ཕྱི་རུ་སྟོན་རྒྱུ་ཞིག་དང་ནང་དུ་འཛིན་རྒྱུ་ཞིག་ནི་དགོས་རེད།


གསར་གཏོད་ནི་ཤུལ་དུ་འཇོག་འོས་པའི་རྒྱུ་ནོར་ཡིན།


ནོམ་པ་བསགས་ནས་རྗེས་རབས་པར་ཅང་འཇོག་མི་ཐུབ་ན་ཤེས་བྱ་བསླབ་ནས་རྗེས་རབས་པར་ཅི་ཞིག་འཇོག་དགོས་པ་རེད་དེ། དེ་ལྟ་མིན་ན་ཁྱིམ་ཚང་དང་མི་རིགས། རྒྱལ་ཁབ། མིའི་རིགས་ཀྱི་གསོ་བདེ་མ་རེད་དམ།


མི་ཚེ་ནི་བུ་ལོན་ལེན་པ་དང་གསབ་པའི་བརྒྱུད་རིམ་ཞིག་རེད།


ཁྱོད་ཀྱི་མགོ་གནོན་མཁན་དེ་ཁྱོད་ཀྱིས་ཇི་ལྟར་རྩིས་པས་དེ་ལྟར་ཁྱོད་ཀྱི་མགོ་གནོན་དུ་འགྱུར་ལ་ཁྱོད་ཀྱིས་ཇི་ལྟར་མི་བརྩི་བ་དེས་དེ་ལྟར་ཁྱོད་དང་འདྲ་མཉམ་དུ་གཏོང་བ་ཡིན།


དཔོན་པོ་ལ་ལ་ཞིག་གིས〝མི་ནི་སོ་སོའི་ཁེ་ཕན་གྱི་ཆེད་དུ་གསོན་ཡོད〞(ཁོ་བོས་རྫོང་དཔོན་གཞོན་པ་ཞིག་གི་ཁ་ནས་དངོས་སུ་ཐོས་མྱོང)པར་སྨྲ། ཚོང་བ་རིག་དྭངས་འགས〝མི་ནི་སྤྱི་ཚོགས་ལ་ཞབས་ཞུ་ག་གེ་མོ་ཞིག་བསྒྲུབ་ཕྱིར་གསོན་ཡོད〞པར་བཤད། མང་ཚོགས་དཀྱུས་མ་ཚོས〝མི་ནི་སོ་སོའི་ཁྱིམ་ཚང་གི་ཁ་རྒྱབ་ཀྱི་དོན་དུ་གསོན་ཡོད〞པར་སྙམ།——ཐ་སྙད་བཀོལ་སྟངས་མི་འདྲ་བ་སྣ་ཚོགས་ཀྱིས་ཚོགས་སྤྱི་དེའི་འཚོ་གནས་ཀྱི་གསང་དོན་མང་བོ་ཞིག་ཕྱི་ལ་འགྲེམ་སྟོན་བྱེད་ཀྱིན་པ་མ་རེད་དམ།


ད་ལྟའི་ང་ཚོའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་སྟངས་ལ་རྗེས་ལུས་ཀྱི་རྣམ་པ་འདི་དག་ཡོད་དེ།

(༡)ངེས་གཏན་གྱི་འཆར་འགོད་མེད་པ། བྱིས་པས་རྩེ་ཁང་ཕུབ་པ་ལྟར་གང་དྲན་དྲན་དུ་རྒྱུ་དངོས་མ་རྩ་ཕུད་ནས་འཛུགས་སྐྲུན་བྱེད་ཅིང་འཛུགས་སྐྲུན་དེའི་སྤུས་ཀ་ཞན་པ་དང་གྲོང་ཁྱེར་ཆགས་རིམ་སྤྱིའི་ས་བབ་ལ་སྣང་འཇོག་མེད་སྟབས་བཙུགས་པ་འཐོར་སླ་ཞིང་བསྐྲུན་པ་གཏོར་སླ་བ་ཆགས་ཡོད། དེ་ནི་རྒྱུ་ཆ་དང་མ་དངུལ། ཁོར་ཡུག་ཆུད་ཟོས་དང་འབག་བཙོག་ཏུ་གཏོང་སྟངས་ཤིག་རེད་ལ་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་དེར་སྡོད་མང་ཚོགས་ལ་བར་ཆད་བཟོ་ཚུལ་ཞིག་ཀྱང་རེད་དེ། ཤི་ཐག་འབད་ཐག་གིས་གྲོང་ཁྱེར་ནས་ས་ཞིག་ཉོས(ཐོག་བརྩེགས་ཀྱི་ཇུས་འགོད་དོག་དྲགས་ཏེ་འགྲོ་འདུག་དང་ཉིན་རེའི་ཁྱིམ་ཚང་བྱ་བ་བྱེད་པར་སྟབས་བདེ་མེད་པ། ཆ་རྐྱེན་ནང་བཞིན་མཐོ་སྟབས་བག་ཕེབས་དང་ལྷད་ཡངས་ཀྱི་བར་སྟོང་མེད་པར་གནོན་ཤུགས་དང་མཉམ་དུ་སྡོད་དགོས་པ) ས་དེར་ཁང་གཞི་ཁང་སྐོར་བསྐྲུན། བློ་བདེ་ལ་བབ་ནས་ཏོག་ཙམ་མ་འགོར་བར་ཡིག་ཆ་གང་རིགས་ཤིག་སླེབས་ནས་ཁང་ས་དེར་གྲོང་ཁྱེར་དཔལ་འབྱོར་འཛུགས་སྐྲུན་གྱི་ཆེད་ཐོག་བརྩེགས་བསྐྲུན་དགོས་པར་བཤད་དེ་སྔར་མ་བསྒྲགས་པའི་བཀའ་བཀོད་གསར་བ་ཞིག་འཇོག་པ། སྲང་ལམ་ལ་ལ་དོག་དྲགས་ཏེ་འགྲིམ་འགྲུལ་འཁོར་སྐྱོད་ལ་སྟབས་བདེ་མེད་པ། གྲོང་ཁྱེར་གྱི་ཆེས་གནས་ས་དེར་སྲིད་འཛིན་ལས་ཁུངས་དང་སྨན་ཁང་། སློབ་གྲྭས་གང་ནས་དེར་སྡོད་མི་དམངས་ལ་ཚོང་རྒྱག་སའི་བར་སྟོང་མེད། སྨན་ཁང་གི་འཁོར་སྐྱོད་མིག་མདུན་ལ་བཞག་པ་དེས་མིའི་སེམས་པ་སྐྱོ་བར་གཏོང་བ། སློབ་མའི་བདེ་འཇགས་ལ་ཚད་མཐོན་པོའི་འཁོར་བགེགས་ཉེན་ཁ་ཡོད་པ། བཙུགས་ནས་འཐོར། བསྐྲུན་ནས་གཏོར་བའི་བརྒྱུད་རིམ་དེས་གྲོང་ཁྱེར་གྱི་འགྲོ་སྲོལ་དང་སྣང་བརྙན་ལ་ཕོག་ཐུག་འབྱུང་བ། བར་ཆད་དང་བྲེལ་འཚུབ་ཀྱི་རྗེས་ན་ངོམ་དུ་རུང་བའི་འཛུགས་སྐྲུན་དང་ཡིད་སེམས་བདེ་བའི་བག་ཕེབས་ཀྱི་གནས་སྡོད་སྔར་བཞིན་དཀའ་བ་དེ་འདྲ་བ་ཡིན།

(༢)ས་ཁུལ་གྱི་ཁྱད་ཆོས་མེད་པ། གྲོང་ཁྱེར་སྤྱིའི་ཆགས་རིམ་དང་བྱེ་བྲག་གྲོང་ཁྱེར་འཛུགས་སྐྲུན་གང་ལའང་ས་ཁུལ་དེའི་མི་རིགས་དང་ས་བབ་དེའི་གྲོང་ཁྱེར་འཛིགས་སྐྲུན་གང་ལའང་ཐུན་མིན་གྱི་དམིགས་བསལ་ཁྱོད་ཆོས་གང་ཡང་མེད་པར་ཕ་རོལ་བོའི་ཆེས་སྤྱིར་བཏང་བར་འགྲོས་སྦྱར་ཡོད་པ། དེས་ཡུལ་སྐོར་ལྗོངས་རྒྱུའི་འགུག་ཤུགས་དང་དེར་སྡོད་མི་དམངས་ཀྱི་རིག་གནས་ཉམས་ཆག་ཉམས་དམས་སུ་གཏོང་བ།

