ཁྲི.མཆོད་ཀོང་། (ལན་གྲུ།)

མཆན།

ལོ་རྒྱུས་ཡིག་ཆ་མང་ཤོས་སུ་བོད་རྒྱ་གཉིས་ཀྱི་ཇ་རྟའི་ཚོང་ལས་དེ་ཐོག་མར་ཐང་རྒྱལ་རབས་ཀྱི་དུས་ནས་བཟུང་དར་ཡོད་འདུག་པས་ཁ་བྱང་འདིར་ཡང་”ཐང་བོད་ཇ་རྟའི་ཚོང་ལས”ཞེས་སྤྱད་ཡོད། འོན་ཀྱང་སྐབས་དེར་གཞི་རྒྱ་ཆེ་བའི་ཁྲོམ་རའི་རང་བཞིན་ཅན་དུ་གྱུར་མི་འདུག ངའི་པོད་གྲོགས་དང་སྐད་གྲོགས་བསམ་ཤེས་འགས་འདིའི་སྐོར་ལ་གནད་ལ་ཁེལ་བའི་དཔྱད་རྩོམ་འགའ་སྤེལ་འདུག་པར་མཚོན་ངས་ཀྱང་འབྲོག་པའི་གནའ་སྲོལ་ཐོན་རྫས་དང་དབྱར་རྩྭ་དགུན་འབུ་སོགས་ཀྱི་སྐོར་ནས་ཤུགས་ཆེར་བརྗོད་ཁུལ་བྱས་ཡོད། ད་དུང་འདིའི་ནང་དུ་སྐབས་དེའི་དབང་སྒྱུར་ཆབ་སྲིད་སྐོར་ཡང་ཡོད།

དང་པོ་”ཇ་རྟའི་ཚོང་ལས”《茶马互市》ཞེས་པའི་གོ་བ།

“གནའ་རབས་ལོ་རྒྱུས་སྟེང་གི་ནུབ་བྱང་ས་ཁུལ་དུ་ཕྱུགས་ལས་དཔལ་འབྱོར་གཙོར་བྱས་པའི་གྲགས་ཉུང་མི་རིགས་རྣམས་ཀྱིས་རང་ཉིད་ཀྱི་རྟ་དང་བཅས་པའི་ཕྱུགས་ཟོག་དང་ཕྱུགས་ལས་ཐོན་རྫས་དག་རྒྱ་ནག་གི་ཇ་དང་རས། ལྕགས་ཆས་ལ་སོགས་པའི་འཚོ་བའི་ཁྲོད་ཀྱི་རྒྱུན་སྤྱོད་ཐོན་རྫས་དང་བརྗེས་ཏེ་རིམ་བཞིན་ཆགས་པའི་གཅིག་བསྡུས་ཅན་དང་རྒྱ་ཆེ་བའི་ཁྲོམ་རའི་རང་བཞིན་ཅན་གྱི་ཚོང་ལས་བྱ་འགུལ་དེར་གོ”ཞེས་བོད་རིག་པའི་དཔྱད་རྩོམ༡༣པར་རྒྱ་ཡིག<>ཞེས་པའི་ནང་ནས་ལུངས་དྲངས་ཏེ་བཤད་འདུག་པ་དེ་ལགས།

