ཁྲི.མཆོད་ཀོང་། (ལན་གྲུ)

ལོ་རྒྱུས་ནི་མ་གཞི་ནས་རྙོག་དྲ་ཅན་ཞིག་དང་གབ་སྦས་རང་བཞིན་ཅན་ཞིག་རེད། དེ་ལས་ཀྱང་ང་ཚོའི་གནའ་བོའི་ལོ་རྒྱུས་དག་ནི་ཆེས་མཐོང་སྣང་དུ་མི་ལོན་བའི་གསང་རྒྱ་ལྟ་བུའི་སྦས་པའི་ཚུལ་དུ་ཡོད། དེའི་ཕྱིར་ད་ལྟ་ད་དུང་འོ་ཅག་གནའ་བོའི་ལོ་རྒྱུས་ནི་ཁ་གཞལ་ཙམ་གྱིས་འགྲོ་བ་ལས་གཏིང་ལོན་པ་ཞིག་དང་མཐའ་ཆོད་པ་ཞིག་གཏན་ནས་བྱུང་གིན་མེད་པ་འདི་རེད། ཕྱིས་ཀྱི་ལོ་རྒྱུས་དག་ནི་རྒྱས་ཙམ་ཡོད་པར་མ་ཟད་ད་དུང་དེར་ཆོས་ལུགས་དང་གྲུབ་མཐའི་ཁ་ཤིན་བརྒྱབ་ནས་འཐེན་ཁྱེར་དང་ཕྱོགས་རིས་ཀྱི་ལམ་དུ་བཞག་པའང་ཅིས་ཀྱང་མང་། སྤྱིར་ན་ལོ་རྒྱུས་ཀྱི་ཕྱིར་དྲན་ལས་འགྲོ་བ་མིའི་རིགས་འདི་དང་པོ་རང་བྱུང་ཁམས་སུ་རང་དབང་དང་ལྷིང་འཇགས་ཀྱིས་འཚོས་ཤིང་དེ་ནས་ས་ཁུངས་བདག་དབང་དང་འཚོ་གནས་ཀྱི་དོན་དུ་ནང་འཁྲུག་བྱུང་བ། དེའང་ཚོ་ཁག་དང་རིགས་རུས་སོ་སོའི་དབྱེ་ཁུངས་དོད་ཅིང་རྒྱལ་ཁབ་ཀྱི་རྣམ་པས་གོང་གི་ནང་འཁྲུག་དེའང་རིམ་བཞིན་དམག་འཁྲུག་གི་ངོ་བོར་གྱུར་བ། རྗེས་སུ་རུས་རིགས་དང་སའི་ཆགས་བབས་ཀྱིས་སོ་སོས་བདག་ཐུབ་པའི་རྒྱལ་ཁབ་ཀྱི་རྣམ་པ་དོད་རྗེས་སླར་ཡང་རྒྱལ་ཁབ་ནང་གི་གནད་དོན་དང་མཐའ་མཚམས་མི་རིགས་ཁག་གི་གནད་དོན་ཡོད་ཚད་དྲག་པོའི་གཡུལ་འཁྲུག་དང་བཙན་གནོན་དང་མེ་མདའ་ཁོ་ནས་ཐག་གཅོད་དགོས་པའི་ཚད་དུ་གྱུར་ཞིང་། དེ་ལྟར་ལོ་ངོ་ཁྲི་ཕྲག་འགའ་འདས་རྗེས་གཟོད་རང་དབང་དང་དམངས་གཙོ་མཐུན་སྒྲིལ་དང་ཞི་བདེ་ཞེས་པའི་ཐ་རྙད་ཀྱི་བྲང་ཁར་བྱིལ་བྱིལ་གཏོང་ཞིང་དད་གུས་བྱེད་པའི་དུས་ཏེ་དུས་རབས་ཉི་ཤུ་རྩ་གཅིག་པ་འདིར་སླེབས་ཡོད། དེ་ལྟ་ནའང་མིའི་རིགས་ཀྱི་ཀླད་པའི་རྩ་ཁམས་ཡོངས་སུ་སད་ཅིང་ཤེས་རིག་དང་དཔལ་འབྱོལ་དར་བ། ཚན་རིག་དང་གསར་གཏོད་ཀྱིས་ཕྱུག་པའི་ནུབ་ཀྱི་རྒྱལ་ཁབ་དག་ནི་གོང་གི་ཐ་སྙད་དེ་རང་དབང་དང་དམངས་གཙོ་ཞི་བདེ་དང་མཐུན་སྒྲིལ་གྱིས་ཡོངས་སུ་བཏམས་ཤིང་ས་ལྒང་འདིའི་སྣེ་ཁྲིད་མཁན་གྱི་ཚད་དུ་ཡོད་ཀྱང་ཤར་ཕྱོགས་པ་ཁག་གཅིག་གིས་ནི་ད་དུང་ཡིན་ཡང་རང་དབང་དང་དམངས་གཙོ་ཞི་བདེ་སོགས་ལ་རྒྱབ་ཡོངས་སུ་བསྟན་ནས་ནང་གི་གནད་དོན་ཆེ་ཆུང་གང་ཡིན་ཡང་བཙན་གནོན་དང་སྡིག་བཤད་ཀྱིས་བསླས་པའི་མེ་མདའ་དང་དུག་རྫས་སོགས་ཀྱིས་ཐག་གཅོད་ཅིང་ཆོས་ལུགས་དད་མོས་དང་གྲངས་ཉུང་མི་རིགས་ཁག་གི་སྲོལ་རྒྱུན་རིག་གནས་སྐད་ཡི་གེ་སོགས་དོན་ཐོག་ལ་འབབ་དུ་འཇུག་གིན་མེད་པར་ཉམས་ཆུང་བའི་མི་སེར་དག་གི་མགོར་སྡུག་འཇོག་གང་ཐུབ་ལ་བརྩོན་གྱིན་འདུག་པ་འདི་རེད།