(༣)ས་བབ་ཀྱི་དགེ་མཚན་སྣང་མེད་དུ་བཞག་པ།
མཐོ་བ་ཐམས་ཅད་དམའ་མོར་བྱས། ས་གཤོངས་ཐམས་ཅད་མཐོན་པོར་བསྙམས། ནགས་ཚལ་དང་ཆུ་མིག ཆུ་ཕྲན། ལོ་རྒྱུས་ལྡན་པའམ་ས་ཁུལ་གྱི་ཁྱད་ཆོས་བདོག་པའི་གྲོང་དང་དགོན་སྡེ་ལ་དམིགས་བསལ་གྱི་སྲུང་སྐྱོབ་ཅང་མེད་པར་བསམ་བསམ་གཅོད་ཅིང་བསྣུབས། ཁ་ཆག་སྣ་རལ་དུ་བྱས་ཏེ་ཆེས་ཐུན་མིན་ཏེ་ཆེས་སྤྱིར་བཏང་བར་བཏང་། ཆེས་སྤྱིར་བཏང་བ་དེར་ལྷན་པ་དགུ་བརྩེགས་ཀྱིས་ཁྱད་ཆོས་ཤིག་ཐོན་པར་འབད། འཛུགས་སྐྲུན་བྱེད་ས་དེར་བྱས་དྲགས་ནས་གཡས་གཡོན་ལ་འཁོར་རྒྱ་མེད་པ་དོང་དུ་ལྷུང་བ་ལྟ་བུ་ཐ་ན་ལྷོད་ཡངས་དང་ངལ་གསོའི་སྤྱི་གླིང་བཅའ་དག་ཅིག་ཀྱང་མེད་པ། འཛུགས་སྐྲུན་བྱས་མེད་ས་དེར་དམིགས་བསལ་གྱི་རིན་ཐང་ཅི་ཡང་མེད་ཀྱང་ས་སྟོང་ལུང་སྟོང་དུ་བསྐྱུར་ནས་ས་དེའི་བེད་སྤྱོད་ཆུད་ཟོས་སུ་གཡུགས་ཡོད་པ། རང་བྱུང་ལ་རང་བྱུང་གི་གསོན་ཤུགས་བཅོམ་ཞིང་མིས་བཟོས་ལ་མིས་བཟོས་ཀྱི་འགུག་ཤུགས་ཉམས་པར་བྱས་པ་དག་ནི་ང་ཚོའི་གྲོང་ཁྱེར་འཛུགས་སྐྲུན་གྱིས་བྱས་པའི་མང་ཚོགས་ཀྱི་ལྷིང་འཇགས་བཅོམ་ཞིང་གྲོང་ཁྱེར་གྱི་མཛེས་པ་གཏོར་བའི་སྣང་ཚུལ་ལོ༎


ཤེས་རབ་ནི་བསྡུར་བ་ལས་བྱུང་།


སྐྱིད་དུས་སྡུག་མ་བརྗེད། སྡུག་དུས་སྐྱིད་མ་བརྗེད།

༡༠
མི་གྲངས་མང་བ་ལ་མི་རིགས་ཉེན་སྲུང་གི་དགེ་མཚན་བདོག་པ་ཡིན་ལ་མཐའ་གཅིག་ཏུ་བདོག་པའི་ངེས་པའང་མེད།

༡༡
ཕྱི་མི་ཞིག་གི་ངོས་ནས་ཁོས(ཡང་ན་མོས)ཁྱོད་ལ་ཅི་ཞིག་བྱ་དང་བྱ་བའམ་ཁྱོད་ཀྱིས་ཁོ(ཡང་ན་མོ)ལ་ཅི་ཞིག་བྱ་བའམ་བྱེད་པ་ནི་ཁྱོད་རང་ཉིད་དེ་ལྟར་བྱ་དང་བྱེད་པར་འདོད་ཅིང་འཐད་པ་ཡིན་མིན་ལ་བལྟས་པ་ཞིག་ཡིན།

༡༢
ངར་བ་བྱས་ནས་འདུག་མི་ཐུབ་ན་ངན་པ་བྱས་ནས་བསྡད་པས་ཅི།

༡༣
སྒྱུ་རྩལ་བས་བསྟན་པའི་ཉམས་དགའ་བ། ཞེ་མཚར་བ། མིག་དབང་འཕྲོག་པ། ཡིད་འགུལ་སྤྱད་ཀྱི་བརྩམས་ཆོས་དེ་དག་གི་དངོས་ཡོད་ནི་ཆེས་སྤྱིར་བཏང་བ་རེ་ཡིན་སྲིད།

༡༤
སྐད་མེད་ན་གླུ་མ་ལེན། དཔའ་མེད་ན་གྱོད་མ་འདྲེན།

༡༥
བཟང་ན་ཐམས་ཅད་བཟང་བར་ལྟ་བ་དང་ངན་ན་ཐམས་ཅད་ངན་པར་ལྟ་བ་ནི་སོ་སོའི་བསམ་པའི་དབང་དུ་སོང་བའི་ལྟ་ཚུལ་ནོར་འཁྲུལ་ཞིག་རེད།

༡༦
བསླབ་ཚན་དེ་དང་འབྲེལ་བའི་སྦྱངས་འབྲས་ཡོད་མཁན་ཞིག་གིས་བསླབ་ཚན་དེ་སློབ་ཁྲིད་ནི་བྱེད་ཐུབ་རེད། འོན་ཀྱང་བསླབ་ཚན་དེ་སློབ་ཁྲིད་བྱེད་ཤེས་མིན་ནི་ཡུན་གྱིས་བཤད་དགོས་པ་ཞིག་གམ་འཁྲིད་ཡུལ་གྱི་སློབ་མའི་སྦྱངས་འབྲས་ལ་བལྟས་ནས་བཤད་དགོས་པ་ཞིག་ཡིན།

༡༧
ནང་དོན་གོ་ལེན་དང་བེད་སྤྱོད་ཀྱི་ཐད་ནས་གསལ་ཁ་མ་བཏོད་པར་སློབ་མ་ཚོར་སྡོམ་ཚིག་བློ་ལ་འཛིན་རྐྱང་བྱེད་དུ་འཇུག་པ་ནི་དགེ་རྒན་གྱི་ནོར་འཁྲུལ་ཞིག་རེད།

༡༨
སྙན་གྲགས་དང་ཆེ་བསྟོད་ཀྱི་དབང་དུ་མ་སོང་བ། ངོམ་སོ་དང་ཁེ་ཕན་གྱི་ཕྱིར་ལན་ལ་མ་དམིགས་པར་འབྱོར་མེད་ནད་པ་ལ་འབྱོར་བའི་ཐོག་གི་རོགས་སྐྱོར་དང་མགོན་མེད་མི་བུ་ལ་འཚོ་གནས་ཐོག་གི་ཕྱོགས་སྟོན། བདག་མེད་རྒན་རྒོན་ལ་བྱམས་བརྩེ་ཐོག་གི་དྲོད་ཁོལ། རང་ཉིད་ཀྱི་བྲ་ཚོད་ཐུབ་ཚོད་ལྟར་སྦྱིན་པ་ལས་ལྷག་པའི་སེམས་དཀར་དགེ་བ་ཞིག་གང་ན་ཡོད(སྤྱི་ཚོགས་ཐོག་དར་སྤེལ་དང་གདུང་སེམས་མཉམ་སྐྱེད་བྱ་འོས་པའི་མི་ཆོས་ཀུན་སྤྱོད་རླབས་ཆེན་ཞིག་ཀྱང་ཅི་ལ་མིན)—རང་ཉིད་ཀྱིས་ཅང་འཇོན་མེད་རུང་དེ་ལྟར་གནང་བའི་སེམས་དཀར་སྐྱེས་བུ་དག་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཡི་རང་། རོགས་རམ་རྒྱབ་སྐྱོར་ཞུ་དགོས་པ་ལགས་སོ༎

༡༩
སྒྱིད་ལུག་དང་ཆག་པོ་བྱས་ནས་འབྱོར་མེད་དུ་སོང་བ་རྣམས་ལ་རྒྱབ་སྐྱོར་བྱས་དང་མ་བྱས་ཅང་མེད་དེ། ལྷག་ཏུ་འབྱོར་མེད་དུ་གཏོང་བ་ཙམ་ཡིན།

༢༠
མི་ཆོད་པ་བཙན་གྱིས་གཅོད་པར་མི་བྱ། མ་གོམས་པ་བཙན་གྱིས་སྒོམ་པར་མི་བྱ། མི་ཤེས་པ་མང་བོ་དྲན་པར་མི་བྱ། མ་ཐོབ་པར་འགྱོད་པ་ཐལ་དྲགས་མི་བྱ། མི་ནུས་པར་རེ་སྟོང་འཛིན་པར་མི་བྱ། མ་ངེས་པར་ཁ་ཚོན་གཅོད་ཐག་མི་བྱ།—འདོད་པ་ལ་ཆེ་བ་མཁོ་ཡང་སེམས་ཁམས་ལ་རང་བྱུང་འཚམ།—སེམས་ཁམས་བདེ་བོ་མ་བྱུང་ན་བཙན་ཚུགས་ཀྱི་འདོད་པ་དེས་ཅི་ཞིག་བྱ། ཡང་གཅིག་བཤད་ན་བདེ་ཐང་གི་སེམས་ཁམས་ཤིག་ཡོད་ན་བདེ་སྐྱིད་ཀྱི་འདོད་པ་ཅི་རིགས་ནི་ནམ་ཡིན་ཡང་བསྐང་ཐུབ་པ་རེད།

༢༡
རླབས་ཆེ་བའི་ཁྱིམ་བདག་ཚོ། བྱིས་པ་བསམ་མེད་ཅིག་ཚོད་ཚོད་ལ་གྲྭ་བ་བྱེད་དུ་འཇུག་པ་མི་འོས་ཏེ་དེ་ནི་ཁྱེད་ཚོའི་ཤེས་མེད་ཀྱི་སྒེར་གཅོད་དང་ཐབས་རྡུགས་ཀྱི་སེར་སྣ། ཕུགས་མེད་ཀྱི་ཁྱིམ་ཇུས་སོ༎