ཇ་རྟའི་ཚོང་ལས

ཇ་རྟའི་ཚོང་ལས

སྤྱིར་ལོ་རྒྱུས་ཐོག་ནས་བཤད་ན་ཇ་རྟའི་ཚོང་ལས་འདི་ཐོག་མར་ཐང་རྒྱལ་རབས་ཀྱི་སྐབས་སུ་ནུབ་བྱང་ས་ཁུལ་རེ་ཟུང་དུ་རྒྱ་མི་འགས་ཇ་དང་རས་སོགས་ཁྱེར་ནས་སྐབས་ཀྱི་འབྲོག་པ་ཁག་ལ་རང་མོས་ཀྱིས་མཐའ་མཚམས་ཚོང་ལས་ཀྱི་སྣང་ཚུལ་བྱུང་ཡོད་འདུག་པ་དང་། གཞི་རྒྱ་ཆེ་བའི་ཁྲོམ་རའི་རང་བཞིན་གྱི་ཚོང་ལས་སུ་འགྱུར་བ་དང་བསྒྱུར་བ་ནི་སུང་རྒྱལ་རབས་ཀྱི་སྐབས་སུ་དངོས་སུ་སྲིད་གཞུང་གིས་གཡོ་འཕྲུལ་ཆབ་སྲིད་ཀྱི་དམིགས་ཡུལ་བཟུང་ནས་ཐེ་ཇུས་བྱས་ཡོད་འདུག སྐབས་དེར་རྒྱ་ནག་གིས་ཀྱང་བོད་པའི་ཚོང་ལས་ཀྱི་སྟེང་དུ་གཡོ་འཕྲུལ་ཆབ་སྲིད་ཀྱིས་དབང་བསྒྱུར་དམིགས་ཡུལ་བཟུང་སྟེ་ཐབས་གང་མང་འཐེན་པ་དང་། རྒྱ་ནག་ནང་ཁུལ་ནས་ཀྱང་སྲིད་གཞུང་གིས་བཙུགས་པའི་ཇའི་ལས་ཁུངས་ནས་ཐོན་པའི་ཇའི་བཀའ་རྟགས་ཅན་མེད་ན་ཚོང་ལས་འགྲོ་རྒྱུགས་བཀག་འགོག་བྱས། ད་དུང་རྒྱ་ནག་གི་ས་གནས་སོ་སོར་ཇ་ཡི་ལས་ཁུངས་བཙུགས་ཡོད་འདུག་པ་དང་བོད་རྒྱའི་ཚོང་ལས་གྱི་ས་གནས་དང་འདུ་འཛོམས་བྱེད་ས་ཡང་སྐབས་དེར་དར་རྩེ་མདོ་ཡིན་པར་གདའ། དར་རྩེ་མདོ་ཞེས་པའི་མིང་འདི་ལ་གུས་པར་ནན་བཤད་བྱེད་རྒྱུ་ཞིག་ཡོད་པ་ནི་ད་སྐབས་ཟི་ཁྲོན་གྱི་མི་མང་ཤས་དང་ཁམས་ཕྱོགས་ཀུན་ནས་མིང་འདིར”རྒྱ་དར་རྩེ་མདོ”ཞེས་འབོད་ཀྱིན་འདུག་པར་མ་ཟད་། རྩོམ་ཡིག་རེ་ཟུང་ནས་ཀྱང་དེ་ལྟར་མཐོང་མྱོང་། འོན་ཀྱང་མིང་དངོས་ནི”དར་རྩེ་མདོ”ཞེས་པ་དང་རྗེས་སུ་ས་གནས་དེ་སུང་དང་མིང་སོགས་ཀྱི་རྒྱལ་རབས་ཀྱི་དུས་སུ་བོད་རྒྱའི་ཇ་རྟའི་ཚོང་ལས་ཀྱི་སྟེ་བར་གྱུར་བ་དང་རྒྱའི་ཡུལ་ནས་ཇ་ཕོན་ཆེན་གནས་དེར་འདྲེན་པ་དང་འགྲོ་རྒྱུགས་ཤུགས་ཆེན་བྱུང་སྟབས”ཇ་དར་རྩེ་མདོ”ཞེས་ཐོག་པའི་ཚོད་དུ་འདུག་སྙམ། ངས་འདིའི་སྐོར་ལ་སྔར་ནས་ཀྱང་ལན་གཅིག་བཤད་མྱོང་ཡོད།