གཞུང་དངོས།

གོང་གི་ཁ་བྱང་ལ་བབས་པའི་མིང་ཚིག“བྲུ་ཤ”ཞེས་པའི་མི་རིགས་དང་ས་ཆ་དེར་བདག་ད་རག་བར་དུ་རྨོངས་ཤིང་རྨོངས་པས་འདིར་ཆེད་དུ་སྔ་ཙམ་ནས་དེའི་སྐོར་ལ་དོ་སྣང་བྱས་ནས་ཡིག་ཆ་མང་ཙམ་ཞིག་བཀླགས་ནས་རྙེད་པའི”བྲུ་ཤ”མིའི་རིགས་ཀྱི་སྐོར་གྱི་ཚོད་ལྟའི་དཔྱད་རྩོམ་ཞིག་འབྲི་བར་འདོད།

ང་ནི་ནམ་ཡང་ལོ་རྒྱུས་སྐོར་གྱི་བརྡ་ཆད་ཆུང་ངུ་ཙམ་ལ་ཡང་མོས་པ་ཧ་ཅང་ཆེ། སྤྱིར་ནི་གནའ་བོའི་བོད་ཆེན་པོའི་ས་འབྲེལ་མི་རིགས་ཆེ་ཆུང་སུ་ཡིན་ཡང་ཆོས་ལུགས་དང་རིག་གནས་གོམ་སྲོལ་སོགས་ཕན་ཚུན་ལ་ཤུགས་རྐྱེན་ཐེབ་ཚུལ་དང་དེ་དག་གི་སྟེང་ནས་འབྲེལ་བ་ངེས་ཅན་ཡོད་སྲིད་པ་དང་། འབྲེལ་བ་དེ་དང་ལྷན་དུ་ང་ཚོའི་གནའ་བོའི་ལོ་རྒྱུས་ཀྱི་གསང་བ་མང་བོ་ཞིག་ཀྱང་ཤེས་རྟོག་ཐུབ་པས་དེར་དཔྱད་པ་གཏོང་རྒྱུ་ནི་ཤིན་ཏུ་འོས་པ་ཞིག་རེད་སྙམ། དེ་དང་མཉམ་དུ་ང་ཚོའི་གནའ་བོའི་ལོ་རྒྱུས་དང་ཆོས་ལུགས་ཀྱི་གནས་སྟངས་རིག་གནས་ཀྱི་འཕེལ་ཕྱོགས་སོགས་ང་ཚོའི་མི་རིགས་འདིའི་འཕེལ་གྲིབ་དང་རིག་གནས་ཀྱི་དར་རྒུད་སོགས་མང་བོ་ཞིག་ལ་རྒྱུས་ཡོད་དུ་ཆགས་ཡོང་བ་ནི་སྨོས་མེད་རེད།