ཡིན་ཚུལ་ནི(༡)རྟགས་མཚན་སྤྱིར་བཏང་བ་ཞིག་གམ་ཚོགས་སྤྱིའི་བསྟོད་བསྔགས་ཉི་ཚེ་བ་རེ་ལ་གཞི་བཅོལ་ནས་སེམས་དང་འདོད་པར་ཁ་ལོ་མེད་པའི་སྐབས་ཀྱི་བྱིས་པ་ཚོད་ཚོད་ལ་གྲྭ་བ་བྱེད་དུ་བཅུག་པ་ཡིན་ན་བྱིས་པའི་མི་ཚེ་ལ་ཁྱེད་ཚོའི་སྒེར་གཅོད་དང་བསམ་དཀར་གྱི་བསམ་ནག་དེས་ཁོ་ཚོའི་མ་འོངས་པར་དགོས་མེད་ཀྱི་མུན་ནག་དང་ལན་ཆགས་བསྐྲུན་བཞག་ཡོད་པ། རང་སྟེང་ནས་སོམས་དང་རང་ཉིད་གྲྭ་བ་བྱེད་མ་ཐུབ་པར་ཡོད་བཞིན་ཁྱེད་ཚོའི་བྱིས་པ་ཚོ་ཁྱེད་ཚོའི་ཚབ་ཏུ་གྲྭ་བ་ཅི་ཞིག་ལ་བྱེད་དགོས་རེད། ཁྱོད་ཀྱི་བྱིས་པས་ཅི་ཞིག་ལ་སྤྱི་སེམས་དེ་འདྲ་དང་དུ་ལེན་དུ་དགོས་རེད་དེ་ཁྱེད་ཚོས་ཀྱང་དེ་ལྟར་སྒྲུབ་མེད་པ་མ་རེད་དམ། ཡང་ན་བྱིས་པའི་གཏན་གྱི་བདེ་བའི་ཕྱིར་བྱིས་པ་ཚོ་ཅི་ཞིག་ལ་གྲྭ་བ་བྱེད་དགོས་རེད་དེ་ཁྱེད་ཚོས་ཀྱང་རང་གི་གཏན་གྱི་བདེ་བའི་ཕྱིར་དེ་ལྟར་འབད་བརྩོན་བྱས་མེད་པ་མིན་ནམ། ཁྱེད་ཚོས་རང་ཉིད་གཏན་བདེ་ལ་འཇོག་མི་ཐུབ་ན་བྱིས་པར་གཏན་བདེ་ཐོབ་པ་ཅི་ཞིག་གིས་ཤེས། དེ་བས་མ་མཐའ་ཡང་རང་གི་བྱིས་པར་སྒེར་གཅོད་ཀྱི་གནོད་འཚེ་བཟོ་བ་མི་འོས་སོ༎

(༢)དངོས་ཡོད་གནས་ཚུལ་ལ་བལྟས་ཡོང་ན་གྲྭ་བ་བྱེད་མཁན་མང་ཆེ་བ་ཞིག་གི་ཁྱིམ་བདག་ཚོས་སོ་སོའི་ཁྱིམ་ཚང་གི་ཁུར་བོ་ཇེ་ཡང་དུ་གཏོང་ཕྱིར་བྱིས་པ་དེ་གྲྭ་བ་བྱེད་ཀྱིན་པ་ནི་གྲྭ་བ་བྱེད་དུ་ཅིའིི་ཕྱིར་བཅུག་པའི་ལྐོག་གི་རྒྱུ་རྐྱེན་ཞིག་ལ་ཆགས་ཡོད་དེ། གྲྭ་བ་མ་བྱས་སློབ་གྲྭར་མངགས་ན་འགྲོ་སོང་ཆེ་བ། ཁྱིམ་དུ་བཟའ་མི་མང་བ། ཡང་ན་དབང་བོ་ལ་སྐྱོན་ཡོད་པ། མི་ལྷག་ཏུ་ལྟ་ས་དག་མ་སེམས་ཅན་གྱི་དོན་དུ་དགོན་སྡེར་སྐྱེལ་བཞིན་ཡོད་རེད། (བྱིས་པ་རིག་བཟང་ཡ་རབས། ཆེས་འདང་རྩིས་ཆེ་ས་དེ་གྲྭ་བ་བྱས་ནས〝དགེ་བ་མཆོག་གྱུར〞སྒྲུབ་མཁན་མངོན་སུམ་དུ་ཡོད་ཀྱང་དེ་ནི་སྔར་བཞིན་ནོར་འཁྲུལ་ནི་མིན་ཐབས་མེད) ཁྱེད་ཚོས་སེར་སྣ་བྱས་ཆོག བྱིས་པར་འགོ་བཅའ་འཇོག་འོས། འོན་ཀྱང་ཁྱེད་ཚོས་རང་གི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཕྱིར་རང་གི་བྱིས་པར་ཐུབ་ཚོད་དང་བརྙས་བཅོས་བྱེད་པ་ནི་ཅི་ལྟར་གནས་ལུགས་དང་མཐུན་པ་ཞིག་ཏུ་འགྱུར་རམ། དེ་ནི་ཤ་ཚ་བ་ཡིན་ནམ།

(༣)ལོ་ཆུང་བྱིས་པའི་ཚེ་གྲྭ་བ་བྱས་པ་དེར་སྣང་ཚུལ་ངན་པ་འདི་དག་ཡོད་དེ། གྲྭ་ལོག་བྱེད་ཚད་མཐོ་བ། དེས་ཁོ་རང་དང་ཁྱིམ་ཚང་གིས་མཚོན་པར〝ལམ་ལོག〞དང་གནོན་ཤུགས་ཕྱིན་པ། སྤྱིར་ཐོན་ཁུངས་དམར་ཚ་ཐག་ཅིག་ཡིན་པ་ལ་ཁྱེད་ཚོས་འཁོར་བ་འཁོར་བའི་ལམ་བུ་གཏུབ་ཅིང་དམ་ཆོས་ཆོས་ལ་སྤྲོ་བ་ཞན་པའི་ཐོན་ཁུངས་ཤི་བོ་ཞིག་ཏུ་བཏང་ཚར་བ་རེད། སྤྱི་ཚོགས་རིག་གནས་སམ་སློབ་གྲྭའི་རིག་གནས་ཀྱི་གོ་རྟོགས་ཞན་པ(ལ་ལ་ཞིག་ལ་མེད་ཅེས་སྨྲས་ཆོག) དེས་ཕྱོགས་གཅིག་ནས་ཆོས་ལུགས་འཆད་ཉན་ལ་གནོན་ཤུགས་འབྱུང་བ་དང་ཕྱོགས་གཞན་ཞིག་ནས་ཁོ་ཚོར་འཇིག་རྟེན་འཁོར་བར་ངེས་འབྱུང་ལྟ་ཅི་འཁོར་བར་ཆགས་བློ་དང་མཚར་བློས་ཡིད་དྲངས་ནས་ཡོད་པ།

དེ་ན་འདི་ནས་རེ་བཅོལ་འདི་འདྲ་ཞིག་རྒྱག་པར་བྱ་སྟེ།
(༡)གྲྭ་བ་བྱེད་མིན་ནི་མ་གཞི་ནས་རང་དབང་ཞིག་ཡིན་གཤིས་བྱིས་པ་ནར་སོན་ནས་རང་འགོ་འཁྱོངས་ཚད་ལ་ཐོན་ན་གཟོད་ཁོ་ཚོའི་འདོད་པ་ལྟར་གྲྭ་བ་བྱེད་དུ་བཅུག་ན་ཅི་འདྲ་རེད།

(༢)ཁྱེད་ཚོས་ཁྱིམ་བདག་ཅིག་གི་རྒྱུ་འབྲས་བློ་མིག་དང་དུ་བླངས་ཏེ་བྱིས་པའི་མི་འདང་སར་ཁ་གསབ་བྱས་ནས་མི་ཞིག་ཏུ་གཏོང་བར་འབད་དེ་བྱིས་པར་གནོན་ཤུགས་ཀྱི་སྟེང་ལ་གནོན་ཤུགས་མ་ཕྱིན་ན་ཅི་འདྲ་རེད།

(༣)ཁྱེད་ཚོས་རང་དོན་མ་འཁྱོངས་ཤིང་བྱིས་དོན་མ་འགྲུབ་བའི་མནར་གཅོད་དེ་འདྲ་དགོས་མེད་དུ་མི་ཉོ་བར་གྲྭ་བ་བྱེད་ན་བཙུན་ཞིང་མཁས་པ། འགྲོ་དོན་འཁྱོངས་པའི་ཕྱོགས་ལ་སྐུལ་ཞིང་འདེད་པ་དང་དེ་མིན་ན་འཇིག་རྟེན་འཁོར་བའི་ནང་ནས་རང་བདེ་གཞན་ངོམ་དུ་རུང་བའི་ལམ་ལ་རང་གི་བྱིས་པ་ཚོ་ལམ་འཇུག་བྱས་ན་ཅི་འདྲ་རེད།—བྱེད་ན་བཟང་བོར་འབུངས། དེ་མིན་བསྐྱུར་བར་བྱ།—ཁྱིམ་ཇུས་བློའི་ཁུགས་པ་དམ་མི་ཉན༎ དམ་ཆེ་ན་གྱོང་གི་གཞི་མ་སྟེ༎ བུ་ཚ་བོ་མཁྲེགས་ཤིང་གྱོང་བ་ཚོ༎ གནད་དེ་ནས་སྡུག་གི་ལམ་ལ་ལྟུང་༎ ཁྱིམ་ཇུས་བློའི་ཁུགས་པ་ལྷོད་མི་ཉན༎ ལྷོད་ཆེ་ན་རྒུད་པའི་སྔ་ལྟས་ཏེ༎ བུ་ཚ་བོ་རིག་བཟང་ཡ་རབས་ཚོ༎ གང་དྲན་དྲན་བྱས་ནས་རང་ཉིད་བརླག། དགེན་སྲིད་པ་རྒན་པོར་ཕྱོགས་རེས་མེད༎ སྲིད་ཞི་དྲག་མ་འཛོལ་བདེ་སྐྱིད་འབྱུང་༎ གཞོན་དམ་ཆོས་སྨུག་པོར་ཕྱིར་མིག་མེད༎ ཆོས་མདོ་སྔགས་མ་འཁྲུལ་གཞན་དོན་འགྲུབ༎