གོང་འཕྲོས།

མདོར་བསྡུས་ནས་བཤད་ན་སྐབས་དེའི་ཇ་རྟའི་ཚོང་ལས་ནི་བོད་པའི་འབྲོག་པའི་ལྷད་མེད་ཐོན་རྫས་དག་རྒྱ་ནག་ཏུ་གཡོ་ལེན་ཅི་ཐུབ་ཀྱིས་མཚོན་ཚོང་ལས་དེའི་སྟེང་ནས་དབང་བསྒྱུར་གྱི་ཆབ་སྲིད་ཀྱི་དམིགས་པ་བཟུང་ཡོད་པ་ཤེས་ཐུབ། སྤྱིར་ང་ཚོ་བོད་པར་དེང་རབས་ཀྱི་ཚོང་གི་ཐོན་རྫས་གསར་པ་དང་རང་དབང་རྒྱལ་ཁབ་ཁག་གི་ཐོན་རྫས་གསར་གཏོད་བྱས་པ་ལྟ་བུ་སོགས་གང་ཡང་མེད་ནའང་འབྲོག་པའི་གནའ་སྲོལ་ཐོན་རྫས་ཏེ། འོ་ཞོ་དང་། མར་ཆུར། ཐུད་རིགས་དང་། ཤ་སོགས་ནི་རྫས་རིགས་འདྲ་མིན་དང་སྙོམས་ཆུ་དུག་རིགས་སྐོར་རྩད་ནས་མ་འདྲེས་པའི་བདེ་ཐང་གི་ཟས་རིགས་ཤིག་ཡིན། འོན་ཀྱང་ང་ཚོར་གནའ་ནས་ད་བར་ང་ཚོའི་ཚོང་ལས་ཀྱི་འགྲོ་རྒྱུགས་བྱེད་ས་གཙོ་བོ་ནི་རྒྱ་ནག་ནང་ཁུལ་ཡིན་ལ། དེའི་རྐྱེན་གྱིས་སྲིད་གཞུང་གིས་ཚོད་ལ་མ་རན་པའི་རིན་གོང་གཏན་ཁེལ་བྱེད་པ་དང་རྒྱུ་རྐྱེན་ཅི་ཡིན་མི་ཤེས་པར་འབྲོག་པའི་ཐོན་རྫས་རིན་གོང་མར་ཆགས་པའི་གནས་ཚུལ་ཚབས་ཆེན་བྱུང་གི་ཡོད། དེས་མཚོན་པའི་ད་ལོའི་དབྱར་རྩའི་རིན་གོང་མར་ཆགས་པའི་གནས་ཚུལ་ནི་སྔར་ལས་ཀྱང་ཚབས་ཆེན་བྱུང་ཡོད་པས་སྲིད་གཞུང་གིས་ཕྱིའི་ཁོར་ཡུག་བཟོ་བསྐྲུན་གྱི་ལས་གཞི་རྒྱ་ཆེ་རབས་དང་རྒྱང་རིང་རབས་སོགས་ཀྱི་སྐོར་ཇི་ལྟར་བཤད་རུང་ང་ཚོའི་འཚོ་བའི་མ་ཁ་དང་གཞི་རྐང་ནི་དབྱར་རྩྭ་དགུན་འབུ་དང་འབྲོག་པའི་གནའ་སྲོལ་ཐོན་རྫས་དག་ཡིན་པས་འདིའི་སྐོར་ལ་བསམ་གཞིགས་གནང་དགོས་པ་ནི་ཆམས་མཐུན་གྱི་རྩ་བར་ཐུག་པའི་གནད་དོན་ཞིག་ཡིན། དེ་དང་འབྲེལ་བའི་ང་ཚོའི་འབྲོག་པའི་ཕྱུགས་རིགས་ཐོན་རྫས་དང་རྟ་སོགས་ཀྱི་རིན་གོང་ལ་ཚོད་ལ་མ་རན་པའི་སྟེང་སྲིད་གཞུང་གི་ཇུས་སྒྲིག་བྱེད་ཀྱིན་ཡོད་པ་ནི་གནའ་ནས་ད་བར་དུ་ཡོད་ལ། སྐབས་དེའི་མིང་རྒྱལ་རབས་ཀྱི་དུས་ལ་མཚོན་ནའང་སྲིད་གཞུང་གིས་བཙན་ཤེད་བྱས་ཏེ་གནས་ལུགས་དང་མི་མཐུན་པའི་སྒོ་ནས་ཇ་རྟའི་རིན་གོང་གཏན་ཁེལ་བྱས་པར། བོད་པའི་རྟ་བཟང་བོ་གཅིག་ལ་ཇ་ལོ་རྒྱ་མ་བཞི་བཅུ་༤༠དང་། རྟ་འབྲིང་ཞིག་ལ་ཇ་ལོ་རྒྱ་མ་སུམ་ཅུ༣༠དང་། རྟ་ཐ་མ་ཞིག་ལ་ཇ་ལོ་རྒྱ་མ་ཉི་ཤུ༢༠གཏན་ཁེལ་བྱས་པས་བོད་པ་ཀུན་མཐའ་མཚམས་རྒྱ་དང་ཚོང་ལས་དེར་ཡིད་ཆད། གནས་ལུགས་དང་མི་འཚམས་པའི་ཚོང་ལས་འགྲོ་རྒྱུགས་ལ་ཞུགས་འདོད་མེད་ནའང་སྐབས་དེར་སྲིད་གཞུང་གིས་ཇུས་སྒྲིག་འོག་ནས་རྟ་ཁྲལ་ལ་འགྲོ་དགོས་པའི་བཀའ་ཕེབས་ཀྱིན་ཡོད། འོན་ཀྱང་རྗེས་སུ་རྟའི་རིན་གོང་ཅུང་ཙམ་འཕར་ཡོད་ཚོད།