སྤྱིར“བྲུ་ཤ”ཞེས་པ་ནི་ཐོག་མར་ས་ཆའི་མིང་དང་དེ་ནས་མི་རིགས་སྤྱིའི་མིང་དུ་ཆགས་ཡོད་འདུག་ལ། ས་གནས་ཀྱང་བོད་ཀྱི་ནུབ་ཕྱོགས་སུ་ཡོད་ཅིང་གནའ་བོའི་ཞང་ཞུང་དང་ས་འབྲེལ་ཡིན་འདུག་པར་མ་ཟད་འོ་ཅག་གི་དོན་གྱི་ཆོས་ལུགས་བོན་ཆོས་ཆེས་ཆེར་དར་བའི་ས་ཆ་ཞིག་ཀྱང་ཡིན་ཚོད་དུ་གདའ། དེ་ཡང་ཡིན་ཏེ། ཞང་ཞུང་ནི་ང་ཚོའི་གནའ་བོའི་ཤེས་རིག་གི་འབྱུང་ཁུངས་ལྟ་བུ་ཡིན་ཞིང་ང་ཚོའི་ཤེས་རིག་གི་འབབ་རྒྱུན་ནི་ཡར་ལུང་གཙང་བོ་དང་འགྲོགས་ཏེ་བོད་ཁམས་སྤྱིར་དར་ཁྱབ་བྱུང་བ་ཞིག་དང་། ང་ཚོའི་གནའ་བོའི་ཤེས་རབ་ཀྱི་སྟོན་པ་ཆེན་པོ་གཤེན་རབ་མི་བོ་ཆེ་ཡང་གནས་དེར་འཁྲུངས་ཤིང་བསྟན་པ་གནས་དེར་སྤེལ་ཡོད་པས་འདིའི་ས་འབྲེལ“བྲུ་ཤ”ལྟ་བུར་མཚོན་ནའང་སྐབས་ཀྱི་ཆོས་ལུགས་དང་རིག་གནས་ཀྱི་ཤན་ཤུགས་ངེས་ཅན་ཐེབ་ཡོད་པའི་ས་གནས་ཤིག་ཡིན་པ་ནི་སྨོས་མེད་རེད། ང་ཚོས་པུར་རྒྱལ་དུས་རབས་ཞེས་པ་ནི་གནམ་རིའི་ཡན་ཆོད་དུ་བྱ་ཞིང་དེའི་ཕྱིན་ཆོད་དེ་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་ཁོང་གིས་མངའ་རིས་གཅིག་སྒྲིལ་གྱི་དམག་ཆེན་མགོ་བརྩམས་པ་དང་མཉམ་དུ་སྔར་ཡབ་མེས་ཀྱི་དུས་འབངས་སུ་བཀུག་ཀྱང་རྗེས་སུ་ངོ་ལོགས་པའི་དྭགས་ཀོང་མྱང་གསུམ་ཡང་བསྐྱར་བཙན་པོའི་ཆབ་འོག་ཏུ་བསྡུས་པ་དང་།

