ཡིད་ལྗན་ལིད[1]་ཀྱིས་བརྩམས།

གོ་ཙི་ཙིས་བསྒྱུར།

“བདག་སྐྱོང་ནུས་པ་དང་ཐུན་མོང་འདུ་ཤེས་སྐྱེད་བསྲིང་བྱེད་ཐུབ”ཅེས་སུ་བསྙད་པ་འདི་དག་མ་གཞི་ནས་རང་ཤེད་ཆེ་ཞིང་། མ་བྱམས་བྱམས་ཁུལ་གྱི་སྐད་ཆ་ཤ་སྟག་ཡིན་པར་སྨོས་མེད་ཡིན་ཞིང་། གནས་ལུགས་ཀྱང་ཧ་ལམ་མེད་པ་ཞིག་རེད། ཕ་མ་དང་བུ་ཕྲུག་གཉིས་ལོགས་ཁར་ཕྱེས་ན་ད་གཟོད་བདག་སྐྱོང་ནུས་པ་ལེགས་པར་བསྐྱེད་བཏུབ་ཅིང་། བྱིས་པ་ཐུན་མོང་གི་འཚོ་བའི་ཁྲོད་དུ་གང་མགྱོགས་ཀྱིས་བསྐྱེལ་ན། ད་གཟོད་ཐུན་མོང་འདུ་ཤེས་སྤུས་དག་བསྐྱེད་ཐུབ་པ་མ་ཟད། འབྲེལ་འདྲིས་ལ་མཁས་པ་འགྱུར་ཏ་རེ་ཞེས་བཤད་པ་ཡིན། རིགས་ལམ་འདི་དེད་དེ་སོང་ན། དྭ་ཕྲུག་ཁང་གི་བྱིས་པ་ཚོར་རེག་པའི་ཆུང་དུས་ཀྱི་སློབ་གསོ་ནི་ཆེས་བཟང་ཤོས་དེ་རེད་ཅེས་པའོ།  །

བདག་སྐྱོང་ནུས་པ་དང་ཐུན་མོང་འདུ་ཤེས་སྐྱེད་ཐུབ་བམ།

དེ་ལ་འདི་ལྟར་མིན་ཏེ། དྭ་ཕྲུག་ཁང་གི་བྱིས་པ་ཚོས་ཆུང་དུས་ནས་ཐུན་མོང་འཚོ་བ་རོལ་བཞིན་ཡོད་ལ། བྱིས་པའི་དུས་ཀྱི་བདག་སྐྱོང་ནུས་པ་བྱིས་པ་གཞན་དག་ལས་བཟང་ཡང་སྲིད། འོན་ཀྱང་འཚར་ལོངས་བྱུང་རྗེས། དེ་དག་ཕལ་ཆེ་བ་རང་མདངས་ཤོར་ཏེ་མཆི། དེས་དྭ་ཕྲུག་ཁང་ནས་འཚར་ལོངས་བྱུང་བའི་བྱིས་པ་ཚོའི་སེམས་ནད་གཞན་ལས་ལྕི་བ་མཚོན་ཐུབ། བདག་སྐྱོང་འདུ་ཤེས་དང་འབྲེལ་འདྲིས་འདུ་ཤེས་ནི་རིམ་པ་དམའ་བའི་གྲས་སུ་ཇི་ལྟར་ཡོད་པ་དེ་ལྟར་སོ་ན་གནས་ངེས་སོ། །འདི་ལྟར་བཤད་པས། བྱིས་པ་དེ་དག་ལ་དམའ་འབེབས་བྱས་པ་མིན་ཏེ། གནས་ཚུལ་གྱི་དངོས་བབ་ཇི་བཞིན་དུ་བརྗོད་པ་ཡིན། ཁོ་ཚོའི་ལྷན་སྐྱེས་ཀྱི་ཤེས་རབ་ལ་རྒོལ་བ་མིན་ལ། གསོ་སྐྱོང་པ་རྣམས་ཀྱིས་ལས་ཀའི་འགན་འཁྲི་ཡལ་བར་དོར་བྱུང་། ཞེས་ཀྱང་བཤད་པ་མིན། དེ་ནི་ལས་ཀྱི་བསྐོས་ཐང་གིས་ཁོ་ཚོའི་ཆུང་དུས་ཀྱི་ཚུལ་དང་ལྡན་པའི་ཁྱིམ་ཚང་གི་འཚོ་བ་དང་ཕ་མའི་བརྩེ་བ་བཅོམ་སོང་བ་རེད། ཁོ་ཚོར་ཆུང་དུས་ནས་ཁྱིམ་ཚང་གི་དྲོད་ཁུལ་མ་རེག་ཅིང་། གཉེན་ཉེའི་བར་གྱི་འགྲོགས་འདྲིས་དང་གླེང་མོལ་གྱིས་མ་ལྡེངས་བས། མི་ཚེའི་སྟོད་ནས་རིམ་པ་རང་བཞིན་གྱི་ཆག་སྐྱོན་ཤོར་ཞིང་། ནར་སོན་རྗེས་སུ། སེམས་ཁམས་དང་འཇོན་ནུས་ལ་བསྐོང་ཐབས་བྲལ་བའི་སྟོང་ཆ་བཟོས་པ་རེད།

རོམ་ཉི་ཡཱས་འདིའི་ཐད་ནས་ནོར་འཁྲུལ་ཚབས་ཆེན་ཞིག་ཤོར་མྱོང་།

འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་འགྲིལ་རྗེས། རོམ་ཉི་ཡྰ་ནི་དཔལ་འབྱོར་ཉམས་ཉེས་དང་མི་འབོར་ཇེ་ཉུང་གི་གནས་སུ་གྱར། སྲིད་གཞུང་གིས་ཕྲུ་གུ་སྐྱེ་སྙོར་ལ་སྐུལ་འདེད་བཏང་སྟེ། བུ་བཙའི་ལོ་ཚོད་ལོན་པའི་སྐྱེས་མ་ཚང་མས། མ་མཐར་ཕྲུ་གུ་བཞི་རེ་སྐྱེ་རྒྱུའི་གཏན་འབེབས་བྱས། གལ་ཏེ་ཁྱིམ་ཚང་གང་རུང་གིས་བུ་ཕྲུག་དེ་འདྲ་མང་པོ་གསོ་རྒྱུའི་འགན་འཁྲི་མ་ལྕོགས་ན། སྲིད་གཞུང་གིས་འགྲོ་སོང་བཏང་སྟེ་བཙུགས་པའི་རྒྱལ་ཁབ་གསོ་སྐྱོང་ཁང་ལ་བསྐྱལ་ན་ཆོག་སྟེ། དེ་ཀའི་ལས་བྱེད་མི་སྣས་ཕྲུ་གུ་ཚང་མ་མཉམ་གཅིག་ཏུ་གསོ་སྐྱོང་བྱེད་རྒྱུ་རེད། སྲིད་ཇུས་དེ་ལག་བསྟར་བྱས་མཐར། སྔ་གཞུག་ཏུ་ཕྲུ་གུ་དམར་འབྱར་ཁྲི་༦ལྷག་བཙས་མ་ཐག་ཏུ་གསོ་སྐྱོང་ཁང་ལ་བསྐྱལ་བྱུང་བ་མ་ཟད། དེ་དག་ཚང་མ་སྡེབ་གསོ་བྱེད་བཞིན་མཆིས།