འདིས་མཚོན་ནས་ཤེས་ཐུབ་པར་ཐང་རྒྱལ་རབས་དང་དེ་འོག་གི་དུས་སུ་བོད་པའི་ཚོང་པ་དང་ཚོང་ལས་འགྲོ་རྒྱུགས་སོགས་རང་དབང་ཡིན་པ་མ་ཟད་བདེ་ཐང་གི་ཟས་རིགས་དང་རྒྱའི་ལྕགས་ཆས་ཀྱི་རིགས་དང་དེ་མིན་འབྲོག་པར་ཉེར་བར་མཁོ་བའི་རིགས་དག་འོས་འཚམས་ཀྱིས་ཐོད་གཏུགས་ཚོང་ལས་བྱེད་ཀྱིན་ཡོད་པ་ཤེས་ཐུབ། འདི་ལྟར་ཇ་རྟའི་ཚོང་ལས་དེའི་རྒྱུན་ནི་ཆབ་སྲིད་དང་དབང་སྒྱུར་གྱི་ལག་ཆར་བེད་སྤྱད་དེ་ཡོང་ཡོད་པ་དང་སོག་པོས་བཙུགས་པའི་ཡོན་རྒྱལ་རབས་ཀྱི་དུས་སུ་ཇ་རྟའི་ཚོང་ལས་རེ་ཞིག་ཆད་པའི་ཚོད་དང་དེ་ནས་མིང་རྒྱལ་རབས་ཀྱི་དུས་སུ་མཐའ་མཚམས་ས་གནས་བཅད་བཟུང་གི་དམག་འཁྲུགས་རྒྱུན་ཆད་མེད་པར་བྱུང་བ་དང་ལྷག་ཏུ་ཡོན་རྒྱལ་རབས་ཀྱི་དམག་དོན་སྟོབས་ཤུགས་བྱང་ཕྱོགས་དང་བཅས་པར་ཁྱབ་ཏེ་སྲིད་གཞུང་ལ་གཡོ་འགུལ་ངེས་ཅན་བྱུང་ཡོད། གཡོ་འགུལ་དེས་རྐྱེན་གྱིས་མཐའ་མཚམས་མི་རིགས་གཉོམ་ཆུང་དག་ལ་དམིགས་ཡུལ་གཞན་ཞིག་བཟུང་སྟེ་ཇ་རྟའི་ཚོང་ལས་སྔར་ལས་ལྷག་པར་དམག་འཁྲུག་དང་དབང་བསྒྱུར་གྱི་བར་དུ་བེད་སྤྱོད་བྱས་ཏེ་ཤུགས་ཆེར་དར་འཕེལ་བྱུང་འདུག འདིའི་སྐབས་ནས་ཀྱང་སྔར་གྱི་ཇ་རྟའི་ཚོང་ལས་དེ་སྤྱིར་བཏང་གི་ཚོས་ལས་ཞིག་ཏུ་སྲིད་གཞུང་གི་ཐེ་ཇུས་བྱས་མེད་པ་གསལ་བོར་ཤེས་བཞིན་པ་འདི་རེད། རྒྱ་ནག་ལོ་རྒྱུས་ཀྱི་དུས་རིམ་འདི་ཙམ་ནས་བོད་ནང་ཁུལ་དུ་ཁ་བྲལ་གྱི་གནས་ཚུལ་བྱུང་འདུག་པ་སྟེ། མིང་རྒྱལ་རབས་ཀྱི་དུས་མགོར་བོད་དུ་ས་སྐྱའི་བླ་བྲང་ཁག་གི་བར་ལ་འགལ་ཟླ་བྱུང་བ་དང་བསྟུན་ནས་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་སྲིད་དབང་འཇུག་སྒྲིལ་བའི་དུས་ལ་ཁེལ་བས་མིང་གོང་མས་ཀྱང་སྐབས་དེའི་གནས་ཚུལ་དང་ཁ་བྲལ་དེ་བེད་སྤྱོད་བྱས་ནས་ཇ་རྟའི་ཚོང་ལས་ཀྱིས་ཡུལ་མཐའི་མཐའ་མཚམས་མི་རིགས་ཁག་ལ་གཡོ་འཕྲུལ་གྱིས་བྱ་ཐབས་འདྲ་མིན་སྤེལ་འདུག