༢༢
ང་ཚོས་བྱིས་པའི་སློབ་གསོའི་ཁྲོད〝སྤྱི་སེམས〞ཞེས་པའི་ཡིག་འབྲུ་གཉིས་ཁ་སྣོན་བྱ་འོས།

༢༣
མི་ནི་ཅི་ཞིག་གི་ཕྱིར་དུའང་གསོན་མེད། རང་འདོད་དུ་གསོན་པའི་ནུས་པའང་མེད། དེ་ལས་གཞན་པ་དག་ནི་སོ་སོའི་འདུ་ཤེས་འཁྱེར་སྟངས་ཀྱི་གསོན་ཐབས་ཉིད་དེ། སྤྱིེར་གསོན་ཡོད་པའི་རྒྱུ་མཚན་གྱིས་གསོན་ཡོད་པ་ཉིད་དོ༎

༢༤
ནར་སོན་པ། སློབ་གྲྭར་འགྲིམ་པ། ལས་གནས་འཚོལ་བ། གཉེན་སྒྲིག་པ། ཕྲུ་གུ་གཉོར་བ། བྱིས་པ་སློབ་གྲྭར་སྐྱེལ་བ། བུ་དང་བུ་མོས་ལས་གནས་འཚོལ་བ། བུ་དང་བུ་མོས་གཉེན་སྒྲིག་པ། བུ་དང་བུ་མོས་ཕྲུ་གུ་སྐྱེ་བ། ཁྱིམ་གྱི་ལོ་ལོན་རྒན་རྒོན་ཚོ་སྐྱེལ་མ་བྱེད་པ། ཚ་བོ་ཚ་མོ་གཉོར་བ། ཚ་བོ་ཚ་མོ་སློབ་གྲྭར་མངགས་པ། ཚ་བོ་ཚ་མོས་གཉེན་སྒྲིག་པ། ཚ་བོ་ཚ་མོས་ཕྲུ་གུ་བཙས་པ། རང་ཉིད་ཀྱིས་མི་ཡུལ་ལ་བདེ་མོ་འཇོག་པ། ད་ལྟའི་ང་ཚོའི་འཚོ་བ་སྐྱེལ་སྟངས་ཕྱོགས་ངེས་ཅན་ཞིག་ནས་འདི་ལྟར་ཆགས་འདུག་ག ང་ཚོའི་ཚེ་སྟོད་ནི་ཕ་མའི་གམ་དང་ཚེ་སྨད་ནི་རང་གི་བུ་དང་བུ་མོའི་རྒྱབ་ཏུ་གནས། ང་ཚོས་ཆིག་ཐུབ་ཀྱི་འཚོ་བ་ཞིག་རོལ་མ་མྱོང་། དེ་ནི་ང་ཚོ་འདུས་སྡོད་ལ་བརྟེན་པའི་སྲོག་ཆགས་ཤིག་ཡིན་པའི་རྐྱེན་ཡིན་ངེས། ང་ཚོའི་མི་ཚེ་ནི〝སློབ་གྲྭ〞དང〝བྱ་བ〞 〝གཉེན་སྒྲིག〞 〝བྱིས་པ〞བཞིའི་གནད་ཚིག་ཏུ་གནས་འདུག དེ་ལས་བསྡུས་ན〝བྱིས་པ〞ལ་གཏོགས་ཏེ་ཚེ་སྟོད་ཕ་མའི་བྱིས་པ་དང་ཚེ་སྨད་རང་གི་བྱིས་པའོ༎ གཅིག་བྱས་ན་ང་ཚོ་བྱིས་པའི་འཁོར་རྒྱ་ལས་ཐར་ཐབས་མི་འདུག དེ་ལས་ཐར་བས་ང་ཚོས་ལྷག་པ་ཅི་ཞིག་རྙེད་པའི་ངེས་པའང་མེད། སྲིད་པ་རྒན་པོའི་ངག་སྒོ་ནས〝འཁོར་བ〞ཞེས་པའི་ཐ་སྙད་ཅིག་བྱུང་བའང་འཁོར་སྐྱོད་འདི་མཐོང་བའི་རྐྱེན་ཡིན་སྲིད(སྐྱེ་བ་སྔ་ཕྱི་གཉིས་ཁ་ལ་བསྣན་ན་ལྷག་པར་སྨྲ་མ་དགོས) ང་ཚོ་ནི་རང་དོན་དུ་སྐྱེ་ཞིང་གཞན་དོན་འཚོ་ནས་འདུག ཆབ་སྲིད་ལམ་ལུགས་ལ་གསར་གཏོད་ཡོད་ཀྱང་འཚོ་གནས་ལམ་ལུགས་ལ་ཚེ་སྲོག་གསར་བ་ཡོད་ཚོད་མ་རེད། ང་ཚོ་བྱུང་བ་ནས་སྐྱེ་རྒ་ན་འཆིའི་དབང་དུ་ཡོད་ཅིང་ས་ལྒང་ནས་འཇིག་ཚར་རེག་བར་དུའང་སྐྱེ་རྒ་ན་འཆིའི་དབང་དུ་གནས་སྲིད། འདི་ནི་གཅིག་བྱས་ན་མིའི་རིགས་ཀྱི་ལས་དབང་ཡིན་ལ་སྲོག་ལྡན་སྐྱེ་འགྲོ་ཡོངས་ཀྱི་ལས་དབང་ཡང་ཡིན་སྲིད། ཡང་གཅིག་བཤད་ན། ང་ཚོའི་རྣམ་ཤེས་ལ་སྙིང་བོ་ཅི་ཡང་མེད་ངེས། དེ་ནི་ཆོས་ཉིད་ཀྱི་གོ་བརྡ་ཙམ་མོ༎ རེད་དེ། ང་ཚོས་དངོས་སུ་མཐོང་ཡང་སྔར་བཞིན་ཆོས་ཉིད་ཀྱི་སྤྱི་འགྲོས་ཤིག་ཏུ་འཚོ་ལ་མ་མཐོང་ཡང་སྔར་བཞིན་སྤྱི་འགྲོས་དེ་ལས་མ་འདའ་བར་འཚོ་ངེས། འདི་ནི་ང་ཚོ་འཚོ་བའི་ངེས་ལུགས་སོ༎

༢༥
རྫོང་དང་ཁུལ་གང་ཞིག་ཡིན་ཡང་ཆོག གྲོང་ཁྱེར་གྱི་གཞིས་སྡོད་ཟིན་ཚད་ས་དེ་གའི་ཁྱིམ་ཚང་དང་ཁེ་ལས་ཀྱིས་མཐོ་བ་ཡོད་ན་ས་ཁུལ་དེའི་མི་ལ་གསེར་སེར་བོའི་མདུན་ལམ་ཡོད་རེད། དེ་མིན་ས་ཁུལ་དེ་གའི་མི་གྲོང་གསེབ་དུ་སྡོད་པ་ཤུགས་ཆེ། གྲོང་ཁྱེར་གྱི་གཞེས་སྡོད་ཟིན་ཚད་ས་ཁུལ་གཞན་པའི་ཁྱིམ་ཚང་དང་ཁེ་ལས་ཀྱིས་མཐོ་བ་ཡོད་ན་ས་ཁུལ་དེ་ཡོངས་རྫོགས་གཞན་ལག་ཏུ་འཆོར་རྒྱུ་ལས་འོས་མེད་པ་ཡིན(འདི་ལྟར་བཤད་པས་གལ་སྲིད། ཐད་ཀར་ཕྱི་སྒོ་རྒྱག་པ་དང་གཞན་ལ་ལྟ་ཚུལ་འཆིང་རྒྱུ་ཡིན་ན་དེ་ནི་དེ་ལས་ཀྱང་ནོར་འཁྲུལ་གྱི་སྡོམ་གཅུན་ཞིག་གོ)

༢༦
ང་ཚོའི་འཚོ་བ་ནི་གྲངས་ཀ༠~༩རྨང་གཞི་བྱས་པའི་གྲངས་ཀྱི་འཇིག་རྟེན་ཞིག་ཡིན་གཤིས་གྲངས་ཀ༠དང་ཕོ༣ ཡང་ན་མོ༨གང་རུང་འབའ་ཞིག་གི་དོན་དུ་འཚོ་བ་ནི་འོས་པ་མིན་པར་རྨང་གཞིའི་གྲངས་ཀ་རྨང་གཞིར་གནས་སུ་བཅུག་ཐོག་གྲངས་ཀྱི་རྒྱ་མཚོའི་ཀློང་ནས་ཁ་ཕྱོགས་ཤིག་འཚོལ་དགོས་པ་ཡིན་ནོ༎

༢༧
སང་ཉིན་འཆི་རུང་དེ་རིང་གི་བྱ་བ་ལས་མཚམས་འཇོག་མི་འོས།

༢༨
སྐྱེ་འཆི་གང་ལའང་སྙིང་བོ་མེད། གསོན་པ་འབའ་ཞིག་ནི་སྙིང་བོའོ༎

༢༩
འདོད་པ་ཤུགས་ཆེ་བའི་སྐབས་དེར་ཐོབ་ཡོད་པ་དག་བསམ་ནས་བག་ཡངས་མཛོད། སེམས་ཤུགས་ཉམས་པའི་སྐབས་དེར་རང་ཉིད་ཀྱིས་དམན་པར་ལྟ་སའི་ད་ལྟ་རང་ལས་འཕགས་པར་སོང་བ་དག་བསམ་ནས་རང་སྐུལ་བྱོས། སྒྱིད་ལུག་པར་འགྱུར་བའི་སྐབས་དེར་བྱ་དངོས་དེའི་དགེ་མཚན་དང་མཛེས་པ། ཡོན་ཏན་དག་བསམ་ནས་རང་གི་འདོད་པ་ཤུགས་ཆེན་པོར་འབུངས།—ཆབ་སྲིད་ནི་གང་དུའང་གནས་ལ་གནས་ཀྱང་འོས་པའི་འཚོ་གནས་ཀྱི་རྣམ་དཔྱོད་ཅིག་གོ།

