མི་མང་བོ་ཞིག་གིས་རྒྱུན་དུ་སྐྱ་རེངས་ཤར་མ་ཐག་སྐད་ཅོར་རྒྱག་པའི་བྱེའུ་ཚོགས་དང་། ཉིན་ནུབ་མེད་པར་ལྟོ་འཚོལ་ཞིང་དུས་ཚིགས་དང་བསྟུན་ནས་གསང་ལམ་ཚུན་ཆད་ན། འཁྲུག་པ་སློང་ཞིང་སྣང་མེད་རྒྱ་ཡན་དུ་ཉལ་བསྡད་འདུག་པའི་ར་ལུག་ཁྱི་ཕག་སོགས་མཐོང་བ་ན། སེམས་ལ་རང་དབང་མེད་པར་དུད་འགྲོ་དེ་ཚོའི་སྐྱེ་བ་བླངས་པ་ནི་སྙིང་བོས་དབེན་ཞིང་ཡ་ང་སྙིང་རྗེའི་ཡུལ་དུ་གྱུར་བ་ཞིག་ཏུ་འདོད་མོད། འོན་ཀྱང་། ཤ་དར་ཁྲག་དར་གྱི་རང་ཉིད་ནི་རྣམ་གཡེང་གིས་སེམས་ལ་མི་དྲན་དགུ་དྲན་དང་། གར་འགྲོ་འདི་འགྲོ་མི་ཤེས་པར་ཉིན་རེའི་འཚོ་བ་ཙམ་འཁྱོལ་ཐབས་གནང་བཞིན་པ་ཡིད་ལ་མི་འཁོར་བ་ནི། ཁོ་བོར་མཚོན་ན་སྔ་མ་ལས་ཀྱང་སྙིང་རྗེའི་ཡུལ་དུ་གྱུར་བ་ཞིག་རེད་ཨང་།

མི་དེའི་རིགས་ཀྱིས་གཞུང་ལུགས་སློབ་རྒྱུ་ཞིག་དང་རིག་གནས་ཟེར་བ་ཞིག་ཡོད་པ་ནི། མིའི་རིགས་ཀྱི་འཚོ་གནས་ཁྲོད་ན་མེད་མི་ཆོག་པའི་རོལ་རྩེད་ཀྱི་སྒྱུ་རྩལ་ཅི་འདྲའི་གལ་ཆེན་ཞིག་ཡིན་པ་རྟོགས་མེད་དེ། ཁོང་ཚོའི་མིག་མདུན་དུ་གཞུང་ལུགས་སློབ་རྒྱུ་ཞིག་བཞག་པས་ལམ་སང་མགོ་བོ་ན་ཞིང་། རིག་གནས་ཟེར་བ་ཞིག་གླེང་ཡོང་དུས་ཀླད་པའི་ནང་དུ་བཅའ་དབང་གཟོད་དབང་མེད་པར་གཉིད་ཀྱིས་ཁེངས་ཤིང་ཉོབ་སྣང་རྒྱས་འོང་། མི་ཡིན་པའི་ཕྱིར་རིགས་ལམ་མ་སྦྱང་ན་མི་ཆོག་པས། ཁོང་ཚོར་བཙན་ཚུགས་ཀྱིས་སློབ་ཏུ་བཅུག་པ་ན། ཀླད་པ་ནི་ཉོག་དཀྲུགས་དཀྲུགས་དང་། སེམས་ཁམས་ནི་བྱིང་བ་དང་རྒོད་སེམས་ཀྱིས་རང་དབང་དུ་མི་ཡོང་བས། ཧ་ལམ། སློབ་ཁང་དང་དཔེ་ཁང་དུ་སྨྱོ་གྲབས་བྱེད་ཅིང་དུས་ཚོད་སྐར་ཆ་རེ་རེ་ནི་ལོ་ཟླ་ལས་ཀྱང་རིང་བར་བསམས།