ཕྱིས་སུ། ཕྲུ་གུ་དེ་དག་ཕལ་ཆེ་བའི་སྤྱོད་པ་ཚུལ་མིན་དུ་འཆལ་ཏེ། མང་ཆེ་བའི་རིག་སྟོབས་ཞན་པ་དང་བརྩེ་སེམས་བསྐྱེད་མ་ནུས་པ། མི་གཞན་དང་འབྲེལ་འབྲིས་བྱེད་མ་ཤེས་པས། ཕན་ཚུན་ལ་གླེང་མོལ་བྱེད་ཐབས་བྲལ་བ། རང་ཉིད་གཅིག་པུས་ཁུག་འཁྱོག་ཅིག་ལ་བསྙེགས་ཏེ་བྱ་སྤྱོད་ཐེར་ཟུག་ཅན་རེ་ཟུང་ཡང་ནས་བསྐྱར་དུ་སྟེན་པ་དང་། ཆ་རྒྱུས་མེད་པའི་མི་ལ་ཞེད་སྣང་སྐྱེ་མི་ཤེས་ཤིང་། འབྲེལ་འབྲིས་ཀྱང་བྱེད་ཤེས་ཀྱི་མེད། གནས་ཚུལ་འདི་དག་ལ་ང་ཚོས་“དྭ་ཕྲུག་ཁང་གི་སྣང་ཚུལ་”ཞེས་བོས་ན་ཆོག  །དེའི་རྗེས་སུ། བྱིས་པ་ཁ་ཤས་ཤིག་ཨ་རིའི་རྡི་ཐེ་བྱིས་པའི་སྨན་ཁང་དུ་བསྐྱལ་ནས་ཀླད་པའི་ཆད་དུམ་འདྲ་པར་[3]རྒྱབ་མཐར། ཁོ་ཚོའི་ཀླད་པའི་མཚོ་རྟ་(海马回)དང་ཁམ་ཚིག་ཉིང་་རྡུལ་(杏仁核)སོགས་ཀླད་པའི་ཆ་ཤས་མང་པོར་སྐྱོན་ཡོད་པར་རྟོགས། ཀླད་པའི་དབང་རྩའི་ཚན་རིག་གིས་བདེན་དཔང་བྱས་པ་ལྟར། ཆུང་དུས་བརྩེ་སེམས་བསྐྱེད་མ་ནུས་པ་དེས། ཀླད་པའི་ཚུལ་མཐུན་གྱི་སྐྱེ་འཚར་ལ་ཐད་ཀར་རྨས་སྐྱོན་བཟོས་པ་དང་། ཀླད་པའི་ཆགས་སྟངས་ཚུལ་མིན་དུ་བཏང་སྟེ། བཅོས་ཐབས་བྲལ་བའི་ནད་གཞིའི་རྒྱུ་རུ་གྱུར་རོ། །

ཆུང་དུས་ཀྱི་བརྩེ་བའི་ཉིང་བཅུད་ནི་ཚེ་སྲོག་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ།

བསམ་བློ་དང་ལྡན་པའི་ཚེ་སྲོག་ཅིག་ལ་མཚོན་ན། ཆུང་དུས་ཀྱི་བརྩེ་བའི་ཉིང་བཅུད་ཡང་སྙིང་གལ་འགངས་ཇི་ཙམ་ཆེའམ་སྙམ་ན། དེ་སྔོན། ཨ་རིའི་སེམས་ཁམས་རིག་པ་མཁན་ཞིག་གིས་སྤྲེའུ་ཞིག་ལ་སེམས་ཁམས་ཀྱི་ཚོད་ལྟ་གྲགས་ཅན་ཞིག་བྱས་མྱོང་སྟེ།

ཁོས་སྤྲེལ་ཕྲུག་ཁ་ཤས་ཤིག་ཨ་མ་དང་སོ་སོར་ཕྱེས་ནས། སྤྲེལ་ཕྲུག་དེ་ཚོའི་གཟེབ་མའི་ནང་དུ་”ཨ་མ་རྫུན་མ་”གཉིས་བཞག་པ་རེད། དེའི་ནང་གི་ཨ་མ་གཅིག་ནི་ལྕགས་སྐུད་སྲ་མོ་ཞིག་གིས་བཟོས་ཤིང་བྲང་གཞུང་དུ་འོ་དམ་ཞིག་བཏགས་ཡོད། གཞན་དེ་ནི་རས་སྤུ་མ་འཇམ་པོ་ཞིག་གིས་བཏུམས་ཤིང་འོ་མ་མེད། ”འོ་མ་ཡོད་ན་ཨ་མའོ་”ཞེས་པའི་གཏན་ཆགས་ཀྱི་རིགས་པ་ལྟར་ན། སྤྲེལ་ཕྲུག་ནི་འོ་མ་ཡོད་པའི་”ལྕགས་སྐུད་ཨ་མའི་”ཉེ་སར་བཅར་དགོས་ངེས་རེད།

འོན་ཀྱང་དེ་ལས་ལྡོག་སྟེ། སྤྲེལ་ཕྲུག་བཀྲེས་ལྟོགས་ཀྱིས་མནར་བའི་ཚེ། ད་གཟོད་ལྕགས་སྐུད་ཀྱིས་བཟོས་པའི་ཨ་མའི་འཁྲིས་སུ་ཡོང་བ་དང་། འོ་མ་འཐུང་ཚར་འཕྲལ་རས་སྤུ་མའི་ཨ་མའི་འགྲམ་དུ་ཕྱིར་ལོག་བཞིན་འདུག །བྱུང་རིམ་ཕྲ་མོ་འདིས་ང་ཚོའི་མཐོང་ལམ་དུ་བྱིས་པའི་སེམས་ནང་གི་ལྷན་སྐྱེས་ཀྱི་རེ་འདུན་དང་ཞེད་སྣང་འདྲེན་གྱིན་ཡོད། ཁོ་ཚོ་ཟས་རིགས་ལས་ཀྱང་དྲོད་ཁུལ་ལ་ཆགས་ཤིང་དྲོད་ཁུལ་དགོས་ཀྱི་ཡོད། ཚོད་ལྟ་འདི་ད་རུང་མཇུག་འགྲིལ་པ་མིན་ཏེ། སྤྲེའུ་དེ་དག་ནར་སོན་རྗེས་སྤྱིའི་ཆ་ནས་ཕལ་ཆེ་བའི་སེམས་ལ་བར་གེགས་སྣ་ཚོགས་བྱུང་།

ཚོད་ལྟ་བས་སྤྲེའུ་དེ་ཚོ་ཨ་མའི་འོ་མ་འཐུང་ཞིང་། ཨ་མའི་པང་ནས་ཚུལ་བཞིན་དུ་འཚར་ལོང་བྱུང་བའི་སྤྲེའུ་གཞན་དག་ཁ་ཤས་དང་ལྷན་དུ་བཞག་རྗེས། ཆུང་དུས་ནས་ཨ་མའི་བརྩེ་བ་ཚུལ་བཞིན་དུ་མ་རེག་པའི་སྤྲེའུ་འདི་དག་ཐུན་མོང་འཚོ་བར་ཚུལ་བཞིན་འདྲིས་མ་ཐུབ་པར། ཕལ་ཆེ་བའི་རྒྱུད་ལ་བརྩེ་བས་དབུལ་ཐོག །འབྲེལ་འདྲིས་བྱེད་མི་ཤེས་ཤིང་བྱེད་མི་འདོད་པ་རེད། དེ་ཚོའི་ཀླད་པའི་སྐྱི་མོའི་དབང་རྩའི་འབྲེལ་མཐུད་ལ་ཧྲག་བར་བྱུང་བ་ཀླད་ཆེན་ལ་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བ་དང་། སེམས་ཁམས་ལ་གནད་དོན་ཚབས་ཆེན་བྱུང་བ་ཙམ་དུ་མ་ཟད། གོམ་པ་ཡང་འཁྱར་རེ་འཁྱོར་རེ་མ་གཏོགས་སྤོ་ཐུབ་ཀྱི་མེད་ལ། ཐ་ན་སྐད་སྒྲའང་ཚུལ་ལྟར་མི་ཐོན་ཞིང་། ནམ་ཡང་སྤྲེའུའི་སྤྱི་ཚོགས་ཀྱི་ཆེས་དམའ་རིམ་ན་གནས་འཆའ་སྟེ་གདའ།