ང་ཚོས་ལོ་རྒྱུས་ལས་ཤེས་གསལ་ལྟར641ནང་ཙམ་ལ་བལ་བོའི་རྒྱལ་བོ་ཡུ་ན་ཀུག་ཏི་ཞེས་པའི་རྒྱལ་བོ་བཀུམས་ཤིང་ན་རིར་བ་རྒྱལ་པོར་བཅུག་ནས་སྐབས་ཀྱི་སྲིད་དབང་བོད་ཆེན་པོའི་ཁུངས་སུ་གཏོགས་པར་བྱས། ད་དུང་སྐབས་འདི་ཙམ་ནས644ཞང་ཞུང་གི་རྒྱལ་བོ་ལི་སྙི་ཤུར་བྱ་བར་སྲོང་བཙན་རང་གི་སྲིང་མོ་སད་མ་ཀར་མནའ་མར་སོང་ཞིང་སྐབས་ཀྱི་ཆབ་སྲིད་ལ་གཤེགས་ཞེས་པའི་དོན་འགྲེལ་དང་བབས་པར་ཞང་ཞུང་གི་རྒྱལ་ཕྲན་དེ་ཡང་མི་རིང་བར་སྲིད་བརླགས་ཤིང་བོད་འབངས་སུ་བཀུག་པ་དང་མཉམ་དུ“བྲུ་ཤ”བྱ་བའི་ཡུལ་ལུང་དེ་ཡང་ཆ་མཚུངས་བོད་པའི་མངའ་འོག་ཏུ་བསྡུས། འོན་ཀྱང་སྐབས་ཀྱི་རྒྱལ་ཕྲན་འདི་དག་བོད་འབངས་སུ་རེས་ཡོད་རེས་མེད་ལས་བརྟན་རླིང་མིན་པའང་ཤེས་དགོས།

སྐབས་འདི་ཚོ་ནི་བོད་པའི་ལས་ལྷ་དང་རླུང་རྟ་ཡར་དར་གྱི་དུས་ཤིག་ཡིན་པས665ནང་ནས་མགར་ཕ་ཚན་ཀུན་གྱིས་འཇང་དང་དྲུ་གུ་ད་དུང་རྒྱའི་ས་མཚམས་མང་པོར་ཉིན་མཚན་བསྟུན་མར་དྲག་པོའི་དཔུང་དམག་དྲངས་ནས་ཆེན་པོ་བོད་ཀྱི་མངའ་ཐང་ཇེ་ཆེར་བསྐྱེད་པ་དང་། ཐང་ཡིག་ཏུ་བྱུང་བ་བཞིན“བཙན་བྲོད་ཀྱིས་ཀྲུང་གོ་དང་འབྲེལ་བའི་ཤར་ཕྱོགས་ས་ཆ་བདག་ཏུ་གཉེར་ཏེ།
ལོ་ངོ་སུམ་ཅུ་ལྷག་གི་རིང་རྒྱའི་ཐང་རྒྱལ་རབས་ཀྱི་གེགས་སུ་གྱུར”སོགས་ད་ལྟའི་དུས་ལྟར་དགྲ་བོ་དགྲ་བོ་ཡིན་པ་ཤེས་བཞིན་དུ་ངོ་དགའ་དང་སྤྲེལ་ལད་བྱེད་དགོས་དོན་མེད་ཅིང་ཕན་ཚུན་ཚེ་སྲོག་གི་ཁ་དན་བཞག་ནས་གཡུལ་འཁྲུག་བགྱི་བཞིན་ཡོད་པ་ནི་ཤེས་གསལ་ལྟར་རོ། སྐབས་དེར་བཙན་པོ་བོད་ཆེན་མོའི་མངའ་ཐང་དང་དཔུང་ཤུགས་ནི་ཡ་གླིང་ནས་དྲག་ཤུགས་ཆེས་ཆེར་ཆེ་བའི་ས་བོན་གྱི་སྙེ་ཡང་བཏང་ངོ་།།

དེ་ལྟ་དེའི་ཕྱིར་བྲུ་ཤ་ཡང་བོད་ཀྱི་འབངས་འཁོར་དངོས་ཡིན་པར་མ་ཟད་བོད་པའི་གནའ་བོའི་རང་སྐྱ་ཐུབ་པའི་བོན་ཆོས་དང་རིག་གནས་གོམ་སྲོལ་སོགས་ཀྱི་ཤུགས་རྐྱེན་ངེས་ཅན་ཐེབ་ཡོད་པའི་མི་རིགས་ཤིག་ཡིན།

