ཁྲི.མཆོད་ཀོང་། (ལན་གྲུ)

ངས་ད་ལྟ་སྲིད་དོན་རྒྱལ་རབས་བཀླགས་ཐེངས་གཉིས་པ་དེ་མཇུག་གྲུབ་མ་ཐག་པ་ཡིན། དེའི་ནང་ནས་ཁམས་ཕྱོགས་དང་ལྷག་ཏུ་ནང་ཆེན་ཕྱོགས་ཀྱི་སྐོར་ལ་ཡུད་ཙམ་སྣེ་འབྲེལ་བའི་གནས་ཚུལ་དང་ལོ་རྒྱུས་བྱུང་བ་དག་ཡོད་ཚད་ལ་རྟགས་བཏབ་ཡོད།་ད་དུང་སྔར་གྱི་བཀླགས་ཟིན་ལོ་རྒྱུས་དང་། དགེ་རྒན་དཔའ་རྩེ་དང་རྡོ་རྗེ་རྒྱལ་ཁང་དཀར་སྒྲ་ལྡན་སོགས་ཀྱི་དག་ལས་ཀྱང་ཡོད་ཚད་ཟིན་ཐོར་བཀོད་ཡོད། ངས་ད་ལྟའི་བར་ནང་ཆེན་རྒྱལ་རབས་དང་གདན་རབས་སོགས་ལ་དོ་སྣང་དང་ཡིག་ཆ་བཙལ་འཚོལ་བཟོས་ཀྱང་ཡིད་ཚིམས་པོ་ཞིག་རེད་མ་སོང་ལ་ཡོང་བའི་རྒྱུ་མཚན་ཡང་གཏན་ནས་མི་འདུག

དེ་དག་ལས་ཅུང་ཆ་རྒྱུས་ཡོད་པ་ནི་བཀའ་རྒྱུད་པའི་གདན་རབས་དང་དེའི་ཡན་ལག་གི་གནས་ཚུལ་དང་གྲུབ་མཐའི་སྐོར་རེད། ཆོས་དང་གྲུབ་མཐའི་རློབས་ཤིང་ཕྱོགས་རེས་དང་ཧམ་སེམས་ཀྱིས་འགམ་པའི་ནང་ཆེན་རྒྱལ་རབས་ཐབས་ཆགས་ཤིག་འདུག་པ་ནི་ད་ལྟའི་དུས་ལོ་རྒྱུས་ཀྱི་གྲས་སུ་འཇོག་དཀའ་བའི་ཚད་དུ་འདུག

ཡུལ་ནང་ཆེན་པའི་རྒྱལ་རབས་ལོ་རྒྱུས་གསར་རྩོམ་དང་གསར་དཔྱད་ནི་ད་ཕན་གོ་རྒྱུ་ཡོད་པ་དང་ཚད་དུ་བཟུང་འོས་པ་ཞིག་གཏན་ནས་བྱུང་མེད་ལ།
དེ་དག་ལ་དོ་སྣང་བྱེད་མཁན་ཀྱང་ཕལ་ཆེར་མེད་པའི་ཚོད་ཡིན། གོང་དུ་སོང་བའི་ལོ་རྒྱུས་ཐབས་ཆགས་ཤིག་འདུག་པ་དེ་ནི་བར་གསེང་ནས་ཕྱོགས་རེས་དང་འཐེན་འཁྱེར་གྱིས་སྣོན་འཕྲི་བྱས་པ་དང་བླ་རྒན་འགའ་དང་དམར་ཤོག་པའི་ཕྱོགས་རྟོགས་འགའ་ཡིས་ཕྱིན་ཅི་ལོག་ཏུ་བསྒྱུར་ཏེ་མ་གཞི་ནས་གོ་ཆོད་མི་ཆོད་པའི་ཚོད་ནས་ད་ནི”ཡོད་ན་ཡོད་གོ་མི་ཆོད་མེད་ན་མེ་དགོ་མི་ཆོད”པ་ཞིག་བྱས་ནས་ཚར་འདུག