ཚོད་ལྟ་བྱེད་མཁན་གྱིས་སེམས་ལ་རྨ་ཁ་ཕོག་པའི་སྤྲེའུ་འདི་ཚོར། མིའི་ཐབས་ཀྱིས་མངལ་སྦྲུམ་དུ་བཅུག  །སྤྲེལ་ཕྲུག་སྐྱེས་མ་ཐག་ཏུ་སྤྲེལ་མ་དེ་དག་གི་རྒྱུད་ལ་བརྩེ་བ་དབེན་ཞིང་གདུག་རྩུབ་ཆེ་བས། སྤྲེལ་ཕྲུག་ལ་ཡ་ང་བའི་མནར་གཅོད་གཏོང་ཡོད་པ་རེད། ཁ་ཤས་ཀྱིས་ཐ་ན་རང་ཉིད་ཀྱི་ཕྲུ་གུ་ལ་སོ་བཏབ་ནས་བསད་ཡོད་དོ། །

སྤྲེའུ་དང་མི་གཉིས་ཀྱི་རྒྱུད་འཛིན་གཞི་རྩ་ནི་བརྒྱ་ཆའི་དགུ་བཅུ་གོ་བཞི་འདྲ་མཚུངས་ཡིན། དེ་ཚོའི་ལུས་ཐོག་ལས་ཚུར་སྣང་བྱེད་པ་དེ་དག་ནི། ཏག་ཏག་མིའི་རིགས་ཀྱི་ཆེས་ཐོག་མའི་བརྩེ་སེམས་ཀྱི་གནས་སྟངས་རེད། དེར་བརྟེན་”དྭ་ཕྲུག་ཁང་གི་སྣང་ཚུལ་”ཡང་དེ་ཚོའི་ལུས་ཐོག་ཏུ་འབྱུང་སྲིད་པ་རེད། ཚོད་ལྟ་འདིས་གསལ་བཤད་བྱེད་པ་ནི། དྲོད་ཁུལ་གྱི་པང་ཁུག་དང་བྱམས་བརྩེའི་མིག་མདངས། ཞི་འཇམ་གྱི་སྐད་ཆ། ཤ་པགས་ཀྱི་ཐུག་རེག་བཅས་ནི་རིག་སྟོབས་ལྡན་པའི་ཚེ་སྲོག་ཅིག་ཚུལ་བཞིན་དུ་འཚར་ལོང་འབྱུང་བར་མེད་དུ་མི་རུང་བའི་དངོས་རྫས་ཤ་སྟག་ཡིན་པར་བསྟན་པའོ། །

ཕྲུ་གུ་སྙོར་སྐྱོང་གི་རང་བཞིན་དགོས་མཁོ།

སྐྱེས་མ་ཐག་པའི་ཕྲུ་གུ་ནི་”སྲོག་ཆགས་ཆུང་ཆུང་”ཞིག་སྟེ། རང་བྱུང་གི་མི་རྣལ་མ་ཞིག་ཡིན། སྤྱི་ཚོགས་ཀྱི་མི་ཞིག་ཏུ་འཚར་ལོང་འབྱུང་དགོས་ན། ངེས་པར་དུ་འཚར་ལོང་གི་གོ་རིམ་ངེས་ཅན་ཞིག་བརྒྱུད་དགོས། དེ་ཡང་ས་བོན་ཞིག་ལ་ངེས་པར་རྩ་བ་སྐྱེས་པ་ལ་བརྟེན་ནས་མྱུ་གུ་འབུས་པ་དང་། དེ་ནས་མེ་ཏོག་གི་ཁ་བཞད་ཙ་ན་ད་གཟོད་འབྲས་བུ་སྨིན་པའི་བརྒྱུད་རིམ་དང་ཨ་ན་དངོས་བཤུས་རེད། བྱིས་པ་ལའང་ཐོག་མར་དྲོད་ཁུལ་དང་བདེ་འཇགས་ཀྱི་སྣང་བ། བརྩེ་སེམས། གཉེན་ཉེ་སོགས་རང་བཞིན་གྱི་དགོས་མཁོ་འདི་དག་སྐོང་དགོས་ཤིང་། དེ་ནས་འཕེལ་རིམ་གོང་མའི་བདག་སྐྱོང་དང་འབྲེལ་འདྲིས། གཞན་ཕན་སོགས་ཀྱི་འདུ་ཤེས་དང་ནུས་པ་ད་གཟོད་བསྐྱེད་ནུས། ཁྱིམ་ཚང་གི་དྲོད་ཁུལ་དང་ལྷག་པར་དུ་ཨ་མའི་བརྩེ་བ་ནི། བྱིས་པ་ཞིག་གི་འཚར་ལོང་ལ་མེད་དུ་མི་རུང་བའི་སེམས་ཁམས་ཀྱི་འཚོ་བཅུད་དངོས་རྫས་རིགས་ཤིག་ཡིན།

གནའ་ནས་ད་བར་སློབ་གསོའི་གནད་དོན་གྱི་ཐོག་ལ་རང་བྱུང་དང་ལྷན་སྐྱེས་ལས་འགོངས་པའི་དོན་དག་མང་པོ་ཞིག་རྟག་པར་བྱུང་དང་འབྱུང་མུས་སུ་མཆིས། མི་རྣམས་ཀྱིས་ག་དུས་ཡིན་ཡང་། བྱིས་པའི་རང་བཞིན་གྱི་དགོས་མཁོ་ལ་སྣང་མེད་རྐྱང་རྐྱང་བཏང་སྟེ། སྤྱི་ཚོགས་ཀྱི་དགོས་མཁོའི་འཆར་གཞི་གང་རུང་བྱིས་པའི་སྒང་ལ་བཙན་ཤེད་ཀྱིས་སྦྱོར་བ་དང་། བྱིས་པར་ཁ་འཁོར་བའི་ཚེ། མང་ཆེ་ཤོས་ཚོང་ལས་དང་ཆབ་སྲིད་ཡང་ན་ཁེ་ཕན་གང་རུང་གི་ཚང་རྩིས་རྒྱག་པར་བྲེལ་བ་ལས། བྱིས་པ་ནི་”མི་”ཞིག་ཡིན་པའི་ངོས་ཐད་ནས། ཆེས་རང་བཞིན་གྱི་དགོས་མཁོ་ལ་མཉམ་འཇོག་གཏན་ནས་བྱེད་མེད་དོ། །བྱིས་པའི་དུས་སུ་སྤྱི་ཚོགས་རང་བཞིན་ཡར་རྒྱས་གཏོང་རྒྱུར་བྲེལ་བ་ནི། དོན་དུ་མྱུ་གུ་བཀོག་སྟེ་ལོ་ཏོག་ལ་སྒུག་པ་རང་ལས་མ་འདས། ཆུང་དུས་ཕ་མ་དང་གཤིབ་པའི་དུས་ཚོད་ཀྱིས་དབུལ་བ་དེས། ཆེས་ཐོག་མའི་རང་བཞིན་གྱི་དགོས་མཁོ་སྐོང་མ་ཐུབ་པར་གྱུར་པ་རེད། དེའི་ཕྱིར། སྤྱི་ཚོགས་རང་བཞིན་ཚུལ་བཞིན་འཕེལ་ཐུབ་པ་དཀའ་ལ། མཐའ་ན་སྐད་ཆ་ཚུལ་ལྟར་བཤད་ཐུབ་པའང་མི་འབྱུང་ངོ་། །

བཅའ་སྡོད་ལམ་ལུགས་ཀྱི་འོག་ནས་འཚར་ལོང་བྱུང་བའི་བྱིས་པ་ནི་དྭ་ཕྲུག་ཁང་གི་བྱིས་པ་ཕྱེད་ཀ་ཞིག་ཡིན།