དེ་ལས་ཤོ་རྒྱག་པ་དང་དོན་མེད་ཀྱི་འཆལ་གཏམ་བཤད་པ། ཁྱི་སྡོམ་བཞིན་ལ་ལུང་ཉུལ་བ་དང་། ཤོག་ཕེ་དང་ཀེ་རམ་རྩེ་བ། དྲ་ལམ་དང་བརྙན་འཕྲིན་ལས་ཉ་ཉོག་གི་གློག་བརྙན་རྫོབ་ཏོ་དེའི་རིགས་ལ་ལྟ་དགོས་བྱུང་ཚེ། མི་རྣམས་ཧ་ལས་སུ་འཇུག་པ་ནི། ཁོང་ཚོའི་རྟུལ་ལྗིད་ཀྱི་ཀླད་པ་དང་སྒྱིད་ལུག་གི་སེམས་ཁམས་ལ་གློ་བུར་དུ་གྲུང་ཤ་དོད་ཅིང་རྣམ་རིག་གསར་བ་ཞིག་རྒྱས་པ་རེད། མདོར་ན། ཁོང་ཚོས་རང་ཉིད་ཀྱི་རིན་ཐང་བྲལ་བའི་མིའི་རིགས་ཀྱི་ཚེ་སྲོག་འདི། རྣམ་གཡེང་གི་སེམས་ཁམས་དེའི་ཁྲོད་ནས་འཆི་བདག་གི་ཁ་རུ་འདེད་ངེས་རེད་ལ། ཁོང་ཚོས་གསེར་ལས་ལྷག་པའི་དུས་ཚོད་མང་བོ་ཞིག་ཀྱང་། རྡོ་ལོག་ཅིག་གི་རིན་ཡང་མེད་པར་མཐའ་མཇུག་གི་དུར་ས་དེར་བསྒུགས་ནས་སྡོད་པ་རེད་དོ།།

བདག་གིས་ཤར་ནུབ་ཀྱི་སྙན་གྲགས་ཅན་གྱི་རྩོམ་པ་པོ་དང་མཁས་ཆེན་ཚོའི་གསུང་རྩོམ་མང་བོ་ཞིག་བཀླགས་པས། ཁོ་བོ་ཞིང་གྲོང་གི་ཡིག་རྨོངས་པའི་ཁྱིམ་ཚང་ཆུང་ཆུང་དེ་ལས་མཐར་ནས་འཛམ་གླིང་ལ་ཁ་ཕྱོགས་པར་བྱས་ཤིང་། དཔེ་དེབ་དེ་དག་གིས་ངའི་རྒྱུད་ལ་མིའི་ལྷན་སྐྱེས་ཀྱི་འགན་འཁྲིའི་འདུ་ཤེས་མང་བོ་ཞིག་གསར་དུ་བསྐྲུན་པར་མ་ཟད། ངའི་མི་ཚེ་དང་ལས་དབང་ལ་ཁ་ལོ་བསྒྱུར། ངས་རང་གི་མྱོང་བ་འདི་ལ་བརྟེན་ནས་དཔེ་ཀློག་གིས་མི་ཞིག་གི་མི་ཚེ་དང་ལས་དབང་ལ་ཁ་ལོ་སྒྱུར་ཐུབ་པ་གསལ་བོར་རྟོགས།