ནང་ཆེན་པ་ལ་རྒྱལ་རབས་དང་ལོ་རྒྱུས་ཤིག་ཅིའི་ཕྱིར་མེད་སོང་བ་རེད། ད་ལྟའི་ཆར་ཨ་མདོའི་ཕྱོགས་ནས་ལུང་པ་རེ་རེའི་ནང་གི་ཡུལ་ཚོ་རེ་རེའི་ལོ་རྒྱུས་དང་རྒྱལ་རབས་སོགས་ཀྱི་པོད་རྒན་ཆེ་ཆུང་མང་ཙམ་འདུག ང་ཚོ་ལ་ཡང་འདི་ལྟ་བུ་ཞིག་འབྲི་མཁན་བྱུང་མེད་པ་འདི་གང་གིས་ལན་སོང་བ་རེད། སྒོམ་སྡེ་ནང་ཆེན་ཞེས་ཇི་ལྟར་བགྲོས་ཀྱང་དོན་ངོ་མ་གནད་རྩ་ལ་ཐུག་དུས་ལོ་རྒྱུས་བབས་ཆགས་ཤིག་དང་རྒྱལ་རབས་འགྲིག་པོ་ཞིག་ཀྱང་ཨེ་ཡོད།

ཆུང་ས་ནས་བསམ་ན་ཡུལ་ལུང་གཞན་ཞིག་དང་མི་རིགས་གཞན་ཞིག་ནས་ནང་ཆེན་པའི་གནས་ཚུལ་དང་ལོ་རྒྱུས་ཤིག་བཀོད་འབྲི་དང་ཁ་བཤད་བྱེད་སྙམ་ཡང་བཤད་ཤེས་མི་ཤེས་ཀྱི་གནད་དོན་ཕར་ཕུད་ཐོག་བཤད་རྒྱུ་ཞིག་ཨེ་ཡོད། ངོ་མ་བསམ་ན་སྤྱིར་བོད་མི་ཨག་གསར་ཆེ་བ་འདི་དོན་ལ་གནས་ན་ཡུལ་ནང་ཆེན་པ་ནི་ཅིས་ཀྱང་ཨག་གསར་གྱི་འབྱུང་ཁྱུངས་འདྲ་བོ་དེ་རེད།

སྐབས་འདིར་ཨག་གསར་ཆེ་མིན་གྱི་གནད་དོན་འདི་བཤད་དགོས་རྒྱུ་ཞིག་དང་འདིར་མཚམས་པ་ཞིག་མིན་ནའང་རྩོམ་འདི་འབྲི་སྐབས་ངམ་ཤུགས་ཀྱིས་ཐོན་འོང་བ་ཞིག་རེད། ད་ལྟའི་ཆར་དགེ་བཅུའི་ཁྲིམས་ཞེས་དོན་དག་ཆེ་ཆུང་གི་གཙོ་ཕལ་མི་ཤེས་བར་ཆེན་པོ་ལ་སོ་སྲུང་དང་དམན་པ་ལ་དམའ་འབེབས་དང་མཐོང་ཆུང་བྱེད། ལྷག་ཏུ་དགོན་སྡེའི་བླ་རྒན་འགས་དགེ་བཅུ་ཁྲིམས་དག་ལས་དགེ་བ་བཅུའི་མིང་ཙམ་ཡང་མཐར་ཆགས་སུ་བགྲང་མི་ཤེས་བར་ཡུལ་ལུང་ལ་འདུག་མི་བདེ་བ་དང་མཐུན་སྒྲིལ་ལ་གཏོར་རླགས་བྱེད་པ་འདི་ནི་ངོ་མ་བཤད་ན་དུས་རབས་དང་མི་རབས་འགྱུར་རིམ་བཞིན་ཁོང་ཚོའི་ངོ་གདོང་ལ་བག་ཚ་དགོས་པ་དང་ཞེ་གནོང་འོང་བ་ཞིག་རེད། ད་དུང་རང་ཉིད་ལ་དོན་དམ་ཆོས་ཀྱི་གཞི་རྐང་གཏན་ནས་མ་ཚུད་བར་དགེ་བ་བཅུ་ལས་འདའ་ན་ཤི་རྗེས་བར་རྡོའི་ཁམས་ནས་འབྲེལ་འདྲིས་མེད་ཅེས་སོགས་བཤད་དེ་སྡིག་དམོད་དང་འཇིགས་སྐུལ་གཏོང་བ་དག་ནི་ངོ་མ་ཞེ་འདིང་ནས་གོད་མོ་ཤོར་བ་དང་ངོ་ཚ་བྱེད་ཅིག་མ་ཡིན་ནམ།