༣༠
〝ཆབ་སྲིད〞ནི་འཚོ་གནས་ཐབས་ཤེས་ཀྱི་རྣམ་དཔྱོད་མཚོན་པའི་སྤྱི་མཚན་གྱི་ཐ་སྙད་ཅིག་རེད།

༣༡
དོ་དམ་གྱི་རྣམ་དཔྱོད་ལྡན་ན་འགོ་བ་དང་ལག་རྩལ་གྱི་རྣམ་དཔྱོད་མཆིས་ན་ཕྱུག་པོ་ཡིན་ནོ༎

༣༢
ད་ལྟ་ག་ས་གང་ན་ཟས་རིགས་ཐོན་རྫས་ཀྱིས་མིའི་བདེ་ཐང་ལ་གནོད་སྐྱེལ་ཚུལ་མང་བོ་མཐོང་ཐོས་སུ་འབུད་ཀྱིན་འདུག དེ་ནི་མཁྲེགས་སྟོབས(硬实力)གཞུང་ཕྱོགས་སྲིད་ཇུས་ཀྱིས་ཁེ་ལས་དང་ཚོང་རའི་བྱ་སྤྱོད་ལ་འགན་ཁུར་བ་མི་འདང་བ། མཉེན་སྟོབས(软实力)མཛད་སྤྱོད་པས་རང་གི་བདེ་འཇགས་ལ་འགན་ཁུར་བ་མི་འདང་བའི་རྐྱེན་ཡིན་རྒྱུ་རེད།—ང་ཚོ་ལ་རང་རྟོགས་ཀྱི་འདུ་ཤེས་ཏེ་རང་འགན་རང་གིས་འཁུར་ཞིང་རང་ལས་རང་གིས་ཡག་པོར་སྒྲུབ་པའི་སྤུས་ཀ་སྲ་མོ་ཞིག་ནི་ངེས་པར་དགོས་འདུག དེ་མིན་སུ་ཞིག་གིས་རྒྱུན་པར་མཛུབ་མོ་གདོང་འཛུགས་བྱེད་དགོས་ཚེ་དེ་ནི་མི་བདག་པོ་གཉིས་ལ་དཀའ་ལས་ཤིག་ལས་ཅི་ཡང་མ་རེད།

༣༣
དོ་སྣང་ཆེར་མ་བྱས་པ་མ་གཏོགས་རང་གིས་མཚོན་པའི་མཐའ་འཁོར་གྱི་ཡོད་ཚད〝འགྱུར〞བའི་སྟོབས་ཤུགས་ཆེན་པོའི་ཁྲོད་གནས་པ་ཡིན།

༣༤
ང་ཚོས་ནམ་ཡང་ཡིད་ལ་འཛིན་དགོས་པའི་ལེགས་བཤད་ཅིག་ཡོད་པ་ནི〝སྐྱིད་ལ་རེ་བ་དང་སྡུག་ལ་གྲ་སྒྲིག་བྱེད〞དགོས་པ་དེ་ཡིན།

༣༥
རང་ངོ་མ་ཟིན་ན་རང་ལམ་མི་རྙེད།

༣༦
GDP(རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར)ཡི་འཕར་ཆག་ཁོ་ནར་བལྟས་ནས་སྡོད་པའང་དོན་བཟང་ཞིག་ཡིན་མིན་མི་ཤེས།

༣༧
ད་དུང་ཀྲུང་གོའི་ཡིག་རྨོངས་དང་ཡིག་རྨོངས་ཕྱེད་ཀྱི་ལོ་རྒྱུས་དེ་མཇུག་སྒྲིལ་མེད་དེ། ད་སྔ་སྡོམ་རྩིས་བྱས་པའི་རྒྱལ་དམངས་རིག་གནས་སྤུས་ཚད་ཀྱི་གྲངས་དཔང(数据)ལྟར་ན།
སློབ་གསོ་མྱོང་ཚད། གྲངས་འབོར། (དུང་ཕྱུར) བསྡུར་ཟིན། (%) འཕར་ཆག་གི་འགྱུར་ཚད། (%)
སློབ་ཆེན།
(མཐོ་རིམ་ཆེད་ལས་ཀྱིས་མཚོན་པའི་གོང) 1.20 8.930 +5.32
མཐོ་འབྲིང་།
(འབྲིང་རིམ་ཆེད་ལས་ཀྱང་འདུ) 1.88 14.03 +2.89
དམའ་འབྲིང་། 5.20 38.79 +4.83
སློབ་ཆུང་། 3.59 26.78 -5.92
ཡིག་རྨོངས། 0.55 4.08 -2.64

དེ་འདྲ་ཡིན་ཙང་རང་རེ་ཡིག་རྨོངས་པ་དུང་ཕྱུར༠ཚེག༥༥དེའི་ནང་ཟིན་ཚད་ཅུང་མང་བའི་གྲངས་ཉུང་མི་རིགས་ཤིག་དང་འཕར་ཆག་གི་འགྱུར་ཚད་ནང་ཆག་ཅིང་ཉུང་དུ་འགྲོ་ཚད་ཅུང་དམའ་བའི་སློབ་གསོ་མྱོང་མཁན་དེ་ཡིན་ངེས་པ་ཚོད་དཔག་བྱ་ཐུབ་སྟབས་འུ་ཅག་གིས་རོང་འབྲོག་ངལ་རྩོལ་ཡིག་རྨོངས་པའི་ཡིག་རྨོངས་སེལ་ཐབས་ཀྱི་ཕྱོགས་ལ་ཁ་ཚ་དགོས་གཏུགས་ཀྱིས་ཤུགས་སྣོན་རྒྱག་དགོས་པ་ཆགས་འདུག འོ་ན་ཤུགས་ཅི་ལྟར་རྒྱག་གམ། འདི་ནི་ང་ཚོའི་མདུན་དུ་ལྷུང་བའི་གནད་དོན་གལ་ཆེན་ཞིག་ཡིན་སྟབས་ཁོ་བོས་འདི་ནས་སྐྱ་སེར་ཤེས་ཡོན་པ་ཀུན་གྱིས་སྣང་ཚུལ་འདི་ལ་གདེང་འཇོག་ཚད་མཐོན་པོ་བྱས་ནས་དམངས་བཙུགས་སློབ་གྲྭ་གཉེར་རྒྱུ་ནི་གནད་དོན་འདི་ཐག་གཅོད་པའི་ཐག་གཅོད་ཐབས་གཙོ་བོ་ཞིག་རེད་ཅེས་པ་བརྗོད་པའི་འགོར་ལེན་ཞོར་དམངས་བཙུགས་སློབ་གྲྭ་ཅི་ལྟར་གཉེར་བའི་ཐད་ནས་བསམ་འཆར་འགའ་འདོན་རྒྱུ་ཡིན།

(༡)ས་གནས་ཀྱི་གནད་དོན། རང་རེ་ནི་ཆོས་དད་མི་རིགས་ཤིག་ཡིན་ཞིང་བོད་བརྒྱུད་ནང་བསྟན་གྱི་ཐད་ལ་རིག་རྒྱུ་བློས་བཏང་བའང་ཚད་མཐོན་པོ་ཆགས་ཡོད། དཔེར་ན་དགོན་སྡེ་འཛུགས་སྐྲུན་ལྟ་བུ། ང་ཚོས་བླ་བྲང་བདེ་ཡངས་དང་ནང་བསྟན་སློབ་གྲྭ་ལྟ་བུའི་ཆོས་ལུགས་བྱེད་སྒོ་དུས་རྒྱུན་སྤེལ་མི་དགོས་པའི་གནས་དག་དམངས་བཙུགས་སློབ་གྲྭར་བེད་སྤྱད་ཆོག (ཡང་ན་ཡུལ་ཚོའམ་རོང་བ་ལྟ་བུའི་སྡེ་བ་ཕྱོགས་གཅིག་ཏུ་འདུས་ཤིང་རང་གིས་རང་ལ་སློབ་གསོའི་བྱ་འགུལ་སྤེལ་བའི་ནུས་པ་ཡོད་པ་དག་ཕུད) དེ་ལྟར་བྱས་ན་ལུང་བ་རེ་དང་ས་ཁུལ་རེ་ལ་དགོན་སྡེ་རེ་ཕལ་ཆེར་ཡོད(ད་སྔ་བོད་སྐད་ཡིག་གི་སྡེ་ཚན་ན་གནས་པའི་ནང་བསྟན་གྱི་གྲྭ་བཙུན་ཁྲི་བཅུ་གཉིས། བླ་མ་ཆིག་སྟོང་བདུན་བརྒྱ་ལྷག དགོན་པ་སུམ་སྟོང་ལྷག་ཡོད་ཚུལ་འདུག་ལ་ངོས་ནས་དེ་ལྟ་བདོག་ན་ང་ཚོས་ཐོན་ཁུངས་འདི་ཅིས་ཀྱང་ཆུད་ཟོས་སུ་གཏོང་མི་འོས)སྟབས་ས་གནས་སྟབས་མི་བདེ་བ་དང་གཞིས་ཀ་མི་རྙེད་པའི་དཀའ་ཁག་ཐག་གཅོད་བྱ་ཐུབ། (དགོན་སྡེ་དེའི་འཛུགས་སྐྲུན་ནི་ལྷ་སྡེ་ཚོ་བ་དེའི་རྔུལ་ཆུའི་བཞེངས་འབུལ་ཡིན་གཤིས་མང་ཚོགས་ལ་ཁ་ཕྱིར་འཁོར་ནས་བེད་ཅུང་ཟད་སྤྱད་ན་དེ་ནི་ཡིན་ཆོག་ཆོག་ཅིག་ཆགས་འདུག)