ད་དུང་སྐབས་དེར་མིང་གོང་མས་བོད་པའི་ཆོས་ལུགས་བེད་སྤྱད་དེ”རྟེན་འབུལ་ལམ་ལུགས”《朝贡制度》ཞེས་པ་ཞིག་གིས་བོད་པའི་བླ་ཆེན་དང་སྤྲུལ་ཆེན་དག་ལ་འཇལ་ས་བྱིན་པ་དང་། མདོར་ན”རྟེན་འབུལ་ལམ་ལུགས”དེའི་སྟེང་ནས་ཀྱང་བོད་ཁུལ་དབང་སྒྱུར་བྱེད་པའི་ཇུས་བཤམས་ཡོད། བོད་ཀྱི་བླ་སྤྲུལ་དག་གིས་རྟེན་སྐུ་རྩ་ཆེན་དག་རྒྱ་ཡུལ་དུ་ཁྱེར་ནས་དེའི་རིན་དོད་དུ་ཇ་དང་རས་སོགས་ལེན་པའི་སྣང་ཚུལ་མང་བོ་བྱུང་འདུག་པ་དང་། དེའི་སྐབས་ཤིག་ནས་རྒྱ་ནག་ནན་ཅིན་དུ་བོད་པའི་བཀའ་འགྱུར་ཆ་ཚང་ཞིག་དཔར་སྐྲུན་བྱས་འདུག་པ་དེ་ནི་བོད་ཡིག་དེར་བཀའ་འགྱུར་དཔར་ཐེངས་དང་པོ་དེ་ཡིན་ཚོད། ཐང་བོད་ཇ་རྟའི་ཚོང་ཞེས་ཁ་བྱང་དུ་སྤྱད་པ་ནི་བོད་དང་རྒྱ་གཉིས་ཀྱི་བར་ཇ་དང་རས་ལྕགས་ཆས་སོགས་བོད་པའི་རྟ་དང་ཕྱུགས་ལས་ཐོན་རྫས་དང་བརྗེ་རེས་བྱེད་པའི་ལོ་རྒྱུས་ནི་ཐང་རྒྱལ་རབས་ཀྱི་དུས་སུ་མགོ་ཚུགས་པ་ཞིག་ཡིན་ཚོད་འདུག་པས་ཡིན། འོན་ཀྱང་གོང་དུ་བཤད་པ་བཞིན་ཚོང་ལས་དེ་ཁྲོམ་རའི་རང་བཞིན་དང་སྲིད་གཞུང་གིས་ཐེ་ཇུས་བྱས་པ་ནི་མིང་རྒྱལ་རབས་སོགས་ནས་བྱུང་ཡོད། འདི་ནས་ད་དུང་ནན་གྱིས་བཤད་འདོད་པར་དོ་ཞག་བོད་པའི་འབྲོག་པའི་ཐོན་རྫས་ཀྱི་རིན་གོང་མར་ཆགས་པ་དང་ལྷག་ཏུ་རྒྱུ་རྐྱེན་ཅི་ཡིན་མི་ཤེས་པར་དབྱར་རྩ་དགུན་འབུའི་རིན་གོང་ལོ་སྔོན་མ་ལས་ཀྱང་ཚབ་ཆེན་དུ་གྱུར་བས་འདིའི་སྐོར་ལ་ངའི་སྐད་གྲོགས་དང་པོད་གྲོགས་བསམ་ཤེས་ཅན་འགའ་ཡིས་སྐད་ཆ་ཐོན་འདུག་པས་ངས་ཀྱང་བསམ་གཞིགས་བགྱིས་ཏེ་མཐར་ཐང་བོད་ཇ་རྟའི་ཚོས་ལས་དང་འབྲེལ་བའི་སྐད་ཆ་ཞིག་བཤད་པ་དེ་ཡིན། ང་ཚོར་མཚོན་ན་འབྲོག་པའི་གནའ་སྲོལ་ཐོན་རྫས་ནི་ང་ཚོའི་འཚོ་བའི་མ་རྐང་དང་གཞི་རྩ་དེ་ཡིན་པས་ཅིས་ཀྱང་འདིའི་སྐོར་ལ་དོ་སྣང་དང་བསམ་གཞིགས་བྱེད་པ་ནི་འོས་པ་ཞིག་རེད་སྙམ། སྲིད་གཞུང་གིས་ཀྱང་འདིའི་སྐོར་ལ་དོ་སྣང་བྱེད་དགོས་པ་ནི་ད་ལྟའི་རྙོག་ཟིང་གི་དུས་སུ་གནད་དོན་ནང་གི་གནད་དོན་ཞིག་དང་འབྲེལ་བ་ངེས་ཅན་ཡོད་སྲིད།

2015.10.7ཉིན་སྡོད་ཤག་ནས་མཇུག་གྲུབ་པ་དང་སྤེལ་བ།