ཆོས་ལུགས་རང་གི་གཏུགས་ས་ཡོད་ན་མེད་ན་དེ་སྟོན་པ་ཁོང་ཡིན་དུས་ཁོང་གིས་ཀྱང་ཁྱོད་ཀྱིས་དགེ་བཅུ་སྲུང་ཞིང་ཆོས་ལ་དད་ལ་ཕྱི་མ་བར་རྡོའི་འཕྲང་ནས་འུ་གཉིས་འབྲེལ་བ་ཡོད། དེ་མིན་ན་བར་རྡོའི་འཕྲང་ནས་ཀྱང་འུ་གཉིས་ཁ་ཁ་ཡིན་འབྲེལ་བ་མེད་ཅེས་གཏན་ནས་གསུང་མྱོང་མེད་ལ། ཁོང་གིས་ངས་ཁྱོད་ལ་ཐར་བའི་ལམ་བསྟན་ཞིང་ཆོས་ལ་བསྐུལ་ཡོད་ནའང་ཕྱི་མ་རབ་རྡོའི་འཕྲང་ནས་སོ་སོའི་ལས་དཀར་ནག་གི་ལམ་འདེད་དགོས་པ་ལས་སྐྱོབས་ཐབས་ཞིག་གཏན་ནས་མེད་པ་ནི་སྟོན་པ་ཁོང་གི་དགོངས་ཕྱོགས་ཤིག་རེད། ཅི་ཡང་མི་ཤེས་ཤིང་གང་ཡང་ལའང་རྨོངས་པའི་ལུང་ཁུག་གི་མི་སེར་དག་ལ་ལུང་ཆུང་གི་བླ་ཆེན་ཚོས་ནམ་ཡང་འདི་ལྟར་སྡིག་དམོད་དང་འཇིགས་སྐུར་བཏང་སྟེ་ད་ལྟའི་སྤྱི་ཚོགས་འདི་ནས་ཚོང་ལས་དང་དཔལ་འབྱོར་ཆབ་སྲིད་སོགས་ཡོད་ཚད་ལ་མོ་བོ་རྨོངས་པ་ཞིག་བྱས་ནས་འདུག་པ་ནི་མངོན་གསལ་མ་ཡིན་ནམ།

སྤྱི་ཡོངས་ནས་བལྟས་ན་ནང་ཆེན་པའི་ལུང་པ་འདི་ནས་ད་ལྟའི་ཆར་སློབ་ཆེན་པ་དང་གཞུང་འབྲེལ་ལས་བྱེད་སོགས་ཧ་ཅང་ཉུང་ལ་ཉུང་བའི་རྒྱུ་མཚན་ཡང་གོང་དུ་བཤད་པ་དག་ལ་འབྲེལ་བ་ཡོད་མོད། གཙོ་ཆེར་སོ་སོའི་ཁྱིམ་ཚང་དག་གིས་ཤེས་ཡོན་དང་རིག་གནས་སོགས་ལ་དགེ་མཚན་ཡོད་པ་ཞིག་གཏན་ནས་མ་མཐོང་ཞིག་མ་ཤེས་པར་འདི་ལྟར་གུད་པར་ཆས། དེའི་སྟབས་ཀྱིས་སྒོ་སྡེ་ནང་ཆེན་པའི་གྲུབ་མཐའི་སྲོལ་བཟུང་དང་བླ་ཆེན་དག་གིས་ཆོས་ཁ་ལ་འཁྱེར་བའི་གོ་སྐབས་ཤིག་ཐོབ་ཡོད།

ས་སྐྱ་བས་བོད་སྲིད་བཟུང་སྐབས་ནང་ཆེན་པའི་ལུང་པ་དེར་ས་བགོས་དང་དགོན་སྡེ་ཆགས་པ་གྲུབ་མཐའི་འཐབ་རྩོད་བྱུང་བ། བོད་སྤྱིའི་ལོ་རྒྱུས་ཀྱི་སྣེ་ཟུར་འབྲེལ་བའི་དཔུང་ཁང་གྱེས་པ་དང་ནང་ཁུལ་ནས་ཇག་རྐུན་གྱི་གནད་དོན་བྱུང་བ་སོགས་ཀྱིས་མཚོན་ནང་ཆེན་པ་ལའང་རྒྱལ་རབས་ཀྱི་མགོ་ཞིག་བྱུང་སྟེ་འུར་འགྲོགས་དང་ཨག་གྱི་རླུང་བུས་དེད་དེ་དགོད་སློང་བ་དང་ངུ་བྲོ་བའི་གཏམ་རྒྱུད་དང་ལོ་རྒྱུས་མང་ཙམ་ཞིག་བྱུང་བ་རེད།

