་དང་བརྟེན་ཁོང་ལ་བོད་ཤེས་ཡོན་པའི་སྤྱི་ཚོགས་ཁྲོད་དུ་དྲང་ལྡོག་གཉིས་ཐད་ནས་གཏམ་གླེང་སྣ་ཚོགས་པ་ཞིག་བྱུང་ཞིང་། ལ་ལས་མི་ཁ་དང་ཞྭ་མོ་སྣ་ཚོགས་བཟོས་ཏེ:མེ་སྟག་ཕུ་ཐུང་ནང་ནས་གསོད:པའི་སྦྱོར་བ་བརྩམས། ལ་ལས་བསྟོད་བསྔགས་ཀྱི་དབྱངས་རྟའི་ཁྲོད་ནས་ལྷ་དང་གཉིས་སུ་མེད་པར་བྱས། གང་ལྟར་དུས་དེ་ནས་བཟུང་རིམ་བཞིན་རྩོམ་པ་པོ་ཁོང་ནི་གླེང་གཞི་སྣ་ཚོགས་པའི་རྦ་རླབས་ཁྲོད་ལྷ་དང་མི་གང་ཡིན་ངོས་མི་ཟིན་པའི་གནས་ཤིག་ཏུ་བསྐྱལ་སོང་། ཕྱོགས་གཞན་ཞིག་ནས་བལྟས་ན་སྣང་ཚུལ་འདི་ནི་བོད་ཀྱི་ཤེས་ཡོན་པའི་སྡེ་ལ་མཚོན་ན་ཧ་ཅང་རྒྱུན་ལྡན་ཞིག་སྟེ་ལྟ་ཚུལ་གསར་བ་དང་སྐད་ཆ་བདེན་པ་རྗོད་མཁན་ཞིག་བྱུང་མ་ཐག་དེ་དེ་མ་ཉིད་དུ་ཚར་གཅོད་པའི་ཐབས་ལ་གཞོལ་བ་ནི་བོད་མི་རིགས་འདིའི་སྤྱིའི་ཆོས་ཉིད་ཅིག་ཏུ་གྲུབ་འདུག་སྟེ། ཉེ་བའི་ལོ་རབས་སྟེང་བྱུང་མྱོང་བའི་དོན་དམ་པའི་སྐྱེས་ཆེན་དག་གི་འགྲུལ་བཞུད་ཀྱི་གནས་བབ་ལས་ཚུལ་དེ་གསལ་བོར་ཤེས་རྟོགས་ཐུབ་པ་ཡིན། ཡིན་ཡང་ཁོང་ནི་བོད་རང་གི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་མཐུག་པ་དང་མི་རིགས་གཞན་གྱི་རིག་གནས་ལའང་བློ་མིག་རབ་ཏུ་ཡངས་པའི་རྩོམ་རིག་སྨྲ་བ་ཞིག་སྟེ:མདའ་འཕེན་པའི་སྤོབས་པ་མེད་ན་དམག་ལ་འགྲོ་རྒྱུ་དང་བོ་ཉིད་ནས:(ཚན་པ་འདིའི་ནང་གི་འཁོར་རྟགས་ནང་བཅུག་པའི་གཞན་ཚིག་ཆ་ཚང《ང་ཚོ་སད་རན།》ཞེས་པའི་རྩོམ་དེབ་ཀྱི་ཚིག་ཡིན།)དྲན་མི་སྲིད་པའི་ངེས་པ་དོན་གྱི་ཤེས་ཡོན་པ་ཞིག་ཡིན་པར་མ་ཟད། བོད་ཆོས་སྲིད་གཉིས་ཀྱིས་མཚོན་པའི་ཁ་བ་གངས་རིའི་ལྗོངས་ཀྱི་རིག་གནས་ཕྲ་རགས་མཐའ་དག་པའི་རྩ་བ་དང་ཡན་ལག་གི་ཉམས་ཉེན་གང་ལའང་འགན་འཁྲིའི་འདུ་ཤེས་ཟབ་ཅིང་། ལྷག་པར་བོད་རབ་བྱུང་བའི་སྡེའམ་བྱམས་བརྩེ་དང་ཤེས་རབ་གཉིས་ལྡན་གྱི་ནང་བསྟན་མཚན་ཉིད་རིག་པའི་དར་རྒུད་ཀྱི་རྒྱུ་འབྲས་རྐྱེན་གསུམ་ལ་བསམ་གཞིག་གིས་མནར་ཞིང་དུས་རབས་ཤིག་གི་དཀྱོགས་མཚམས་འདི་ནས:འཇིག་རྟེན་འདིར་ཐུབ་པའི་རིང་ལུགས་གཙང་མའི་ཤེས་རབ་ཀྱི་ཁྱིམ་གཞིས་ཤིག་ཡུན་ནས་ཡུན་དུ་གནས་ན་ཅི་མ་རུང་སྙམ་པའི་སྨོན་པ་སྐྱོ་ལྷང་ངེ་བ་ཞིག:གི་ངང་དུ་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་མང་བོར་འཆད་པ་དང་རྩོད་པ། རྩོམ་པའི་ལས་ཁོ་ནར་གཞོལ་བའི་ལྟོ་སྐྱ་གོས་ཧྲུལ་གྱི་འཚོ་བའི་བཤུལ་ལམ་སྟེང་། གཏིང་ཟབ་པའི་དཔྱོད་ཤེས་ཀྱིས་ཟིན་པའི་ལྟ་ཚུལ་དང་ཐུགས་འདུན་གྱི་རྣམ་ཤེས་ལྷེམ་མེར་འཁྱིལ་བའི་རྩོམ་ཡིག་གི་ཟེགས་མ་རེ་རེ། བསམ་བློ་རང་དབང་དང་ལྟ་བ་མཉམ་གནས་སོགས་དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ཏེ་ཀློག་མཁན་ཁྲི་སྟོང་གི་ཡིད་ཀྱི་གསོས་སུ་བསྟབས་ཤིང་། གངས་རིའི་ར་བས་བསྐོར་བའི་ཡུལ་ལྗོངས་ཙམ་དུ་མ་ཟད་གངས་རིའི་ཕྱི་རོལ་གྱི་ཡུལ་གྲུ་དག་ལའང་འཇགས་ཐབས་བྲལ་བའི་གཡོ་སྐྱོམ་བཟོས་ཡོད་པས་ན་ཆེས་རྒྱང་ཐག་རིང་བའི<ཀླུ་སྨྱོན་རྩོམ་རིག་བྱ་དགའ།>ལྟབུའང་རང་དགར་སྡོད་མ་ཚུགས་པར་གྱུར་ཡོད་པ་ཡིན། ལར་བཤད་ནའང་ཁོང་གི་རྩོམ་ཡིག་གི་ཡིག་འབྲུའི་རེ་རེའི་འདུ་བྱེད་ཀྱིས་ང་ཚོ་ཀློག་མཁན་སུ་ཞིག་ཡིན་ཡང་སྒྱུ་འཕྲུལ་གྱི་འཇིག་རྟེན་གསར་བ་ཞིག་ཏུ་ཁྲིད་ཅིང་ཚིག་དོན་གཉིས་ཆ་ནས་རྨི་ལམ་གསར་བ་ཞིག་སྦྱིན་ཡོང་བར་མ་ཟད:རྨ་རྙིང་བ་ལ་ཚྭ་གསར་བ་བཏབ་པ:ནང་བཞིན་དུ་བཟོད་གླེགས་བྲལ་བའི་ན་ཟུག་སློང་ཞིང་། གངས་རིའི་དགོན་གྲོང་གཉིས་ཀྱི་ཤེས་རིག་གི་གཤིན་སར:དུས་ཐོག་ཆར་བ:འི་ཚུལ་