མི་རིགས་འདི་དང་ཡུལ་ལུང་འདི་ནི་གོང་ནས་ཕྱོགས་ཙམ་བསྟན་པ་བཞིན་བོད་ཀྱི་ནུབ་ཕྱོགས་སུ་གནས་ཡོད་པ་ཞིག་དང་དོན་དངོས་མི་རིགས་འདིའི་མིང་ལ་དུར་རབས་བདུན་པ་དང་བརྒྱད་པའི་སྐབས་སུ་ཏ་ཟིག་པ་དང་ལ་དྭགས་གཉིས་ཀྱིས“སྦ་ཏི”ཞེས་འབོད་ཅིང་། ས་གནས་མི་རིགས་རང་གིས“སྦ་ཏི་བ”ཞེས་འབོད་ཀྱིན་འདུག ང་ཚོས་ད་རག་བར་“སྦ་ཏི་བ”ཞེས་ལོ་རྒྱུས་ལས་སྔར་ནས་གོ་མྱོང་བའི་ས་གནས་འདི་དང་མི་རིགས་འདི་གནའ་བོའི་བོད་ཀྱི་འབངས་འཁོར་དུ་གཏོགས་མྱོང་བའི“བྲུ་ཤ”ཞེས་པའི་མི་རིགས་དང་ས་གནས་དེ་ཡིན་པའི་ངེས་ཤེས་རྙེད་ཡོད་མཁན་ཅིས་ཀྱང་ཉུང་ཉུང་ཡིན་རྒྱུ་རེད་སྙམ།

མི་རིགས་འདིའི་མིང་ལ་རྒྱའི་ཡིག་ཚང་དུ་འཁོད་པའི་བོད་ཀྱི་ལོ་རྒྱུས་ཞེས་པ་དེར波沦 ཞེས་བྲིས་འདུག་པ་དང་བོད་རྒྱ་ཚིག་མཛོད་ཆེན་མོར 勃律 ཞེས་བྲིས་འདུག ད་དུང་ལ་དྭགས་དང་བྲུ་ཤའམ་སྦ་ཏི་བ་གཉིས་ཀྱང་ས་ལམ་ཉེ་བོ་ཡིན་པས་ཕན་ཚུན་འགྲོ་འོང་ཤིན་ཏུ་ཆེ་བ་ཞིག་ཡིན་འདུག་པ་དང་། ད་དུང་ཕྱི་རོལ་གྱི་མིས་སྦ་ཏི་བ་ལ“བོད་ཆུང་བ”དང་ལ་དྭགས་ལ“བོད་ཆེན་པོ”དང་དེ་མིན”མང་ཡུལ”བྱ་བ་ཡང་སྦ་ཏི་བས་ལ་དྭགས་ལ་འབོད་པ། སྦ་ཏི་བ་དང་ལ་དྭགས་གཉིས་ཀས་དབུས་གཙང་ལ་ལྷ་ཡུལ་དུ་འབོད་པ་སོགས་རྒྱས་པར་བོད་ལྗོངས་ཞིབ་འཇུག་དང་བོད་རིག་པའི་མུ་འབྲེལ་དེབ་འཕྲེང་ཀུན་དང་ཡིག་ཚང་རྙིང་ཤོས་ཁག་ཏུ་གཟིགས་པར་མཚལ།

དེ་ནས་བོད་རྒྱལ་ཁྲི་ལྡེ་གཙུག་བརྟན་གྱི་སྐབས་སུ་བྲུ་ཤ་འདི་ཆེ་ཆུང་གཉིས་སུ་གྱེས་འདུག་པ་དང་ཆེ་བ་ནི་གོང་དུ་སོང་བ་བཞིན་དུ་ལགས་ཤིང་། ཆུང་བ་ནི་ཅེར་ཅི་ཐེ<>ངོས་འཛིན་གྱིན་ཡོད་འདུག འདི་ཆེ་ཆུང་གཉིས་སུ་གྱེས་རྐྱེན་སྐོར་ལ་དཔྱད་པ་མང་དུ་འདུག་ཀྱང་ཁོ་བོས་བསམ་པར་སྐབས་ཀྱི་སོག་དམག་གི་དྲག་ཤུགས་དང་ཨ་ལ་པོའི་ཆོས་སྤེལ་བའི་བཙན་གནོན་སོགས་མང་བོ་ཞིག་ལ་འབྲེལ་བ་འདུག་སྙམ།