ཕ་ཡི་ཡང་དག་པའི་སློབ་གསོའི་ཐབས་ལམ་ལ་བརྟེན་ནས་ལོ་ན་དགུ་ལ་སོན་དུས། རྒྱལ་ཁབ་དྲུག་གི་སྐད་ཡིག་ལ་ཐོགས་རྡུགས་མེད་པར་གྱུར་བའི་སློབ་གསོ་བ་ཁཱ་ཨར་ཝི་ཋེས(Karl Witte)། “དཔེ་ཆ་ཀློག་པ་ནི་སྤྲོ་སྣང་ཀུན་གྱི་འབྱུང་རྩ་ཡིན”ཞེས་གསུངས་མྱོང་བ་ལྟར། བདག་ཆེས་ཡིད་མུག་པ་དང་སེམས་འཁྲུགས་དུས། ཤར་ནུབ་ཀྱི་མཁས་སྤྱོད་གཉིས་གྲགས་ཀྱི་སྐྱེས་བུ་མང་བོ་ཞིག་གི་ལེགས་བཤད་ལ་ལྟ་ཀློག་དང་བློ་སྦྱོང་བྱས་པ་ན། ཟང་ཟིང་ལང་ལོང་དུ་སོང་བའི་ཉོན་མོངས་པའི་ལུས་སེམས་ལ། ཞོགས་པའི་ཉི་ཟེར་གྱིས་བ་མོར་རེག་པ་ལྟར། ཞི་བདེ་བག་ཕེབས་དང་རང་བྱུང་ལྷུན་ཆགས་ཀྱི་བདེ་བ་ཞིག་འདྲེན་པར་བྱེད། བདེ་བ་དེ་ནི་བརྗོད་ཐབས་བྲལ་བའི་ནུས་པའི་གསང་བ་ཞིག་དང་འདྲ་སྟེ། བདག་གི་ལུས་སེམས་གཉིས་ལ་བླ་ན་མེད་པའི་ནུས་ཤུགས་ཤིག་སྣོན་པར་བྱེད། སྐབས་འདིར་བདག་གི་སེམས་ཀྱི་སྡོམ་ཐག་ཡོད་ཚད་ངང་གིས་ཆད་ཅིང་། མུན་པ་ཡོད་ཚད་རང་སར་ཤུགས་ཀྱིས་ཐིམ་པས། བདག་གིས་སྔ་ན་མེད་པའི་དགའ་བདེ་ཚད་མེད་ཅིག་ལ་ལོངས་སུ་སྤྱོད་པ་ཡིན།

བདག་གིས་གྲོགས་པོ་ཞིག་གི་དཔེ་དེབ་ཀྱི་རྒྱབ་ངོས་སུ་འདི་ལྟར་བྲིས་མྱོང་སྟེ། “ཉིན་རེར་དཔེ་དེབ་ཚད་ལྡན་རེ་ལ་ལྟ་ཀློག་བྱེད་པ་ནི། ངེས་དོན་གྱི་ཤེས་རབ་རྒན་པོ་དག་ལ་གླེང་མོལ་བྱས་པ་དང་མཚུངས་པས། ང་ཚོས་ལུས་སེམས་རྣལ་དུ་འབབ་པར་བྱས་ནས་དཔེ་མཛོད་དང་དཔེ་ཆའི་ཁྲོད་ནས། གནའ་བོའི་མཁས་གྲགས་གཉིས་ལྡན་གྱི་སྐྱེ་བོ་དག་གི་བསམ་བློའི་དཔལ་ཡོན་ལ་ལོངས་སུ་སྤྱད་ན། རྨོངས་ཚོད་དང་ཆགས་སྡང་གིས་དཀྲུགས་པའི་སེམས་བྱུང་དེ་དག་རིམ་གྱིས་ཞི་སྟེ། ང་ཚོས་སྔ་ན་མེད་པའི་རང་བྱུང་ལྷུན་ཆགས་ཀྱི་བདེ་བ་ཞིག་ཉམས་སུ་མྱོང་ཐུབ་ངེས་རེད་དོ”ཞེས་པའོ།།