དུ་སོང་ཡོད་གཤིས་སྔ་ན་མེད་པའི་ཚ་རླབས་དེ་འདྲ་ཞིག་འཕྱུར་སོང་བ་ཡིན། དེ་དེ་བཞིན་དུ་ད་དུང་ཡང་ཐོས་བསམ་གྱི་བཞུད་ལམ་རིང་མོའི་ཁྲོད:ཚེ་སྲོག་གི་རིན་ཐང་ཆོས་ལས་འཐོབ་ཏུ་རེ:ཞིང་། :ཉེན་ཁའི་འདུ་ཤེས་ཤིག་གིས་རྟག་ཏུ་བྲང་ཁོག་འཇིགས་ལྷང་ངེར་ཡོད་ཅིང་། སེམས་ཁུར་ལྷག་མ་ཞིག་གིས་ནམ་ཡང་སྙིང་རྩ་ལྗིད་ཏིག་གེར:བྱ་བྱེད་ལས་གསུམ་པོ་ཐམས་ཅད་རྒྱལ་བའི་བསྟན་པ་ལ་ཕན་ཞིག་ཨེ་ཐོགས་སྙམ་པའི་ཀུན་སློང་ཞིག་གིས་བཞུགས་ཡོད་པའི་ཆོས་པ་གཤའ་མ་ཞིག་ཀྱང་ངོ་། །

རྒྱུ་མཚན་དེར་བརྟེན། ང་ཚོ་རྩོམ་པ་པོ་ཁོང་གི་བསམ་གཞིག་དང་བདེན་གཏམ་ཚིག་གི་ཕྲེང་བར་བརྒྱུས་པའི་རྩོམ་རིག་གི་འཇིག་རྟེན་འགྲིམ་སྐབས། རྩོམ་རིག་གི་འཇིག་རྟེན་དེའི་སྔོ་བསང་གི་ནམ་མཁའ་ན་སྙིང་རྗེ་དང་ཤེས་རབ་སྲོག་ཏུ་ལྟ་བའི་མཚན་ཉིད་རིག་པ་ཞིག་གི་ཉི་ཟླ་གསལ་ལེར་འཛུམ་ཞིང་། རིག་གནས་སྒམ་དཀྱེལ་དང་བསམ་བློའི་རང་དབང་སོགས་དུས་རབས་འདིའི་རིག་གནས་རིན་ཐང་གི་རྒྱུ་སྐར་ཚོགས་ཀྱི་མཛེས་སྡུག་ཀྱང་ལྷམ་མེར་བཀྲ། རྩོམ་རིག་གི་འཇིག་རྟེན་དེའི་ས་གཞི་དང་གཞུང་ལམ་གཡས་གཡོན་ཀུན་ཏུ་དཔེ་དང་དཔེ་ཅན་གྱི་བཀོད་པ་དག་ནི་ལྷུན་པོ་ལྟར་བརྟན་ཞིང་བརླིང་ལ། ཚིག་གི་སྦྱོར་བའི་དབྱངས་འགྲོས་དེ་རྨ་ཀླུང་སྔོན་མོའི་དབྱངས་ཀྱིས་འབབ་པས་ང་ཚོ་སུ་དང་གང་ཞིག་ཡིན་ཡང་སེམས་ཀྱི་བརྟན་པ་མི་འཕྲོག་རང་དབང་ཅི། དོན་དམ་དུ་རྩོམ་རིག་འཇིག་རྟེན་དེའི་སྒོ་དང་སྒེའུ་ཁུང་ཀུན་ལས་གསལ་ཐིང་ཐིང་མངོན་པ་ནི་གནའ་བོའི་རྒྱ་གར་ཤེས་རིག་གི་ཉིང་བཅུད་དམ་ནང་བསྟན་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་ཚེ་དང་སྲོག་བླ་གསུམ་པོའི་འོད་མདངས་འཚོལ་བའི་དཔྱོད་མིག་ཅིག་དང་ནང་བསྟན་མཚན་ཉིད་རིག་པའི་བླ་ཚེ་སྲོག་གསུམ་པོ་དེ་ཉིད་ཡུན་རིང་དུ་གནས་པའི་ཁོར་ཡུག་གི་བར་སྟོང་ཞིག་ལ་རེ་ཞིང་འདུན་པའི་རེ་འདུན་དྲོན་མོ་དེ་ཡིན། ད་དུང་ང་ཚོས་རྩོམ་རིག་གི་འཇིག་རྟེན་དེའི་ཀློང་རུམ་ནས་མཐོང་ཐུབ་པ་ནི་སེམས་པ་དྲོན་མོ་ཞིག་གི་གཏིང་ན་རྟག་ཏུ་འཚེར་གྱིན་པའི་དམིགས་འདུན་ཉག་གཅིག་པོ་སྟེ་སྙིང་རྗེ་དང་ཤེས་རབ་སྲོག་ཏུ་བྱས་པའི་ནང་བསྟན་མཚན་ཉིད་རིག་པའི་འོད་ཟེར་གྱི་རླབས་རྒྱུན་དེ་སྲོལ་རྒྱུན་གྱི་དགོན་སྡེའི་ལྕགས་རི་ལས་བརྒལ་ཏེ་རང་དབང་དུ་བསྐྱོད་སའི་ལམ་བུ་ཞིག་འཚོལ་རྒྱུ་དེ་ཁོ་ནའོ།།

ཁད་ཀྱིས་ཁད་ཀྱིས་ང་ཚོས་ཁོང་གི་རྩོམ་རིག་གི་འཇིག་རྟེན་དེ་ནས་ཁོང་གི་རྣོ་དབལ་ཚ་བའི་བསམ་གཞིག་གི་ཁུང་གསེང་ལས་ཤེས་ཡོན་པ་ནི་དུས་རབས་ཀྱི་མགྲིན་ཚབ་པ་དང་སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་ཡིན་པའི་འདུ་ཤེས་ཀྱི་འགན་འཁྲི་མཐོང་ཐུབ་ལ། ང་ཚོས་རྩོམ་རིག་གི་འཇིག་རྟེན་དེ་ནས་ལོ་རྒྱུས་ཕྱིར་རྟོག་གི་རླབས་རྒྱུན་ལས་མཆེད་པའི་འབྱུང་འགྱུར་ལམ་གྱི་འདམ་ག་རྙེད་ཐུབ། ང་ཚོས་རྩོམ་རིག་གི་འཇིག་རྟེན་དེ་ནས་ནང་བསྟན་གྱི་གཟི་བྱིན་ལ་སྙིང་ནས་དད་པའི་སྐྱོ་ལྷང་ལྷང་གི་སེམས་པ་ཞིག་ཚོར་ཐུབ། ང་ཚོས་རྩོམ་རིག་གི་འཇིག་རྟེན་དེ་ནས་བོད་ཀྱི་རབ་བྱུང་བ་དཀྱིས་མ་ཞིག་གི་བཅོས་མིན་གྱི་ལྷག་བསམ་མྱོང་ཐུབ། དེ་དག་རེ་རེ་ནི་བླ་ན་མེད་པའི་མི་གཤིས་ཀྱི་མཛེས་པ་དང་དཔྱོད་པའི་བློ་མིག་གིས་བཞེངས་པའི་ཁོང་གི་རྩོམ་རིག་གི་འཇིག་རྟེན་ཀློང་ན་འོད་དུ་འཛུམ་པའི་གཏན་ཚིགས་ཀྱི་ཕྲེང་རྡོག་རེ་རེར་སྦྲུམ་པའི་སྲོག་དང་བཅུད་དུ་འཚེར་གྱིན་ཡོད།

ཚན་པ་གཉིས་པ།