(༢)སྡོད་ཁང་གི་གནད་དོན། ཅི་ལྟར་བཤད་རུང་གྲྭ་གྲོང་གཉིས་ལྷན་གཅིག་ཏུ་འདུག་ཐུབ་པ་མ་རེད་ལ་འོས་པ་ཞིག་ཀྱང་མིན་ངེས། དེ་ན་སློབ་གྲྭ་དེར་འགྲོ་བའི་སློབ་མ་དག་གིས་དགོན་པའི་ཉེ་འདབས་ནས་གཞི་བཟུང་སྟེ་རང་གི་སྡོད་ཁང་དང་ཁ་ཆས་ནི་རང་གིས་ཐག་ཆོད་པ་ཡོད་དགོས།

(༣)བསླབ་ཚན་གྱི་གནད་དོན། ལོ་དགུའི་འགན་བབས་སློབ་གསོའི་བསླབ་ཚན་ནི་སློབ་མ་དེ་དག་གི་བསླབ་ཚན་གཙོ་བོ་དང་ཞར་དུ་མི་རིགས་རང་གི་ལོ་རྒྱུས་དང་མི་ཆོས་ཀུན་སྤྱོད། ལུས་རྩལ་རྣམ་གྲངས་སོགས་ཀྱི་སློབ་གསོ་མྱོང་འོས། (ཆོས་ལུགས་ནི་བསླབ་ཚན་གྱི་ཁྲོད་དུ་བསྲེས་པར་མི་བྱ)

(༤)སློབ་མའི་ཐད་ཀྱི་གནད་དོན། གཞུང་ཕྱོགས་དང་སྒེར་བཙུགས་ཀྱི་སློབ་གྲྭ་འགྲིམ་བཞིན་པའི་རྗེས་ན་ཡོད་པའི་ལོ་བཅོ་བརྒྱད་ནས་ལྔ་བཅུའི་བར་གྱི་མང་ཚོགས་ཡོངས། (༥༠ལས་བརྒལ་བ་དག་གི་བདེ་ཐང་དང་འགྲོ་འདུག་ལ་དཀའ་ཁག་ཡོད་གཤིས་གྲས་སུ་བསྡུ་བར་མི་བྱ་ལ་གཞན་ལུས་ཕུང་བདེ་ཐང་མིན་པ་རྣམས་ཀྱང་བདེ་འཇགས་ཀྱི་ཆེད་དུ་བསྡུ་བར་མི་བྱ)

(༥)དུས་ཚོད་བཀོད་སྒྲིག་གི་གནད་དོན། ན་ཚོད་འདིར་གནས་པའི་མང་ཚོགས་ནི་ངལ་རྩོལ་གྱི་ཐོན་ཁུངས་གཙོ་བོ་ཡིན་གཤིས་གཞུང་ཕྱོགས་སློབ་གྲྭ་ནང་ལྟར་དུས་ཚོད་བཀོད་སྒྲིག་བྱེད་པ་ནི་ལར་ནས་མི་འོས་སྟབས་ལོ་གཅིག་ལ་ཟླ་ཕྱེད་ཙམ་དང་འཁྱོངས་ན་དེ་ལས་ཟླ་གཅིག་ཙམ(དེའི་ནང་སློབ་དེབ་གཉིས་བསླབ་ཚར་དགོས་པ་ཆགས་ཡོད)གྱི་ཡུན་ལས་བཀོད་སྒྲིག་བྱེད་མི་འོས་ལ། དུས་ཚོད་དེ་ཡང་ས་ཁུལ་རང་རང་གི་ངལ་རྩོལ་བྱེད་དུས་ལྟར་ལྟོས་བཅས་ཀྱིས་ཅུང་ཁོམ་པའི་སྐབས་བཀོད་སྒྲིག་བྱེད་དགོས། དེ་མིན་ཁྱིམ་ཚང་གི་ཁྱིམ་མི་ན་ཚོད་དེར་གཏོགས་པ་ཐམས་ཅད་དུས་ཚོད་འདྲ་བའི་ནང་གཞོགས་གཅིག་ལ་སློབ་གྲྭར་འགྲོ་བ་དེ་ཡང་ཀླད་སྟོང་གི་བཀོད་སྒྲིག་ཅིག་ཡིན་གཤིས་ཁྱིམ་ཚང་རེའི་ཁྱིམ་མི་ཕྱེད་ཟླ་བ་སྔ་མའི་ནང་དུ་སོང་བ་ཡིན་ན་སྔར་མ་སོང་བའི་ཁྱིམ་མི་ཕྱེད་ཟླ་བ་རྗེས་མའི་ནང་འགྲོ་དགོས། དེ་ལྟར་བྱས་ན་ཏག་ཏག་ལོ་གཅིག་གི་ནང་སློབ་གྲྭ་ཐེངས་གཉིས་འཚོགས་དགོས་ཤིང་འཚོགས་ཐེངས་དེ་གཉིས་ཀྱི་བསླབ་ཚན་གྱི་ནང་དོན་དང་ལོ་རིམ་འདྲ་ལ་སློབ་མ་མི་འདྲ་བ་ཆགས་ཡོད། དེས་ངལ་རྩོལ་ལ་དལ་འགོར་བྱེད་པ་སྔོན་འགོག་བྱ་ཐུབ།

(༦)སློབ་གྲྭའི་ལམ་ལུགས་ཀྱི་གནད་དོན། མེས་རྒྱལ་ལ་དགའ་ཞེན་དང་མི་རིགས་ལ་དགའ་ཞེན། རང་ལ་དགའ་ཞེན་དང་རིག་གནས་ལ་དགའ་ཞེན། རྒྱལ་ཁབ་ཀྱི་སྲིས་ཇུས་དང་བཅའ་ཁྲིམས་སློབ་སྦྱོང་དང་བརྩི་སྲུང་བྱེད་པ་གཞིར་བཞག་གི་ཐོག དུས་ཚོད་བཀོད་སྒྲིག་དང་སློབ་མའི་གནས་བབ་མངོན་ཆེ་དོ་མི་མཉམ་པའི་དམིགས་བསལ་གནས་ཚུལ་འོག་ལྟོས་བཅས་དམིགས་བསལ་བའི་འཁོར་སྐྱོད་སྒྲིག་ལམ་བཟོ་འོས། དཔེར་ན། ས་ཁུལ་དེས་རང་གི་སློབ་གྲྭའི་གནས་ཚུལ་ལ་གཞིག་ནས་ཁྲིམས་མཐུན་ཡིན་པའི་རྨང་གཞིའི་ཐོག་དམིགས་བསལ་གྱི་སློབ་ཐོན་དཔང་རྟགས་དང་བྱ་དགའ། བྱ་འགུལ་བཀོད་སྒྲིག་བཀོལ་སྤྱོད་བྱེད་པ་ལྟ་བུ།

(༧)དགེ་རྒན་གྱི་གནད་དོན། སྐྱ་སེར་ཤེས་ཡོན་པའི་ཕྱོགས་གཅིག་ནས་སློབ་མར་སློབ་ཁྲིད་དང་ཕྱོགས་གཞན་ཞིག་ནས་སློབ་གྲྭར་དོ་དམ་བྱ་དགོས། (སློབ་གྲྭའི་འགན་ཁུར་བ་ནི་ས་ཁུལ་དེའི་རྒད་པོ་རྒོད་པོ་ཚོ་དང་དགོན་སྡེ་དེའི་བླ་མ་དགེ་བཤེས་ཚོས་བྱས་ན་སློབ་མར་སྒྲིག་ལམ་འཇོག་པར་ཤུགས་ལྡན་པ་རེད་དེ། ཁོ་ཚོའི་འགན་ཁུར་གྱི་བཀའ་རྒྱ་དེའི་ནང་དོན་སློབ་མས་བརྩི་སྲུང་དང་དགེ་རྒན་གྱིས་སྐབས་དོན་དོ་དམ་བྱ་དགོས་པ་ཆགས་ཡོད) དགེ་རྒན་ཚོ་ལ་ཟླ་ཕོགས་ངེས་ཅན་ཞིག་ཐག་གཅོད་བྱ་ཐབས་མེད་མོད། ཐོག་མའི་དགེ་སློབ་གཉིས་ཀྱི་གནས་ཚུལ་ཅུང་ཡག་པོ་འདྲ་སྣང་ན་རྗེས་ནས་ཡུལ་སྡེ་ཚོ་བའི་འབྱོར་ཚོད་ལྟར་བསྡུ་ཆ་ཅུང་བསྡུས་ནས་དགེ་རྒན་ལ་བཀའ་དྲིན་ཞུ་བ་ལས་འོས་མེད། དགེ་རྒན་དེ་ཡང་གཞུང་ཕྱོགས་ནས་མངགས་པ་དེ་ལྟ་མི་འོང་པས་གྲྭ་བཙུན་ཡོན་ཏན་པ་དང་སློབ་ཤོར་ཐེབས་ནས་ཡུལ་ལ་ལོག་ཡོད་ཅིང་རིག་གནས་ཀྱི་ཚུ་ཚད་ངེས་ཅན་ཡོད་པའི་ས་དེའི་སྡེ་མི་ཡོན་ཏན་པའི་འགན་དེ་འཁུར་དགོས་པ་ཆགས་ཡོད།