ཐ་ན། བདག་གིས་སྔོན་གྱི་སྐྱེས་བུ་དམ་པ་དང་ཤེས་རབ་ཅན་ཀྱི་སྐྱེ་བོ་དེ་དག་གིས་ཆེད་དུ་བདག་ལ་གནང་བ་ལྟ་བུའི་མིའི་རིགས་ཀྱི་ཤེས་རིག་གི་བང་མཛོད་ཁྲོད་ན། སྣུམ་གྱིས་ཁྱབ་པའི་ལེགས་བཤད་ཀྱི་བརྩམས་ཆོས་དེ་དག་གི་ཁ་བྱང་ཙམ་རེ་བཀླགས་པས་ཀྱང་། བདག་ལ་མི་བཟོད་པའི་བདེ་སྐྱིད་ཅིག་སྟེར་བར་བྱེད་ལ། ཡིད་སེམས་སྡུག་བསྔལ་གྱིས་མནན་དུས་བདག་དཔེ་མཛོད་ཁང་དུ་འཆམ་འཆམ་བྱེད་ཅིང་། དཔེ་སྒྲོམ་ལས་སྣ་མང་གི་དཔེ་དེབ་རེ་རེའི་མིང་ནས་བཀླགས་ཤིང་། དེ་ནི་ཧ་ལམ་ན་གཞོན་ཞིག་གིས་སྙིང་དུ་སྡུག་པའི་ཞི་འཇམ་བབ་ཆགས་ཀྱི་མཛངས་མ་ཞིག་གི་མིང་ནས་བཀླགས་པ་དང་ཀུན་ནས་མཚུངས་པར། སྔོན་ཆད་བཀླགས་མྱོང་བ་རྣམས་ལ་ཕྱིར་དྲན་གྱི་མཛའ་དུང་གི་གཏམ་གྱི་སྒོ་མོ་ཕྱེ་ཞིང་། བཀླགས་མ་མྱོང་བའི་ཁྲོད་ནས་བདམས་གསེས་ཀྱིས་མ་འོངས་པར་ཇི་ལྟར་ཀློག་དགོས་པའི་མཛའ་བརྩེའི་འབྲེལ་བ་འཛུགས་པའི་འཆར་འགོད་བྱེད་པ་ཡིན་ནོ།།

ཨ་ཇིན་ཋི་ནཱའི་རྩོམ་རིག་པ་པཱོ་ཨར་ཧག་སི་ནས“མི་ཡུལ་འདིར་གལ་སྲིད་ལྷ་ཡུལ་ཁམས་ཤིག་ཡོད་ན། དེ་ནི་དཔེ་མཛོད་ཁང་ལྟ་བུ་ཞིག་ཡིན་ངེས”ཞེས་གསུངས་པ་བཞིན། བདག་གིས་མི་ཡུལ་གྱི་ལྷ་ཡུལ་ཏེ་དཔེ་མཛོད་ཁང་ནས། ད་གཟོད་མིའི་རིགས་ཀྱི་སེམས་ཁོང་ན་འོད་དུ་འཚེར་བའི་ཞི་བདེ་དང་མཛའ་བརྩེ་ཡིས་བཞེངས་པའི་ལྷ་ཡུལ་གྱི་དག་ཞིང་དེ་མཐོང་གིན་འདུག མིའི་རིགས་ཀྱི་མེས་པོ་རྣམས་ཀྱིས་བདེ་སྐྱིད་ཀྱི་འཆར་ཡན་འདི་ལ་བརྟེན་ནས། མིའི་རིགས་ཀྱི་སེམས་ཁོང་ལ་ལྷ་ཡུལ་ཞེས་པའི་མཛེས་སྡུག་ལྡན་པའི་དག་ཞིང་དེ་བསྐྲུན་པ་གདོན་མི་ཟ། བདག་གིས་འདི་ལས་ལྷག་པའི་ལྷ་ཡུལ་ཞིག་ཡོད་པར་ཡིད་ཆེས་མི་བྱེད། གལ་སྲིད་ཡོད་ནའང་བདག་དེ་ལ་ཡིད་སྨོན་འཆོར་མི་སྲིད། རྒྱུ་མཚན། དེ་ནི་འཇིག་རྟེན་གཞན་ཞིག་ཡིན་པ་ལས། མིའི་རིགས་ཀྱིས་འདོད་པའི་བདེ་སྐྱིད་ཀུན་འཛོམས་ཀྱི་ལྷ་ཡུལ་དེ་མ་ཡིན་ལ། དེ་ནི་གནའ་བོའི་ལྷ་སྒྲུང་དང་ཆོས་ལུགས་ཀྱི་གླེགས་བམ་ཁྲོད་ན་གསལ་བའི་ལྷ་ཡུལ་དེ་མ་ཡིན་པས་སོ།།

<<འཆི་གསོན་གྱི་གདམ་ག>>ལས།