ང་རང་གཟའ་མཇུག་གི་བཟའ་སྟོན་ཞིག་ལ་འགྲོ་དུས་ཕ་མ་ཟུང་དང་འཕྲད་བྱུང་། སྐབས་དེར། ཁོ་གཉིས་ཀྱི་བུ་ཕྲུག་རང་ལོ་༥ལ་སོན་འདུག །ལོ་གཉིས་ཀྱི་སྔོན་དུ། བྱིས་པ་དེ་ནི་ལོ་གསུམ་དང་གཟའ་འཁོར་གསུམ་ལ་ལོན་པ་ཡིན་པས། དེ་དུས་ནས་བཟུང་སྟེ། པེ་ཅིང་གྲོང་ཁྱེར་དུ་སྐད་གྲགས་ཡོད་པའི་བྱིས་སྙོར་ཁང་ཞིག་ཏུ་བཅོལ་ཏེ་སྣང་། བྱིས་སྙོར་ཁང་དེའི་ཕྱི་ནང་གཉིས་ཀའི་ཆ་རྐྱེན་ཤིན་ཏུ་བཟང་ཞིང་། རྒྱལ་ཁབ་ལས་ཁུངས་དང་གྲགས་སྐར་སྡེ་ཁག་གི་བྱིས་པ་ཅུང་མང་པོ་བསྡུས་འདུག །སྤྱིར་བཏང་གི་མི་དཀྱུས་མས་སློབ་གྲྭ་དེར་བུ་ཕྲུག་བཅོལ་དགོས་ན་ཅུང་ཟད་ཁག་པོ་འདུག །ཕ་མ་འདི་གཉི་ཀ་ལས་ལ་ཧ་ཅང་འཇོན་ཞིང་། དར་མའི་དུས་ནས་བཟུང་སྟེ་བུ་ཕྲུག་སྐྱེས་པ་རེད། ཁོ་གཉི་ཀ་ལས་ཀའི་བྲེལ་ཟིང་ཅུང་ཆེ་བའི་དབང་གིས། ཕྲུ་གུ་ཡོངས་བཅོལ་[4]བྱས་ཏེ། གཟའ་འཁོར་གཅིག་ལ་ཐེངས་རེའམ་གཟའ་འཁོར་གཉིས་ལ་ཐེངས་རེ་ཕྱིར་ནང་ལ་བསུ་བཞིན་འདུག །ཁོ་ཚོ་བྱིས་སྙོར་ཁང་ལ་བློ་ཡིད་རབ་ཏུ་ཚིམས་ཡོད་པ་འདྲ། བུ་ཕྲུག་ཁྱིམ་དུ་བསྡད་པ་ལས་བྱིས་སྙོར་ཁང་ལ་བསྐྱལ་ན་ཡག་པོ་འདུག །ཅེས་བཤད་ཅིང་། བུ་ཕྲུག་གིས་རང་ཉིད་ཀྱི་རྐང་ཤུབ་དང་གསང་དོར་བཀྲུ་ཤེས་ཤིང་། གཉིད་ཉལ་ལངས་ཚང་མའང་རང་འགུལ་གྱིས་བྱས་རབས་སོགས་བཤད་བྱུང་།

བུ་ཕྲུག་ནི་སྤྱང་གྲུང་ལྡན་ཞིང་། ཁ་ལ་ཧ་ཅང་ཉན་གྱི་ཡོད་པའི་ཟོལ་གྱིས་ཨ་མའི་འགྲམ་ནས་རང་གར་ཟ་མ་ཟས་ཏེ་གདའ། ཨ་མས་ཁོའི་ཕོར་པའི་ནང་དུ་ཚལ་ཡང་ཡང་བླུགས་བཞིན་འདུག །ང་ཚོས་ཞབས་དག་བཀྱག་རེས་བྱས་ཤིང་། འཁྲུག་ཆ་ཧ་ཅང་དོད་པའི་སྐབས་དེར། བུ་ཕྲུག་ཆུང་ཆུང་དེ་གློ་བུར་དུ་ཝ་ཞེས་ངུས་བྱུང་། དེར་འདུས་ཀྱི་མི་ཚང་མས་ཅི་བྱུང་སོང་ཞེས་བྲེལ་སྟབས་ཀྱིས་དྲིས་ཤིང་། ཨ་མས་ཀྱང་ཅི་ཡིན་འདི་ཡིན་མ་ཤེས་ཏེ། བུ་ཕྲུག་ལ་མྱུར་སྟབས་ཀྱིས་འཐམས་ནས་ཅི་བྱུང་སོང་ཞེས་དྲིས་སོང་། བུ་ཕྲུག་ནི་སེམས་པ་ཧ་ཅང་སྐྱོ་བའི་ཟོལ་གྱིས་ངུས་ནས་སྐད་ཆ་ཡང་ཐོན་མ་ཐུབ་པར་བསྡད།

ཨ་མས་བུ་ཕྲུག་ཇི་ལྟར་བྲིད་ན་ཡང་ངུ་མཚགས་མ་ཆད་པས། བུ་ཕྲུག་ཁུར་ནས་ཕྱི་ལ་ཕྱིན་ཅིང་། ཨ་ཕ་ཡང་མཉམ་དུ་ཕྱིན་སོང་། ཅུང་འགོར་རྗེས་བུ་ཕྲག་ངུ་མཚམས་ཆད་འཕྲལ། ཨ་ཕ་ནང་ལ་འཛུལ་ཏེ་འོངས་ནས། འཚེར་སྣང་ཅུང་ཟད་དང་བཅས་གད་མོ་ཤོར་བཞིན་གནས་ཚུལ་ཅི་ཡང་བྱུང་མི་འདུག་ཅེས་དང་། བུ་ཕྲུག་གིས་ཡ་གོ་ཁྲ་ཤ་མྰིའི་ནང་གི་གོ་[8]རྐྱང་རྐྱང་བཟའ་བསམ་ན་ཡང་། ཨ་མས་ཞ་མྰི་མ་གཏོགས་མ་སྟེར་བས། ཨ་མས་རྐང་བཙུགས་ནས་ཁོ་ལ་ཞ་མྰི་སྟེར་བ་རེད་སྙམ་སྟེ་ངུས་པ་རེད་འདུག །ཅེས་འགྲེལ་བཤད་རྒྱབ།

ཚང་མས་དེ་སྐད་ཐོས་འཕྲལ། སེམས་ལྷོད་ལ་འབབ་ནས་གད་མོ་ཤོར་བཞིན་འདུག་སྟེ། བྱིས་པ་འདི་ཅི་འདྲའི་ཨུ་ཚུགས་ཅན་ཞིག་རེད་ཨང་བསམ་སོང་། ཨ་མས་བུ་ཕྲུག་ཁྲིད་ནས་ཕྱིར་སླེབས་ཡོང་དུས། ཚང་མས་བུ་ཕྲུག་ལ་གང་མགྱོགས་ཀྱིས་སེམས་གསོ་བྱས་ནས། ཁོ་རང་ལ་ཨ་ཁུ་ཨ་ནེའི་མདུན་ནས་འཚེར་སྣང་མེད་པར། ཅི་ཞིག་བཟའ་འདོད་རུང་ལེན་རྐྱང་གྱིས། ཞེས་བསྐུལ་འདེད་བྱེད་བཞིན་འདུག །ཨ་མས་ཀྱང་ཁྱོད་ལ་བཟའ་བསམ་པ་ཅི་ཞིག་ཡོད་ནའང་ང་ལ་ཤོད་དང་། ཁྱོད་ཀྱིས་མ་བཤད་ན་ཨ་མས་ཀྱང་ཤེས་ཀྱི་མི་འདུག འཚེར་སྣང་མ་བྱེད། ཨ་ཁུ་ཨ་ནེ་འདི་ཚོ་ཚང་མ་ཨ་ཕ་ངེད་གཉིས་ཀྱི་དགའ་ཉེ་ཤ་སྟག་རེད། ཅེས་ཡང་ནས་བསྐྱར་དུ་བཤད།