འདི་ནི་ཁོ་བོའི་རང་རེའི་རོང་འབྲོག་མང་ཚོགས་ཀྱི་ཡིག་རྨོངས་སེལ་ཐབས་སུ་དམངས་བཙུགས་སློབ་གྲྭ་གཉེར་རྒྱུའི་ཐད་ཀྱི་འདོད་ཚུལ་དང་རེ་བ། བསམ་འཆར་དེ་ཡིན་མོད་དོན་དངོས་དེ་ལྟར་དོན་སྨིན་ཡོང་མིན་མི་རིགས་འདིའི་འགན་ཁུར་མི་སྣའི་སད་རྟོགས་ལ་རེག་ལས་པ་འབའ་ཞིག་ཡིན།—དོན་དག་གང་ཡང་ཡིད་ལ་ཤར་བ་ནས་བཀྲ་འགྲིག་པ་ཞིག་ཡོང་མི་སྲིད་སྟབས་རྣམ་དཔྱོད་ཀྱིས་དཀའ་ངལ་ཆེ་ལ་ནང་དོན་ལྡན་པའི་འགྲུལ་བཞུད་འདིེར་ལག་ལེན་གདོང་མཆོངས་བྱ་ཐུབ་པར་བཏང་བ་དེའི་ཚེ་འགྲུལ་ལམ་ནི་ཅིས་ཀྱང་ཡོད་སྲིད་པ་ཞིག་གོ།

༣༨
བཏབ་པའི་ས་བོན་མེད་ན་སྨིན་པའི་འབྲས་བུ་མི་འབྱུང་།

༣༩
བོད་ཀྱིས་ཐར་བ་བཤད་ནས་ཡོང་རེད། ཏག་ཏག་ཐར་བ་ཐོབ་ཡོད་མེད་མི་ཤེས། རྒྱས་ལམ་མམ་སྤྱོད་ལམ་བཤད་ནས་ཡོང་རེད། ཏག་ཏག་ལམ་རྟོགས་ཡོད་མེད་མི་ཤེས། ཨ་རིས་ཞི་བདེ་བཤད་ནས་ཡོང་རེད། ཏག་ཏག་ཞི་བདེ་གཉེར་ཡོད་མེད་མི་ཤེས།

༤༠
དཔེ་ཀློག་ནི་རང་བློ་འབྱེད་ཕྱིར་བཙལ་བའི་རྒྱུ་ཆའི་རོལ་མྱོང་ཞིག་ཡིན་པ་ལས། དཔེ་དེབ་ཁྲོད་ཀྱི་མི་དང་བསམ་བློ། མི་ཚེ་དེར་འགྱུར་བའི་ཕྱིར་དུ་ནི་མིན་ནོ༎

༤༡
སྨྱུག་མིང་ནི་རྫུ་སོལ་གྱི་འཁྲབ་ཚིག་ཅིག་གོ།

༤༢
བརྩི་བཀུར་ཡང་ཚད་བརྒལ་བ་མི་བྱ།

༤༣
ངོ་དགའ་སྤྲེལ་ལད་ཀྱིས་ཁྱོད་ཀྱི་ངོ་སོ་ཡར་འཇོག་མི་ཐུབ་པ་ཙམ་མ་ཟད། རང་གི་མི་གཤིས་ལ་རྨ་ཕབ་པ་ཉིད་དོ༎

༤༤
སྙན་ངག་བྲི་འདོད་ན་ཐོག་མར་རང་ཉིད་སྙན་ངག་ཅིག་ཏུ་འགྱུར་དགོས་རེད།

༤༥
གཅིག་བྱས་ན་དགའ་སྡུག་གི་སྟངས་འཛིན་ཅི་ཡང་མེད་པ་ནི་ཆེས་ལེགས་པའི་བར་དོའི་ཁ་ཆས་ཡིན་སྲིད།

༤༦
〝དགའ་རོགས་ནི་ཀུན་པོའི་དང་ཆུང་མ་ནི་རང་ཉིད་ཀྱི〞ཞེས་པའི་བཤད་སྟངས་ཤིག་ཡོད་པ་ནང་བཞིན་རིག་གནས་ནི་ཀུན་པོའི་དང་བསམ་བློ་ནི་རང་ཉིད་ཀྱིའོ་ཞེས་སྨྲས་ན་ཇི་འདྲ་བདོག

༤༧
མི་ལ་ལ་ཞིག་གིས་ནི་ཟླ་བ་ནང་བཞིན་ཕ་རོལ་བོའི་འོད་སྣང་ལ་བརྟེན་ནས་རང་གི་གཟི་དཔལ་ངོམ་གྱིན་ཡོད།

༤༨
〝སློབ〞ནི་དགེ་རྒན་དང་ཕ་མ། སྤྱི་ཚོགས་མི་སྣ། སྒྲིག་གཞི། སོ་སོའི་དང་རྟེན་གང་རུང་གི་སྣེ་སྟོན་དང་ཤུགས་རྐྱེན་ལ་གཞི་བྱས་པའི་ཤེས་བྱ་བསྡུ་ལེན་བྱེད་པ་དང་། 〝སྦྱོང〞ནི་ལག་ལེན་ཏེ་ཤེས་ཟིན་འཆད་པ་དང་རྩོད་པ། རྩོམ་པ། དངོས་ཡོད་འཚོ་བའི་ཁྲོད་བེད་སྤྱོད་པ་སྟེ་སློབ་སྦྱོང་ནི་ཤེས་ཤིང་བསམ་པ་སྤྱོད་ཅིང་བརྡར་བའི་བསམ་ཤེས་དང་ལག་ལེན་གྱི་ཕྱོགས་བསྡུས་སོ༎ དེ་བས་སློབ་སྦྱོང་ནི་བསམ་ཤེས་ནས་ལག་ལེན་དང་ལག་ལེན་ནས་བསམ་ཤེས་སུ་གཏོང་བའི་མིའི་རྣམ་དཔྱོད་ཀྱི་བྱ་འགུལ་ཞིག་གོ།

༤༩
སུ་ཞིག་གིས་འཇིག་རྟེན་འདིའི་ཐོག་ཆེས་གལ་ཆེ་བ་ནི་གང་རེད་ཅེས་དྲི་བ་ཡིན་ན། ཁོ་བོས་ནས་བདེ་སྐྱིད་རེད་ཅེས་ཐེ་ཚོམ་མེད་པར་ལན་འདེབས་པ་ཡིན།

༥༠
གལ་སྲིད། གྲངས་ཀྱིས་མཚོན་ཐུབ་པའམ་གྲངས་ཀྱིས་མཚོན་པ་ལྟ་བུར་བྱས་ན་དངོས་པོའི་སྟོབས་དང་སེམས་ཀྱི་སྟོབས་སོ་སོའི་བར་ལ་གྲངས་ཀྱི་ཧེ་བག་ག་འདྲ་ཞིག་འབྱུང་བར་འགྱུར་རམ།

༥༡
མེ་ཏོག་ལྡུམ་རར་སྐྱེ་བའི་མེ་ཏོག་དང་རྩྭ་ཐང་ན་སྐྱེ་བའི་མེ་ཏོག གད་སྙིགས་ཀྱི་བར་གསེང་དང་མི་མང་གི་འགྲོ་ལམ་ན་སྐྱེ་བའི་མེ་ཏོག་ལྟ་བུ་ནི་སུ་ཞིག་གིས་ཀྱང་ལས་ཀྱི་རྣམ་པར་སྨིན་པ་རེད་ཅེས་སྨྲས་མེད། འོན་ཀྱང་དཔོན་པོ་ཚང་དུ་སྐྱེ་བའི་ཁོ་དང་ཕྱུག་བདག་ཚང་དུ་སྐྱེ་བའི་མོ། མེད་པོ་ཚང་དུ་སྐྱེ་བའི་ཀན་ལྟ་བུ་དག་ནི་ཅི་ཞིག་གིས་ལས་ཀྱི་རྣམ་སྨིན་ནམ་ལས་དབང་དུ་གྱུར་བ་ཡིན་ནམ།—ལས་དབང་ལ་ཡིད་ཆེས་ཕྱིན་གཅིག་བྱས་ན་མི་ཚེ་ནི་རང་གིས་རང་ལ་བཀོད་སྒྲིག་བྱས་ཚར་བའི་བསྒྱུར་མེད་བཟློག་མེད་ཀྱི་འཁྲབ་གཞུང་ཞིག་སྟེ། རང་ཉིད་ནི་རང་གི་རྐང་འོག་གི་རྩེད་ཆས་ཙམ་ཡིན་པ་དེར་འགྱུར་ཡང་སྲིད།

༥༢
ཁྱོས་བལྟས་ན་དངོས་སེམས་གཉིས་ནི་བྱ་དངོས་གཅིག་གི་སྟེང་གི་སྟོབས་ཤུགས་ཀྱི་སྣང་ཚུལ་མི་འདྲ་བ་གཉིས་རེད་མི་འདོད་དམ།