ལར་ཁམས་ཕྱོགས་ཀྱི་མི་རིགས་དག་སྔ་མོའི་དུས་དམག་ཡར་འདྲེན་གྱི་གྲས་སུ་འཇོག་ཀྱང་ད་ལྟའི་ཆར་མདོ་སྨད་ལོ་རྒྱུས་དཔྱད་ཞིབ་པ་འགའ་ཡིས་རྒྱ་དང་འཐབ་མོ་བཀྱེ་མ་ནུས་པར་གྲོས་བྱོལ་བྱས་པས་ཁྱབ་ཆེ་བར་བཤད་པ་ཡང་དོན་ལ་གནས་པར་བསམས། སྔ་མོའི་ཆུ་བཞི་ལྒང་དྲུག་གཅིག་སྒྲིལ་གྱི་གནད་དོན་ལ་བསམ་ན་ནི་ད་ལྟའི་གཏམ་རྒྱུད་དག་ལ་ཞེ་མེར་འོང་བ་དང་ངོ་ཚ་དགོས་པ་ཞིག་ཡིན་ཚོད།

ཞིབ་དཔྱད་དང་བལྟ་ཉུལ་ཅི་ཡང་མེད་པར་ལོ་རྒྱུས་པ་གཞན་ཞིག་གིས་ཚིག་གི་འགྲོས་དང་དབུས་ཁམས་མདོ་གསུམ་ལ་ཆེད་བགོས་ཤིག་བསམ་སྟེ་མདོ་སྟོད་མིའི་ཆོལ་ཁ་<>ཞེས་བཤད་པའི་དུས་དེ་ནས་བཟུང་ཁམས་པའི་མི་དག་གི་སྣང་བ་ཇེ་མཐོ་ལ་སོང་སྟེ་བོད་སྤྱིའི་གནད་དོན་ཕར་རིའི་རི་ལ་གཡུག་ཤིང་ཤོག་ཁག་ཤོག་ལ་དམག་བསླངས། དགྲ་རྐུན་ཇག་གསུམ་བ་མགོ་བོ་ཇེ་བདེེ་སོང་ཞིང་ནང་གི་ཤེས་རིག་དང་རིག་གནས་ལ་མཐོང་ཆུང་བྱེད་མགོ་ཤིག་ཚུགས་པ་རེད། དེའི་སྟབས་ཀྱིས་ནང་ཆེན་པ་དང་ལོ་རྒྱུས་བབས་པོ་ཞིག་དང་མི་བུ་འཇོན་པོ་ཞིག་ཀྱང་བྱུང་མེད།

འདི་ལྟར་ཡང་དེད་ན་ངོ་མ་ཞེ་སུན་འོང་བ་དང་སྙིང་ལངས་འོང་བ་ཞིག་ཡིན་ནའང་ད་ནི་ང་ཚོའི་ཅིས་ཀྱང་ཤེས་ཡོན་རིག་གནས་ལ་མཐོང་ཆེན་བྱས་ཤིང་གཞོན་སྐྱེས་གཞུང་བོ་ཚོར་གཙིག་ཆེན་བཟུང་རྒྱུ་ལས་གཞན་མེད། ནང་ཆེན་པའི་རྒྱལ་རབས་བཙལ་འཚོལ་དང་ཞིབ་དཔྱད་དང་གསར་རྩོམ་བྱེད་རྒྱུ་ནི་གལ་ཆེན་ཞིག་ཏུ་མཐོང་བས་འདིའི་སྐོར་ནས་ཡུལ་ནང་ཆེན་པ་ལ་བློ་ཁ་ཕྱོགས་པའི་མི་བུ་དག་གིས་ཅིས་ཀྱང་བརྩོན་དགོས།

ཁ་བྱང་དང་མ་འཕྲོད་པའི་གཏམ་མང་ཙམ་བྱུང་བར་དགོངས་དག་དང་འབྲེལ་རྗེས་སུ་རང་གི་གདམ་ཕྱོགས་ལོ་རྒྱུས་དང་འབྲེལ་བའི་ཚོད་ལྟའི་དཔྱད་རྩོམ་ད་དུང་འབྲི་བར་མོས་པས་ནང་ཆེན་རྒྱལ་རབས་དང་འབྲེལ་བའི་ཡིག་ཆ་དག་ལས་ལུང་འདྲེན་གྱིས་སྤྱན་ལམ་དུ་འབུལ།

ཁྲི་མཆོད་ཀོང་ནས་2015.9.10ཉིན་ཡུལ་ལན་གྲུའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་ནས་བྲིས་ཤིང་སྤེལ།