དེ་ནས་དུས་ཕྱིས་ཀྱི་བྲུ་ཤུའི་གནས་སྟངས་ལ།

བོད་སིལ་བུའི་དུས་སུ་མི་རིགས་དེ་སོག་དམག་གིས་དབང་བསྒྱུར་བྱས་ནའང་། སྐབས་དེ་ཚོར་ང་ཚོས་ཞིབ་ཏུ་བལྟས་ན་རྒྱ་གར་དང་ལི་ཡུལ་སོགས་སུ་ཨ་ལ་པོའི་ཆོས་སྤེལ་མི་སྣ་དག་ཉིན་མཚན་མེད་པར་ཐབས་ཤེས་གང་མང་རྒྱུད་ནས་ཁ་ཆེའི་ཆོས་སྤེལ་བར་བརྩོན་གྱི་ཡོད་པས་ང་ཚོའི་བྲུ་ཤའམ་སྦ་ཏི་བ་ཡང་དེ་དག་གི་འོག་ཏུ་ཚུད་སོང་བ་རེད། འོན་ཀྱང་མི་རིགས་རང་གིས་དམངས་ཁྲོད་དུ་གེ་སར་སྒྲུང་བཤད་པ་དང་རྟ་རྩེད་དང་པོ་ལོ་སོགས་བོད་པའི་དྲི་མ་ཡལ་བའི་སྲོལ་རྒྱུན་དང་གོམ་སྲོལ་ལྡན་འདུག་པ་དང་། ཁ་སྐད་ཀྱི་ནང་དུའང་བོད་ཀྱི་བརྡ་དང་ཐ་སྙད་གང་མང་ཡོད་ཚོད། མདོར་ན1225ལོར་བྲུ་ཤ་སོག་དམག་ཇི་གིར་གྱི་རྒྱལ་རྒྱུད་ཀྱིས་དབང་བསྒྱུར་བཟོས་ཤིང་ཁ་ཆེའི་ཆོས་ལུགས་ཀྱིས་བཙན་ཐེབ་འོག་ནས་བོད་དང་རིང་དུ་གྱེས་སོང་ཡོད་འདུག

གུས་པ་ནི་ད་རག་བར་བོད་ཀྱི་ལོ་རྒྱུས་སྟེང་གི“བྲུ་ཤ”ཞེས་པའི་ས་ཆ་དང་མི་རིགས་དེར་ཅུང་ཙམ་ཆ་རྒྱུས་ཞན་པས་དེའི་སྐོར་ལ་དོ་སྣང་བྱས་པའང་ཉུང་ཉུང་མིན་པས་ད་ཐེངས་འདིའི་སྐོར་གྱི་ཚོད་བལྟའི་དཔྱད་རྩོམ་ལྟ་བུར་བྲིས་ཤིང་སྤེལ།

ཟུར་ལྟའི་དེབ།
བུ་སྟོན་ཆོས་འབྱུང་ཞང་བོད་ཏི་སེ་དེབ་ཐེར་ཀུན་གསལ་གཡུ་འཕྲེང་སོགས་ལས་སྐབས་ཀྱི་གནད་དོན་ལ་འབྲེལ་བ་ཡོད་པ་དག་དང་ཞང་ཞུང་གི་སྐབས།
རྒྱའི་ཡིག་ཚང་དུ་འཁོད་པའི་བོད་ཀྱི་ལོ་རྒྱུས། བོད་འགྱུར།
བོད་རིག་པའི་དཔྱད་རྩོམ་དེབ་འཕྲེང་དང་པོ་དང་གསུམ་པ།
ལྡེའུ་བའི་ཆོས་འབྱུང་ལས་ཞང་ཞུང་གི་སྐབས་དྲངས་པ།
ནོར་བྲང་ཨོ་རྒྱན་དང་ཁ་སྒང་སོགས་ཀྱིས་ཞང་ཞུང་གི་སྐབས་བཤད་པ།
བོད་རྒྱ་ཚིག་མཛོད་ཆེན་མོ།

2015.9.15ཉིན་བྲིས།
2015.10.23ཉིན་དང་བོད་ཤིང་ལུག་ལོའི་ཟླ་དགུ་པའི་ཚེས་བཅུ་གཅིག་ཉིན་བཅོས།