༥༣
མི་ཞིག་གི་འཛད་སྤྱོད་ཀྱི་ནུས་པ་དེས་མི་དེའི་ཡོང་འབབ་ཀྱི་ཆུ་ཚད་མཚོན་ཐུབ་སྟེ་སྦྲང་མ་ལྟ་བུའི་སེར་སྣ་ཅན་ཞིག་ཡིན་རུང་སོ་སོའི་ཡོང་འབབ་ཀྱི་འཕེལ་རིམ་དང་བསྡོངས་ནས་ཤེས་དང་ཤེས་བཞིན་མ་ཡིན་པ་གང་རུང་ངང་འཛད་སྤྱོད་ཀྱི་སྟོབས་དང་གྲངས་གོང་མཐོར་གཏོང་དང་གཏོང་བ་འགྲོ་དང་འགྲོ་བཞིན་པ་ཡིན། འཛད་སྤྱོད—ཡོང་འབབ—འཛད་སྤྱོད—ཡོང་འབབ། འཛད་སྤྱོད་བྱས་ཚད་ཡོང་འབབ་ཀྱི་ཐད་ཀའི་ཐོན་ཁུངས་སུ་འགྱུར་མི་ཐུབ་སྟེ་བཀྲེས་སྐོམ་གྲང་སྡོད་ལྟ་བུར་ཟས་ཆུ་གོས་གནས་ནི་ངེས་པར་མཁོ་བའི་འཛད་སྤྱོད་ཀྱི་སྒུལ་ཤུགས་རིགས་ཤིག་ཡིན་པའི་ཐོག་ངེས་མཁོ་འཛད་སྤྱོད་དེ་དག་ཀྱང་བརྒྱུད་པའི་ཐོན་ཁུངས་བསྙོན་མེད་པ་ཡིན་ཏེ། ཟས་ཆུ་གོས་གནས། བསླབ་པ་སློབ་གཉེར། མཛའ་འབྲེལ་ལྟ་བུར་སྤྱོད་པའི་ངེས་མཁོའི་འཛད་སྤྱོད་དེས་ཡོང་འབབ་རྡོག་རྡོག་ལ་ཆ་རྐྱེན་སྐྲུན་དང་བསྐྲུན་བཞིན་པ་རེད། ཁ་ཕོ་ཆེར་བཏང་ནས་བཤད་ན། མི་ཚེའི་ཕྱོགས་གཅིག་ནི་ཡོང་འབབ(མཚམས་འདིར་དངུལ་ལོར་གཅིག་པུར་མི་གོ་བར་སློབ་སྦྱོང་དང་མཛའ་དུངས། རྒྱུ་ནོར་སྒོ་ཕྱུགས་ཀྱིས་མཚོན་པའི་མིའི་འདོད་པར་ཤར་ཐུབ་པའི་བྱ་དངོས་ཡོད་ཚད)ཀྱི་ཆེད་གཏོང་བའི་འཛད་སྤྱོད་དང་ཕྱོགས་གཞན་ཞིག་ནི་འཛད་སྤྱོད་ལས་བཏུས་པའི་ཡོང་འབབ་བོ༎

༥༤
སྐུ་ཉིད་ཀྱི་ཁྱིམ་ཐོ་གནས་སའི་རྫོང་དང་གྲོང་ཁྱེར། ས་ཁུལ། མི་རིགས། རྒྱལ་ཁབ། གླིང་ཆེན། མིའི་རིགས། གོ་ལ་དེ་ནི་སྐུ་ཉིད་ཀྱི་དམིགས་བསལ་བའི་གོ་སྐབས་དང་གནས་མལ་ཡིན་པ་བརྗེད་པར་མི་བྱ།

༥༥
དངོས་ཡོད་འཚོ་བའི་ཁྲོད་དུ་ཁ་ཚ་དགོས་གཏུགས་སུ་མ་གྱུར་བའི་གནད་དོན་གྱི་བརྒལ་བརྟག་ལ་ལ་ཞིག་ནི་མཁས་དབང་ཚོའི་པྲ་ཆལ་གྱི་རྩེད་འཇོ་ཞིག་དང་མཁས་དབང་ཚོའི་ངག་སྒོ་སྤྱོད་ཚུལ་དེ་ཧང་བའི་མི་དག་གི་དུས་ཚོད་ཆུད་ཟོས་སུ་གཏོང་ཐབས་ཤིག་ཡིན་ཡང་སྲིད།

༥༦
བདག་ནི་མུན་ནག་གི་སྒམ་ཆུང་ཞིག མུན་ནག་གི་སྒམ་ཆུང་དེར་བཅུག་པའི་མུན་ནག་གི་འོད་ཟེར་ཞིག

༥༧
མ་ཤེས་པའི་རྒྱུ་མཚན(གནད་དོན་རྙེད་པ)དང་། ཤེས་འདོད་པའི་རྒྱུ་མཚན(རྣམ་རིག་གི་རམ་འདེགས་ཐོབ་པ) ཤེས་དགོས་པའི་རྒྱུ་མཚན(རིན་ཐང་ལྟ་བུའི་སྐུལ་འདེད་བྱུང་བ)གསུམ་ནི་མིའི་རིགས་ཀྱི་གསར་རྙེད་བྱུང་དང་འབྱུང་བའི་སྔོན་འགྲོའི་སྐུལ་སློང་ཙམ་མོ༎

༥༨
〝ལས〞ནི་རྒྱུ་རྐྱེན་དང〝དབང〞ནི་རྒྱུ་རྐྱེན་དེས་བསྐྱེད་པའི་བཙན་ཐབས་ཀྱི་འབྲས་བུའོ༎

༥༩
སེམས་སྟོན་ཐབས་ལ་རིགས་གསུམ་སྟེ་སྐད་ཆ་དང་འགུལ་སྤྱོད། སྐད་ཆ་དང་འགུལ་སྤྱོད་ཀྱི་མཉམ་ཞུགས་སོ༎

༦༠
བསླབ་བྱའི་ཤེས་བྱ་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ཆ་རྒྱུས་ཅི་ཡང་མེད་པར་ཤེས་བྱ་དེ་སློབ་པ་ནི་ར་ཁྱུའི་རྗེས་སུ་སྙེགས་པའི་ར་མ་དང་འདྲ་བར་རང་ལུགས་བོར་བའི་རང་སྡུག་ཅིག་གོ།

༦༡
གམ་དུ་འབྱར་ཆེ་ན་དེའང་སུན་སྤྱད་ཅིག་ཡིན།

༦༢
བརྩེ་དུང་ནི་སྤྱི་མཚན་གྱི་འགྲེལ་མེད་རང་བཞིན་ཞིག་སྟེ་མཐོང་ཐོས་མྱོང་ཚོར་ཡོད(བརྩེ་དུང་གི་བསྐྱེད་འབྲས)ལ་སྨྲ་བསམ་བརྗོད་པ་ལས་འདས(བརྩེ་དུང་གི་ངོ་བོ) གལ་སྲིད་བརྩེ་དུང་ནི་བརྗོད་དུ་ཡོད་ཅིང་བརྗོད་དུ་ཐུབ་ན་དེ་ནི་སྙན་ངག་གོ། བརྗོད་དུ་ཡོད་ཅིང་མཐོང་རེག་ཏུའང་ཡོད་པའི་བརྩེ་དུང་ཡིན་ཡིན་འདྲ་བའི་བྱ་དངོས་སྤྱོད་བྱུང་དེ་དག་ནི་བརྩེ་དུང་གི་བསྐྱེད་འབྲས་ཡིན་གྱི་བརྩེ་དུང་གི་ངོ་བོ་མ་ལགས། དེ་བས། ང་ཚོས་རྒྱུན་པར་ངོས་འཛིན་རྒྱུའི་བརྩེ་དུང་དེ་ནི་བརྩེ་དུང་གི་ཕྱོགས་དང་ཟུར་གང་རུང་གི་བསྐྱེད་འབྲས་ཡིན་གཤིས་ང་ཚོ་ནི་ནམ་ཡང་བརྩེ་དུང་གི་བསྐྱེད་འབྲས་ཁྲོད་དུ་གནས་པའི་བརྩེ་དུང་གི་སྲོག་ཆགས་ཤིག་ཡིན། ང་ཚོ་ནམ་ཡང་ཕ་རོལ་བོའི་བརྩེ་དུང་གི་ངོ་བོའི་ཁྲོད་འཛུལ་ཐུབ་མེད་ལ་ཐ་ན་རང་གི་བརྩེ་དུང་གི་ངོ་བོ་དེ་ཡང་ངོས་འཛིན་ཡང་དག་བྱ་ཐུབ་མེད། དེའི་ཕྱིར། ང་ཚོའི་རྒྱུན་སྤྱོད་བརྩེ་དུང་ཁྲོད་རྒྱུ་ནོམ། ཐོབ་དབང་། གཟུགས་བྱད། སྙན་གྲགས་ལྟ་བུའི་ཁེ་ཕན་རང་བཞིན་གྱི་སྐྱུག་ལོག་པའི་བྱ་དངོས་གང་མང་ཞིག་འཚང་ཁ་བརྒྱབ་ནས་ང་ཚོ་རང་སོ་སོའི་རྣམ་དག་ལྷད་མེད་ཀྱི་བརྩེ་དུང་དེའི་ངོ་གདོང་ལ་གསང་རས་རྒྱག་དང་བརྒྱབས་ནས་བསྡད་ཡོད་རེད།

༦༣
གཉེན་སྒྲིག་དཔང་ཡིག་ནི་ཚོགས་སྤྱིའི་འགྲོ་ལུགས་ཀྱི་ཁྲིམས་མཐུན་བྱང་བུ་ཞིག་སྟེ། དེ་ཁྱེད་གཉིས་ཀྱི་མཉམ་འདུག་དང་མཉམ་སྤྱོད། མཉམ་རོལ་གྱི་སོ་སོའི་ཁེ་ཕན་སྲུང་བའི་གན་རྒྱ་ཉན་པ་ལས་མཛའ་མཐུན་གཏན་གྲོགས་ཡོང་བྱེད་ཀྱི་ཐམ་ཀར་སྤྱོད་ཐུབ་པ་མིན།—གཉེན་སྒྲིག་དཔང་ཡིག་ནི་དཔང་ཡིག་གཞན་གང་དང་ཡང་འདྲ་བའི་མཚོན་རྟགས་ཙམ་མོ༎

༦༤
གནད་ཀྱི་ཡང་གནད་ནི་རྣམ་ཤེས་ཀྱི་སྟེང་ན་མེད་པར་རྣམ་ཤེས་ཀྱི་རྒྱུན་དུ་འབོད་པའི་ཐོག་ན་འདུག

༦༥
བུད་མེད་ཀྱི་མཛེས་པ་ནི་བྱད་བཞིན་གྱི་ཐོག་དང་སྐྱེས་པའི་གཟི་དཔལ་ནི་ཕོ་མཚན་གྱི་སྟེང་ན་ཡོད།