དེ་ནས་རིམ་བཞིན༢༠༠༧ལོའི་ཕྱི་ཟླ་བཅུ་གཉིས་པར་ཁོང་གི་རྩོམ་དེབ་ཐོག་མ།《ང་ཚོ་སད་རན།》ཞེས་པ་དཔར་སྐྲུན་བྱས་ཏེ་སྤྱི་ཚོགས་སྟེང་དངོས་སུ་བཀྲམས་ཤིང་། རྩོམ་དེབ་དེ་བཀྲམས་མ་ཐག་བོད་ཀྱི་ཤེས་ཡོན་པའི་སྤྱི་ཚོགས་དང་སྒོས་སུ་རབ་བྱུང་གི་སྡེ་རུ་ཚ་རླབས་གསར་བ་ཞིག་འཕྱུར་སོང་བ་དང་བརྟེན། ལེགས་ཉེས་ཀྱི་ལབ་གླེང་སྣ་ཚོགས་པ་ཞིག་བྱུང་བ་མ་ཟད་དགག་སྒྲུབ་ཀྱི་རྩོམ་དེབ་ཀྱང་རེ་གཉིས་བྱུང་འདུག་པ་ཡིན། 《ང་ཚོ་སད་རན།》ཞེས་པའི་རྩོམ་དེབ་དེས་ཅིའི་ཕྱིར་བོད་ཤེས་ཡོན་པའི་སྤྱི་ཚོགས་དེ་ཉིད་འུར་ཆིལ་ལེར་བཏང་སོང་བ་ཡིན་ནམ། ཅིའི་ཕྱིར་རབ་བྱུང་བའི་སྡེ་ནི་ཚ་ཚ་འུར་འུར་དུ་བཟོས་སོང་བ་ཡིན་ནམ། 《ང་ཚོ་སད་རན།》ཞེས་པའི་དེབ་ཀྱི་ཁ་བྱང་འདིས་ཅི་ཞིག་ཤོད་ཀྱིན་ཡོད་དམ། ང་ཚོ་ཞེས་པ་ནི་སུ་ཞིག་ཡིན་ནམ། སད་རན་ཞེས་པའི་གཉིད་གང་ཞིག་ལས་ཅིའི་ཕྱིར་སད་རན་པ་ཡིན་ནམ། ཐོས་མ་ཐག་ཅོལ་ཆུང་དག་གི་སྙིང་ལ་གཟན་པའི་ཁ་བྱང་ཁོ་ནས་ཀྱང་སྡོད་ཐབས་བྲལ་བའི་རྒྱང་འབོད་ཚ་བེར་བ་ཞིག་བྱས་སོང་བ་ཡིན། གོང་གི་དྲི་བ་དེ་དག་གི་ཁྲོད་ནས་ཁོང་གི་རྩོམ་རིག་གི་འཇིག་རྟེན་དབྱིངས་ལས་ང་ཚོའི་ཡིད་ཀྱི་གཏིང་མཐར་མངོན་འོང་བ་ནི:ང་ཚོ:ཞེས་པ་ནི་བོད་རབ་བྱུང་བའི་སྡེ་དང:སད་རན:པའི་འབོད་བརྡ་གཏང་ས་ནི:ཁྱིམ་ལ་རྐང་ལག་རྐྱོང་བའི་དགེ་སློང་དག་གི་དྲན་འཕྲུལ:(ཚན་པ་འདིའི་ནང་གི་གུག་རྟགས་ནང་བཅུག་པའི་གཞན་ཚིག་ཆ་ཚང(《ང་ཚོ་སད་རན།》གྱི་ཚིག་ཡིན།)དེ་ཡིན་པ་དང་། ཅིས་ཕྱིར་སད་དགོས་དོན་ནི:ཆོས་སྲིད་མཉམ་བསྲེས་ཀྱི་བག་ཆགས་སྟུག་པོ:འམ་ཆོས་དང་སྲིད་ཀྱི་རིག་གནས་གཉིས་མཉམ་དུ་བསྲེས་པའི་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད:བོད་ཀྱི་དགོན་པ་དག་ན། ལྷ་ཁང་གི་འགྲུབ་སྟོན་བྱེད་ཀྱིན་འདུག སྤྲུལ་སྐུའི་ཁྲི་སྟོན་བྱེད་ཀྱིན་འདུག ཕྱུག་པོའི་ཁང་སྟོན་བྱེད་ཀྱིན་འདུག ཆོས་རྫུའི་ཆོས་སྟོན་བྱེད་ཀྱིན་འདུག སྟོན་མོ་དེ་དག་གི་རྦ་རླབས་ཁྲོད་དུ་ཡོད་ཚད་དགའ་བས་བཟི། སྤྲོ་བས་མྱོས་འདུག:པའི་སྤྱི་ཚོགས་ཤིག་གི་འདུ་ཤེས་འཛིན་སྟངས་དང་ལམ་ལུགས་ཚོར་ཞིང་། ད་དུང:འཇིག་རྟེན་པ་ཁོ་ནར་གཏོགས་འོས་པའི་ལས་དག:གི་ཁྲོད་དུ་གང་ཞིག་གི་ཆེད་བྲེལ་འཚུབ་ངང་འདུར་གྱིན་པའི་སྐྱེ་བོ་ལ་ཤས་ཤིག་གིས:ནང་བའི་དོན་དམ་པའི་ཆོས་ཀྱི་ངོ་གདོང་ལ་འདམ་དང་དྲི་མ་བྱུགས་པའི་སྐད་ཆའི་སྙིགས་རོ:མང་དུ་བརྩེགས་ཏེ། ཐ་ན:བསམ་བཞིན་དང་བསམ་བཞིན་མ་ཡིན་པར་ལོག་འགྲེལ་བྱས་ཏེ་ནང་ཆོས་རིག་གནས་ཀྱི་ནང་ཁོག་གཞན་ཞིག་ཏུ་བརྗེ་རྩིས་རྒྱག་གི་འདུག:པས་ན:སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་ཏུ་ཞུགས་པའི་རབ་བྱུང་བ་བློ་གྲོས་ཀྱི་མིག་དང་ལྡན་པ་སུས་ཀྱང་སེམས་ནས་བཟོད་མི་ཐུབ་པའི:རྐྱེན་དང་དབང་དེ་དག་གིས་སོ། །

ལར་ན《ང་ཚོ་སད་རན།》ཞེས་པའི་རྩོམ་དེབ་དུ་བྱུང་བའི་རྩོམ་ཡིག་རྣམས་ནི་ཆེ་ས་ནས་ཚན་པ་བཞི་རུ་དབྱེ་ཆོག་སྟེ། ཐོག་མའི་སྐད་ཆ་སྟེ།<སེམས་ཀྱི་ཞུ་འཕྲིན་དང་བོ།>དང་།<དཔལ་ནཱ་ལེནྡྲཱའི་རིག་གནས་སྙིང་སྟོབས།>སྙན་ཚོམ་གྱི་ཚུལ་དུ་ཡོད་པ་སྟེ།<སྨག་རུམ་ཁྲོད་ཀྱི་བརྗེད་བྱང་།>འཆད་ཁྲིད་ཀྱི་སྒྲ་བཤུས་ཏེ།<བོད་ཆོས་སྲིད་གཉིས་ཀྱི་འགལ་འབྲེལ་ལས་འཕྲོས་པའི་གཏམ།>ཞེས་པ་དེ་དག་གོ། དེ་དག་གི་རོ་བཅུད་ལ་དལ་གྱིས་མྱོང་རོལ་ཞིག་བྱས་ཚེ་ད་ལྟའི་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་ཉམས་རྒུད་ལ་ཕྱི་དང་ནང་གི་རྐྱེན་གཉིས་སུ་ཡོད་ཅིང་། ནང་གི་རྐྱེན་དེ་ཉིད་བོད་ཀྱི་རབ་བྱུང་བའི་སྡེ་རང་གི་སྟེང་དུ་ཡོད་པའི་གནས་ལུགས་ཤིག་རྙེད་ཅིང་རྒྱུ་དང་རྐྱེན་གྱི་ངོ་བོ་ཚོར་བས:ད་ལྟའི་ཡུལ་དུས་ཀྱི་འགྱུར་བའི་ཆོས་ཉིད་འོག་ནས་སངས་རྒྱས་ཀྱི་བསྟན་པ་གནས་དགོས་ན། ངེས་པར་ལྟ་བ་མཉམ་གནས་དང་བསམ་བློ་རང་དབང་གི་སྒམ་དཀྱེལ:འོག་ནས། ཆོས་ཆོས་བཞིན་དུ་གནས་དགོས་པ་དང་འཇིག་རྟེན་འཇིག་རྟེན་སྐྱོང་ལུགས་ལྟར་བགྲོད་དགོས་པའི་འཇིག་རྟེན་སྤྱིའི་ཆོས་ཉིད་ཀྱི་ལྟ་ཚུལ་གསར་བ་ཞིག་རྙེད་དེ:མ་འོངས་པར་ཆོས་སྲིད་ཐ་དད་ཀྱི་ལམ་དུ་འགྲོ་དགོས་པའི་ལྟ་ཚུལ:དེ་བོད་ཀྱི་དགོན་སྡེའི་སེར་མོ་བ་ཞིག་གི་ངོས་ནས་ཐོག་མར་བཏོན་ཏེ<དཔལ་ནཱ་ལེནྡྲཱའི་རིག་གནས་སྙིང་སྟོབས།>དང་ནཱ་ལེནྡྲཱའི་མཁས་པ་རེ་རེའི་ནང་བསམ་བློའི་འཇིག་རྟེན། དུས་རབས་སོ་སོའི་མཁས་པ་རྣམ་པའི་སྒེར་གྱི་རིག་གནས་སྙིང་སྟོབས་དང་ལོ་རྒྱུས་རྒྱབ་ལྗོངས། མཁས་དབང་དེ་དག་གི་འཁྲུངས་འདས་ཀྱི་ལོ་ཚིགས་རེ་རེའི་དོགས་དཔྱོད་དང་གཏམ་རྒྱུད་ཀྱི་བྱུང་རིམ་བཅས་ཕྱོགས་མང་བོ་ཞིག་ནས་ཤིན་ཏུ་ཞིབ་ཚགས་ལྡན་པའི་ངང་རྒྱ་ཆེར་འགྲེལ་ཡོད་ཅིང་། དེ་ཡང་དོན་དམ་པར་བཤད་ན:ཅང་མི་འགོར་བར་མི་རིགས་ཤིག་མཇུག་བསྒྲིལ་བའི་རྫོགས་ཚིག་གམ། ཡང་ན་རིག་གནས་ཤིག་མཇུག་བསྒྲིལ་བའི་རྫོགས་ཚིག་གིས་ང་ཚོར་འདས་མཆོད་བྱེད་པར:སྔངས་ཤིང་སྐྲག་སྟེ་བག་ཡངས་སུ་སྡོད་པའི་གོ་སྐབས་བོར་ཞིང་མི་རིགས་ཀྱི་རིག་གནས་སྤྱི་དང་སྒོས་སུ་ནང་བའི་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་ད་ལྟའི་བཤུལ་ལམ་དེར་ནན་གྱིས་མི་བལྟ་ཀ་མེད་ཆགས་སོང་། དེའི་ཕྱིར་ན། དེ་རིང་གི་གནས་བབ་འདིའི་འོག་ནས་བདེན་པ་དང་གནས་ལུགས་བརྡར་ཅིང་གཤིབ་པའི་མཐའ་སྡོམ་དུ་རབ་བྱུང་བ་རང་ཉིད་རང་སྟེང་ནས་འགོ་བརྩམས་ཏེ《ང་ཚོ་སད་རན།》ཡོད་པའི་ཞུ་འབོད་ཅིག་སྤོབས་པ་ཆེན་པོས་ཞུས་ཏེ་ལམ་ལ་ཆས། དེ་ལྟར་ལམ་ལ་ཆས་དུས་སྔོན་བྱོན་རྒྱ་གར་བའི་ཤེས་རིག་གི་དྭངས་རྩེ་སྟེ་ནང་བའི་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་ཆོས་རྒྱུན་གཙང་མ་དང་དཔྱོད་པའི་རིགས་ལམ་དྲི་མ་དང་བྲལ་བ་དེ་དག་ནི་ཆེས་གལ་འགངས་ཆེ་བའི་ངེས་ཤེས་རྙེད་ཅིང་། ད་ནི་རྨི་ལམ་ཟ་ཟིའི་ངང་སྡོད་ཐབས་ཡེ་ནས་བྲལ་ཏེ་:བོད་ཀྱི་ཆོས་ལུགས་དགོན་སྡེ་དག་གི་ངོས་ནས་མཚོན་ན། གནའ་བོའི་རྒྱ་གར་གྱི་ནང་བསྟན་དགོན་ཆེན་ནཱ་ལེནྡྲཱའི་རིག་གནས་སྒམ་དཀྱེལ་གྱི་སྙིང་སྟོབས། ཞིབ་དཔྱོད་བདེན་འཚོལ་གྱི་སྲོལ་རྒྱུན། ལྟ་བ་རང་དབང་གི་ཁ་དབུགས། སྤྱོད་པ་དངོས་གཙང་གི་འགྲིག་ལམ་སོགས་ལ་ཡང་བསྐྱར་བརྟག་ཅིང་དཔྱད་ནས་ངོས་འཛིན་རྣམ་དག་ཅིག གདེང་འཇོག་གསར་བ་ཞིག ལྟ་སྟངས་དོན་ཆེན་ཞིག་བཅས་བརྒྱུད་ནས:ནང་བའི་བསྟན་པར་འཇུག་པའི་སྐྱེ་བོ་ཡོངས་ཀྱིས་འབད་པ་དྲག་པོའི་སྒོ་ནས་ལག་ལེན་དངོས་ཀྱི་སྟེང་ལ་ཞུགས་ཏེ:དཔལ་ནཱ་ལེནྡྲཱའི་རིག་གནས་སྙིང་སྟོབས་ཚུར་འདྲེན་བྱེད:པའི་ཐབས་ལམ་ཞིག་འཚོལ་དགོས་ཀྱི་བསམ་ཚུལ་དང་ལྟ་ཚུལ་ཡང་དང་བསྐྱར་དུ:རང་ཉིད་རབ་བྱུང་བ་ཞིག་ཡིན་པའི་ངོས་ནས་བསྟན་པ་རིན་པོ་ཆེ་ཡུན་གནས་ཀྱི་ཕྱིར་དུ་བསམ་གཞིག་དཔྱད་ཞིབ་བྱས་པ་ལས་ཐོན་པའི་སྙིང་ཁོང་གི་མཆི་མ་ཞིག:གི་ཚུལ་དུ་ཕུལ་ཏེ་བློ་ཡིད་ལས་འདས་པའི་མི་ཁ་དང་དམོད་མོ་ཁྲི་ཕྲག་གདོང་གིས་བསུ་དགོས་བྱུང་ཡང་དཔྱོད་པའི་རྣོ་དབལ་གྱི་ཟིལ་ཤུགས་ཚ་བོས་བོད་ཀྱི་དགོན་སྡེའི་རིག་གནས་སློབ་གཉེར་གྱི་ཐད་ཤིན་ཏུ་དཀར་ཆ་ལྡན་པའི་སྒེའུ་ཁུང་གསར་བ་ཞིག་ཕྱེས།

༼ མུ་འགོད། ༽