ཁོ་ཚོའི་སྐད་ཆས་བུ་ཕྲུག་དེར་ཕན་ཐོགས་ཅི་ཡང་བྱུང་མེད་པ་འདྲ་སྟེ། བུ་ཕྲུག་དེས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་ངུ་ཤུམ་བྱེད་བཞིན་ཐུར་མ་ལ་ཐུག་པའང་མ་བྱུང་ཞིང་། མིག་མདངས་ནི་ཡི་མུག་དང་སྐྱོ་སྣང་གིས་ཁེངས་ཏེ་མཆི།

ཉིན་དེར། ཟ་མ་ལྷན་དུ་ཟ་མཁན་ལ་ད་རུང་གྲོགས་པོ་ཆུང་ཆུང་གཉིས་ཡོད། བལྟས་ཚོད་ཀྱིས་རང་ལོ་ལྔ་དྲུག་ཅིག་ལ་སོན་ཡོད་པ་ཤེས་ཐུབ། ཁོ་གཉིས་ནི་ཅུང་ཙམ་ལས་མ་འགོར་བར་རྩེད་མོ་ལ་གཡེངས་སོང་། མདུན་ཅོག་སྒང་གི་ཟ་མ་ཉུང་ཟད་ཅིག་ཟས་རྗེས། ཕར་འགྲམ་གྱི་སོ་ཧྥ་སྒང་ལ་རྩེད་མོ་རྩེད་དུ་ཕྱིན་སོང་། ཁྱིམ་བདག་དེས་བུ་ཕྲུག་ལའང་གྲོགས་པོ་ཆུང་ཆུང་དང་མཉམ་དུ་རྩེད་མོ་རྩེད་དུ་སོངས་ཞེས་བསྐུལ་ནའང་། བུ་ཕྲུག་གིས་འགྲོ་མ་འདོད་པའི་རྣམ་འགྱུར་བསྟན། དེ་ལྟ་དེ་ལྟར་དུ་ཤིན་ཏུ་མི་སྐྱིད་པའི་རྣམ་འགྱུར་དང་བཅས་ཅུང་ཙམ་ཙོག་སྟེ། ཨ་མའི་པང་དུ་ཕྱིན་ནས་སྐེ་ལ་འཁྱུད་པ་དང་། ཡང་ཨ་ཕའི་པང་ནས་ཙོག་སྟེ་བསྡད། བལྟས་ཚོད་ཀྱིས་སེམས་པ་གུ་དོག་ཅིང་འཚབ་བཞིན་འདུག །ད་གདོད་ཟ་མ་ཡང་བསྐྱར་ཟས་མ་སོང་ལ། སྐད་ཆའང་བཤད་མ་སོང་། གྲོགས་པོ་ཆུང་ཆུང་དང་མཉམ་དུ་རྩེད་མོ་རྩེད་དུ་དེ་བས་ཕྱིན་མ་སོང་། བུ་ཕྲུག་གི་སེམས་པའི་ནང་ལ་བརྙས་བཅོས་ཀྱི་འདུ་ཤེས་ཤུགས་དྲག་པོ་ཡོད་པར་མ་ཟད། བདེ་འཇགས་ཀྱི་སྣང་བས་སྟོང་པའང་བལྟས་ཚོད་ཀྱིས་ཤེས་བཏུབ་བོ། །

བཅའ་སྡོད་ལམ་ལུགས་ཀྱིས་བརྩེ་དུང་གི་བར་ཐག་བཀྱེད་པ་ཡིན།

བྱིས་པ་དང་ཕ་མའི་བརྩེ་དུང་ནི་ཤ་ཁྲག་གི་འབྲེལ་བ་ཁོ་ནའི་སྟེང་ནས་འཛུགས་ཐུབ་པ་ཞིག་མིན། དེ་ལ་ངེས་པར་དུ་ཡུན་རིང་ཞིང་ཐེངས་མང་པོར་མཉམ་དུ་གཤིབ་པའི་དུས་ཚོད་དགོས། བྱིས་པ་ཇི་ལྟར་ཆུང་ན་ཕ་མའི་བརྩེ་དུང་ལ་རེ་བ་དེ་ལྟར་མཐོ་ལ། མཉམ་དུ་གཤིབ་པའི་དུས་ཡུན་ཡང་དེ་ལྟར་རིང་པོ་དགོས། འདི་ནི་བྱིས་པས་བདེ་འཇགས་ཀྱི་སྣང་བ་ཇི་ལྟར་བསྐྱེད་པའི་ཐབས་ཀྱི་དགོས་མཁོ་ཡིན། ཡུན་རིང་བཅའ་སྡོད་བྱས་པའི་བྱིས་པ་དག་གི་སེམས་པའི་ཟབ་ས་ན། ཕ་མས་བསྐྱུར་བའི་ཞེད་སྣང་གིས་ཁེངས་ཤིང་། ད་རུང་ཕ་མ་ལ་སྡང་སེམས་བཅངས་ཡོད་པ་རེད། དེའི་ཕྱིིར། རྣམ་པ་ཀུན་ཏུ་ཉམ་ཐག་ཅིང་མགོ་བོ་ཤ་སྟག་སྒུར་ཞིང་། ཚད་ལས་བརྒལ་བར་འཁྲེབ་པ་དང་། གླེང་མོལ་གྱི་ཡུལ་དང་བྲལ་བ་བཅས་ཀྱི་སྣང་ཚུལ་འབྱུང་སྲིད།

དངོས་གནས་བྱས་ན། བཅའ་སྡོད་ལམ་ལུགས་ཀྱིས་བཀྱེད་པའི་བརྩེ་དུང་གི་བར་ཐག་ནི། བྱིས་པའི་སེམས་པ་ཁོ་ནར་བྱུང་བ་ཙམ་མ་ཡིན་ཏེ། ཕ་མའི་སེམས་སུའང་འབྱུང་བཞིན་ཡོད། མཉམ་དུ་གཤིབ་པའི་དུས་ཡུན་དང་ཁ་གྲངས་ཀྱིས་མ་ལྡེངས་པའི་དབང་གིས། ཕན་ཚུན་གྱི་བརྩེ་དུང་གི་མདུད་པ་ཇེ་ལྷོད་དུ་གྱུར་ཅིང་། བརྩེ་བའི་ཟབ་ཚད་དང་སྤུས་ཀ་ཡང་ཇེ་ཞན་དུ་ཆགས་པ་རེད། མ་གཞི་བྱིས་པ་དེ་ནི་ཁྱོད་ཀྱིས་འཇིག་རྟེན་འདིའི་ཐོག་ཆེས་གཅེས་ཤོས་ཀྱི་བྱིས་པ་དེ་ཡིན་ན་ཡང་། དེས་ཁྱེད་གཉིས་ཀྱི་འབྲེལ་འདྲིས་དང་ཆ་རྒྱུས་ཆེས་བཟང་ཤོས་ཡིན་པ་མཚོན་མི་ཐུབ། ཕ་མ་མང་པོ་ཞིག་གིས་བུ་ཕྲུག་ལ་ཆ་རྒྱུས་ཡག་པོ་ལོན་མི་ཐུབ་ཅིང་། བུ་ཕྲུག་དང་འབྲེལ་འདྲིས་ལེགས་པོ་སྐྱོང་ཐུབ་ཀྱི་མེད། དེ་ཡང་། བུ་ཕྲུག་ཆུང་དུས་སུ་ཁོ་རང་དང་མཉམ་དུ་གཤིབ་པའི་གོ་སྐབས་ཀྱིས་མ་ལྡེངས་བའི་རྒྱུ་རྐྱེན་དེ་དང་། བརྩེ་དུང་གི་མདུད་པ་ལྷོད་ཞིག་ཏུ་སོང་བ་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་ལགས་སོ། །

ཁྱིམ་བདག་ཁ་ཅིག་ན་རེ། ངས་བཅའ་སྡོད་བྱིས་སྙོར་ཁང་དུ་བྱིས་པ་བཅོལ་ན། བྱིས་པ་ལ་གནོད་པ་ཤེས། འོན་ཀྱང་ལས་ཀའི་བྲེལ་ཟིང་ཆེ་དྲགས་པའི་དབང་གིས། བྱིས་པ་ཡོངས་བཅོལ་བྱེད་པ་ལས་འོས་མེད་ཟེར། ལས་ཀར་བྲེལ་བ་ཡོད་པ་ནི་བདེན་འབྲེལ་རེད། བྱིས་པ་ཆུང་ངུའི་དུས་དེར། ཏག་ཏག་ཕ་མས་འབད་འབུངས་བྱེད་འགོ་བརྩམས་པ་ཡིན། འོན་ཀྱང་འདི་ནི་རྣམ་ཀུན་ཏུ་བྱིས་པ་དང་མི་ཐུག་མི་འཕྲད་པའི་རྒྱུ་མཚན་དུ་བགྲང་མི་འོས། ལོ་ན་གཞོན་པའི་ཚེ་ན་སུ་ཞིག་ལ་བྲེལ་བ་མེད་ཨང་། ”དོན་དག་ཅི་ཞིག་བསྒྲུབ་འདོད་ན་དེ་ལ་ནམ་ཡང་རྒྱུ་མཚན་ཞིག་ཡོད་ལ། དོན་དག་ཅི་ཞིག་བསྒྲུབ་མ་འདོད་ན་དེ་ལ་ཡང་ཁག་དཀྲི་ས་ཞིག་ཡོད་”ངེས་པ་རེད། བྲེལ་བ་ཇི་ལྟར་ཆེ་ཡང་ཉིན་ལྟར་ཁྱིམ་ལ་ལྡོག་དགོས་པ་མ་ཡིན་ནམ། གལ་ཏེ་ཆུ་ཚོད་ཕྱེད་ཀ་གཅིག་གམ་སྐར་མ་ཁ་ཤས་ལས་བྱིས་པ་དང་གཤིབ་ཁོམ་མ་བྱུང་རུང་། དེར་ཡང་དོན་སྙིང་ཡོད་པ་རེད། ཕ་བུའི་བར་ནས་ཕན་ཚུན་གྱི་སྐད་སྒྲ་ཐོས་ཐུབ་ཅིང་། མ་བུའི་བར་ནས་ཕན་ཚུན་གྱི་དྲི་མ་བྲོ་ཐུབ་པ་ཙམ་གྱིས་ཁྱིམ་ཚང་ནི་དྲི་ཞིམ་གྱིས་ཁེངས་པར་གྱུར་ཅིང་། དྲི་ཞིམ་དེ་ནི་བྱིས་པ་ལ་འཁོར་ནས་ཁོའི་སེམས་པ་བདེ་ཞིང་སྐྱིད་པར་འགྱུར་ངེས་ཡིན།

དུས་ཚོད་ནི་ཆེས་མཉེན་ཞིང་ལྡེམ་པའི་དངོས་རྫས་ཤིག་ལགས་ཕྱིར། ཏོག་ཙམ་བཙིར་ན་ཡོང་བ་ཡིན། ལས་སྣོན་བྱེད་དགོས་མི་དགོས་ཀྱི་མཚམས་སུ་བསྐྱུར་ཏེ་མ་བྱེད་པ་དང་། གསར་སྟོན་གློག་བརྙན་ལ་བལྟ་རྒྱུ་བསྐྱུར་ནས་མི་འགྲོ་བ། དགའ་ཉེ་དག་གིས་མགྲོན་དུ་བོས་པ་ལའང་གང་ཐུབ་ཐུབ་ཏུ་མ་ཞུགས་པ། ཁང་པ་ཆབ་བེ་ཆོབ་བེར་གྱུར་ནའང་རེ་ཞིག་བསྐྱུར་ཏེ་མི་གཙང་བ། གཉིད་ཡུན་གྱི་མ་ལྡེངས་ཤིང་ཤིན་ཏུ་དུབ་ནའང་ད་རུང་ན་སོ་གཞོན་པས་ཅུང་ཟད་དུབ་ཏུ་ཆུགས་ན་ཆོག་པ་སོགས་མང་ངོ་། །

མང་ཆེ་བར་རྒས་འཁོགས་ཀྱིས་རོགས་པ་ལྡན་ཞིང་བུ་རྫིའི་རོགས་རམ་ཡོད་ན་ཡང་། གནམ་འོག་ལ་བྱིས་པ་སྙོར་བའི་ངལ་དུབ་ཀྱིས་མི་ཤི་རབས་མེད། ཡང་གཅིག་བཤད་ན་ལོ་ངོ་ཁ་ཤས་ཀྱི་དུས་ཚོད་ཙམ་རེད་མ་གཏོགས། བྱིས་པ་ཇི་ལྟར་འཚར་ན་དེ་ལྟར་སྙོར་བདེ་རུ་འགྱུར་འོང་། ལོ་ངོ་འདི་དག་གི་”གྱོང་གུན་”ལ་ཕྱིས་འབྱུང་གི་འཚོ་བའི་ནང་ནས་མངོན་ལྐོག་གང་རུང་གིས་ཁ་གསབ་ལྡབ་འགྱུར་དུ་འཐོབ་ངེས་ཡིན། །

ཡོངས་བཅོལ་གྱི་དགེ་མཚན་ཉག་གཅིག་ནི་ཕ་མ་སྡུག་བསྔལ་ལས་ཐར་ཐུབ་པ་དེ་རེད།

ངས་དཔེ་ཆ་ཞིག་གི་ནང་ནས་གསུང་དུམ་འདི་འདྲ་ཞིག་མཐོང་ཞིང་། གསུངས་པ་འཐད་ལྡན་དུ་གོ་སྟེ། བྱིས་པ་ཆུང་དུས་ནས་ཕ་མ་དང་ཁ་ཕྲལ་ཏེ”ཁེར་ཚུགས་”ཀྱི་འཚོ་བ་རོལ་འགོ་ཚུགས་པ་ཡིན་ན། གང་དེའི་སེམས་སུ་ཚེ་གང་པོར་སོས་མི་ཐུབ་པའི་རྨ་ཁ་བཟོ་སྲིད་དོ་ཞེས་དང་། རྨ་ཁ་འདིའི་ཚད་གཞི་ནི་དར་མ་ཞིག་ལ་གཉེན་ཉེ་གྲོངས་པ་ལས་བྱུང་བའི་སྡུག་བསྔལ་དང་ཚད་འདྲའོ་ཞེས་སོ།  །དོན་ལ་ཡོངས་བཅོལ་གྱི་དགེ་མཚན་ཉག་གཅིག་ནི། ཕ་མ་སྡུག་བསྔལ་ལས་ཐར་ཐུབ་པ་དེ་ཡིན་ཏེ། རྒྱུན་པར་ཕྲུ་གུ་ལྟ་སྐྱོང་བྱེད་པའི་དཀའ་ལས་རྒྱག་མི་དགོས། ཡོངས་བཅོལ་ནི་བྱིས་པའི་དགོས་མཁོ་ལས་བྱུང་བ་ཞིག་མིན་ཏེ། ཁྱིམ་བདག་གི་དགོས་མཁོ་སྐོང་བྱེད་ཅིག་རེད། ཁྱིམ་བདག་གི་ཁེ་ཕན་བྱིས་པའི་ཁེ་ཕན་གྱི་སྒང་ལ་སྦྱོར་བ་ཞིག་རེད་ལ། ཧ་ཅང་ཐལ་ཆེ་ཞིང་རང་ཤེད་ཚ་བའི་གདམ་གསེས་ཤིག་ཀྱང་རེད། ཁྱིམ་བདག་འདི་དག་གི་ནང་ན། བུ་ཕྲུག་གི་ངོས་ཐད་ནས་གནས་ཚུལ་ལ་བསམ་གཞིག་གཏོང་མཁན་གཅིག་ཀྱང་མེད་དོ།  །སྐད་ཆ་འདིས་ཕ་མ་ཁ་ཤས་ལ་སྐྱོན་བརྗོད་ཚ་ཐག་ཆོད་ཅིག་བྱེད་པ་ཡིན་ན་ཡང་། ངའི་བསམ་པར་སྐད་ཆ་འདི་གནད་དུ་སོང་ཡོད་འདོད། དེ་ཡང་སྨན་བཟང་ཁ་མོས་གཉིད་ཆགས་དཀྲོགས་ཞེས་པ་བཞིན་ནོ། །

ཟང་ཟིང་གི་ཆ་འཕྲིན་ཧ་ཅང་དར་བའི་དུས་སུ། བདག་ཉིད་ཇི་ལྟར་ལེགས་པར་བསྐྱངས་ཤིང་། བྱིས་པའི་སློབ་གསོའི་གནད་དོན་ཐོག་ཏུ་མགོ་མི་རྨོངས་པ་བྱེད་དགོས་སམ་སྙམ་ན། དོན་དུ། སྐབས་རེར་ཤེས་བྱ་མང་པོ་ཞིག་སྦྱོང་དགོས་པ་མིན་ཏེ། སེམས་པ་རྣལ་ལ་ཕབ་ནས་རྒྱུན་ཤེས་ཙམ་ཤེས་པར་བྱེད་ན་ཆོག  །ང་ཚོའི་སྤོ་བོ་དང་ཨ་ཕ་ཐ་ན་ང་ཚོ་རང་ཉིད་ཇི་ལྟར་འཚར་ལོང་བྱུང་བ་དང་། གཞན་ལ་ཇི་ལྟར་འབྲེལ་འདྲིས་བྱེད་ཤེས་པར་གྱུར་པའི་ཚུལ་ལ་གཞིགས་ན། བཅའ་སྡོད་བྱིས་སྙོར་ཁང་ནི། བྱིས་པའི་འབྲེལ་འདྲིས་སམ་བདག་སྐྱོང་ནུས་པ་བསྐྱེད་བསྲིང་བགྱིད་ཡུལ་ཉག་ཅིག་མིན་ཞིང་། དེ་ནི་ཁ་གཡར་ས་ཙམ་ལས་མ་འདས་པའི་ངེས་ཤེས་འདྲོངས་ཐུབ།

བཅའ་སྡོད་བྱིས་སྙོར་ཁང་གིས་གཞན་ལ་འབྲེལ་འདྲིས་ཤེས་པར་གྱུར་ཅིང་རང་ཚུགས་ཐུབ་པར་རྔོ་ཐོགས་རྒྱུ་བལྟ་ཅི། དེ་ལས་ལྡོག་སྟེ། འདི་དག་གི་ཐད་ཀྱི་བྱིས་པའི་མི་མངོན་པའི་ནུས་པ་གཞོག་བཞིན་མཆི། བྱིས་པ་ཞིག་གིས་གཉེན་ཉེའི་བརྩེ་བ་ཡག་པོ་མྱོང་མ་ཐུབ་པའི་སྐབས་སུ། ཁོས་བརྩེ་བ་ཇི་ལྟར་རེག་ཐབས་ལ་སེམས་ཁུར་ཚད་མེད་བྱས་པ་ལས། གཞན་ལ་བརྩེ་སེམས་འཆང་མི་ཤེས། ཁོས་བྱིས་སྙོར་ཁང་ངམ་སློབ་གྲྭའི་གཅིག་གྱུར་གྱི་དོ་དམ་འོག་ཏུ་བརྩི་སྲུང་ལས་ཅི་ཡང་མི་ཤེས་པའི་སྐབས་སུ། རང་གཤིས་བརླགས་ཤིང་བདག་ཉིད་གཉའ་མནོན་བྱེད་པ་ལས། གཞན་ཅི་ཡང་མི་ནུས་སོ།  །དེ་བས་འབྲེལ་འདྲིས་དང་དཀྱེལ་ཡངས་ནི་ལོབ་རེ་སྐན།

ངས་ཤེས་གསལ་ལ། ད་རུང་གནས་ཚུལ་གཞན་ཞིག་ཡོད་པ་ནི། ལོ་ན་གཞོན་པའི་ཁྱིམ་བདག་ཁ་ཅིག་ལ་སློབ་གསོའི་ལྟ་བ་ཡག་པོ་ཡོད་ན་ཡང་། ལས་ཀའི་བྲེལ་ཟིང་གི་དབང་དུ་གྱུར་སྟེ། བྱིས་པ་དང་མཉམ་དུ་གཤིབ་པའི་དུས་ཚོད་མེད་པས། བྱིས་པ་རྒན་རྒོན་རྣམས་ལ་བཅོལ་ཞིང་། རྒན་རྒོན་ཚོས་བྱིས་པ་གཅེས་ལངས་ལ་བཏང་སྟེ། བྱིས་པར་ཚུལ་དང་མི་མཐུན་པའི་སྤྱོད་པ་འབྱུང་གཞིར་གྱུར། གནས་བབ་དེ་ལ་བརྟེན་ནས། ཁྱིམ་བདག་ཁ་ཤས་ཀྱིས་བྱིས་པ་བྱིས་སྙོར་ཁང་དུ་ཡོངས་བཅོལ་གནང་སྟེ། སློབ་གསོའི་ལྟ་བའི་ཐོག་ཏུ་རྒན་རྒོན་ཚོ་དང་འགལ་ཟླ་ཡོང་བར་བཟློག་རེ་བྱས།

གནས་བབ་འདི་འདྲར་འཕྲད་ན། ཡོངས་བཅོལ་བྱས་ཀྱང་ཆོག  །གནོད་ཅན་གཉིས་ལས་གནོད་ཆུང་སྙེགས། ཧྭ་ཧྲན་ལམ་ལས་མེད་གྱུར་ན། འདི་ནས་མི་འགྲོ་ཀ་མེད་རེད།(གཏམ་དཔེ་ཞིག—སྒྱུར་མཁན་གྱིས།) ཇེ་གསལ་བཏང་ན། འདི་ནི་མ་འདེམས་ཀ་མེད་དུ་གྱུར་བའི་གདམ་ཁ་ཞིག་རེད། གལ་ཏེ་འདི་ལྟར་བྱས་མི་དགོས་པའི་ཐབས་ཤེས་ཤིག་ཡོད་ན། དེ་ཉིད་འདེམས་རྐྱང་བྱས་ན་བཟང་ཤོས་རེད།  ཡིན་ན་ཡང་། ཁྱིམ་ཚང་འཚོ་བའི་ནང་ནས་གནད་དོན་ཅི་ཞིག་ཐག་གཅོད་བྱེད་དགོས་པའི་སྐབས་སུ། བྱིས་པའི་ཁེ་ཕན་འདོར་བའི་བློས་གཏོང་ནི་བྱེད་དུ་མི་འོས་ཏེ། དོན་དག་ཅི་ཞིག་གིས་སློབ་གསོ་ལ་རོགས་སྐྱོར་བྱེད་དགོས་ཚེ་ཐབས་ཤེས་སྣ་ཚོགས་རྩལ་དུ་སྤྲུགས་དགོས་པ་རེད། མི་དར་མ་ཞིག་དང་ལྷག་པར་དུ་རྒན་པ་ཞིག་གི་སྤྱོད་པའི་ནོར་འཁྲུལ་ལ་འགྱུར་བ་གཏོང་དགོས་ན། ཏན་ཏན་སྒོར་མོ་ཅི་སྙེད་ཅིག་གིས་བྱིས་པ་ཡོངས་བཅོལ་བྱེད་པ་ལས་ལྡབ་འགྱུར་གྱིས་དཀའ་ངེས་ཡིན།

འདི་ནི་ཁྱིམ་བདག་རང་ཉིད་ཀྱིས་ཞིབ་འདང་རྒྱབ་སྟེ། ཐག་གཅོད་བྱེད་དགོས་པའི་དོན་དག་ཅིག་རེད། རྒན་རྒོན་རྣམས་དང་འབྲེལ་བ་ཡག་པོ་བཙུགས་ཏེ། ཚན་རིག་སློབ་གསོའི་བསམ་བློས་རྒན་པ་རྣམས་ལ་རིམ་གྱིས་བག་ཆགས་འཇོག་པའམ། ཐབས་ཤེས་གཞན་པ་བཀོལ་བ་སོགས་གང་ལྟར་ན། བསམ་བློ་ཅི་འདྲ་ཞིག་འཁོར་རུང་གཞི་རྩའི་རྩ་དོན་ཞིག་ཡོད་པ་ནི། དཀའ་ཁག་དེ་བུ་ཕྲུག་ལ་འཁུར་དུ་མ་ཆུགས་ཤིག  །ཁོ་ཚོ་ནི་ཤིན་ཏུ་རབ་རུ་ཉམ་ཆུང་ཕྱིར་ལགས །

སློབ་ཆུང་ལ་བཅའ་སྡོད་བྱེད་རུང་མིན།

བཅའ་སྡོད་བྱིས་སྙོར་ཁང་ལ་བྱིས་པ་མ་བཅོལ་བ་ཡིན་ན། སློབ་ཆུང་གི་སྐབས་སུ་བཅའ་སྡོད་བྱེད་རུང་ངམ་མི་རུང་།

ངའི་བསམ་པར་བུ་ཕྲུག་གིས་སློབ་ཆེན་མ་འགྲིམ་གོང་ལ། བཅའ་སྡོད་གཏན་ནས་བྱེད་མི་འོས་སོ་སྙམ། འདི་ལྟར་ཡིན་ལོག་ཏུ་བསྒྲུབ་པའི་ཚད་གཞིའང་ལོ་ཚད་ཀྱི་འཕེལ་རིམ་དང་བསྟུན་ནས་འཕྲི་ཆོག་པ་རེད། བྱིས་སྙོར་ཁང་དང་སློབ་ཆུང་གི་དུས་སྐབས་ཙམ་དུ་མ་ཟད། མཐའ་ན་དམའ་འབྲིང་གི་སྐབས་སུའང་བཅའ་སྡོད་གཏན་ནས་བྱེད་མི་འོས། བུ་ཕྲུག་མཐོ་འབྲིང་གི་སྐབས་སུ་སླེབས་དུས། བཅའ་སྡོད་ལམ་ལུགས་ཀྱིས་ཐེབས་པའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཇེ་ཆུང་ཇེ་དམར་འགྱུར་བཞིན་ཡོད། བཅའ་སྡོད་བྱེད་དགོས་མིན་གྱི་ཐད་ནས། ཕྱོགས་ཡོངས་ཀྱི་ཆ་རྐྱེན་སྣ་ཚོགས་ལ་བསམ་གཞིག་སྐོར་དགོས་ན་ཡང། ངས་ནི་སྔར་བཞིན་ཁྱིམ་ལ་འདུག་ཏུ་བཅུག་ན་ཡག་ཤོས་རེད་སྙམ་བྱུང་།

ངའི་བུ་མོ་ཡོན་ཡོན་གྱིས་དམའ་འབྲིང་འགྲིམ་དུས། བཅའ་སྡོད་སློབ་གྲྭ་ཞིག་ལ་ཕྱིན་པ་རེད། དེ་དུས་སློབ་གྲྭ་དེར་འགྲོ་དགོས་པའི་རྒྱུ་མཚན་ལ། གཅིག་ན་ཕྱི་དངོས་པོའི་ཆ་རྐྱེན་གྱིས་ཨར་ལ་གཏད་པ་དང་། གཙོ་བོ་ནི་ང་ཚོ་རང་ཉིད་ཁྱིམ་བདག་ཅིག་ཡིན་པའི་ཆ་ནས། བཅའ་སྡོད་ཀྱི་གནད་དོན་ལ་ངོས་འཛིན་གསལ་པོ་མ་བྱུང་བ་དེའོ།  །རང་ལོ་༡༠ལ་ལོན་པའི་བུ་ཕྲུག་ཅིག་སློབ་གྲྭའི་ནང་ལ་བསྐྱུར་ཏེ། གཟའ་འཁོར་གཅིག་ལ་ད་གཟོད་ཁྱིམ་ལ་ཐེངས་རེ་ལོག་རྒྱུ་ཡོད་པར་བྱས། ད་ལྟ་ཕྱིར་དྲན་བྱེད་པའི་སྐབས་སུ། སེམས་པའི་གཏིང་ནས་འགྱོད་ཀྱིན་འདུག དེའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་གསལ་ཐག་ཆོད་རེད། དེ་དུས་ཀྱི་ལོ་ངོ་གསུམ་དེའང་། དོན་དུ་སློབ་གསོའི་ཐོག་ནས་འདོད་ཐོག་ཏུ་ཆེས་མ་སོང་བ་ཞིག་དང་། ང་རང་གི་བྱས་པ་ཆེས་ཐབས་རྡུགས་ཤིག་དང་། ངའི་བུ་མོའི་གནས་སྟངས་ཆེས་རྡུགས་པའི་ལོ་འཁོར་མ་གསུམ་ཡིན།

བུ་ཕྲུག་འཚར་ལོང་གི་གོ་རིམ་ཁྲོད་ནས་དོན་དག་སྣ་ཚོགས་འབྱུང་སྲིད་པ་རེད། གལ་ཏེ་ཁོ་རང་རྟག་པར་ཕ་མ་དང་ཐུག་ཐུབ་ན། ཁོ་ལ་གནས་ཚུལ་ཅི་ཞིག་འཕྲད་པ་དང་བསམ་ཚུལ་ཅི་ཞིག་བྱུང་ནའང་། ཕ་མ་ལ་བཤད་ཆོག་ཅིང་ཕ་མས་དེ་འཕྲལ་དུ་ཤེས་ཚོར་ཐུབ་པས། ཆེས་མ་མཐར། བརྩེ་དུང་གི་ཐོག་ནས་འཕྲལ་མར་སེམས་གསོ་ཐོབ་ཐུབ། བུ་ཕྲུག་གིས་གནས་ཚུལ་གང་ཞིག་གཟའ་འཁོར་གཅིག་ལ་ཉར་རྗེས། དེ་ནས་གཟའ་མཇུག་ཏུ་ཁྱོད་ལ་བཤད་པའི་རེ་བ་མ་བྱོས་ཤིག  །བྱུང་རིམ་ཕྲ་མོ་ཁ་ཤས་ཁོ་ཚོས་འཕྲལ་མ་ཉིད་དུ་རྗེས་ལ་བོར་ཏེ་འགྲོ །མ་གཞི་དེ་ལྟར་བརྗེད་ངེས་སུ་གྱུར་ཟིན་ན་ཡང་། གནས་ཚུལ་དེས་བཟོས་པའི་བསམ་པའི་དཀའ་ཁག་སྣ་ཚོགས་སོགས་བཞིན་ཡོད། ཇི་ལྟར་མང་པོ་སོགས་ན་དེ་ལྟར་བྱིས་པའི་སེམས་ཁམས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་བཟོ་འོང་།

ཡོན་ཡོན་གྱི་དམའ་འབྲིང་ལོ་གསུམ་གྱི་བཅའ་སྡོད་འཚོ་བས། ཁོང་མོའི་རྒྱུད་ལ་ད་དུང་ལྡོག་ཕྱོགས་ཀྱི་བག་ཆགས་ཁ་ཤས་ཆགས་ཏེ་མཆི། ལྡོག་ཕྱོགས་ཀྱི་བག་ཆགས་འདི་དག་ཧ་ཅང་མངོན་ཆུང་གིས་གནས་ཤིང་། ཁྱིམ་བདག་མང་པོས་ཤེས་ཚོར་ཐུབ་མེད་ཀྱང་སྲིད། ཡིན་ན་ཡང་། དེས་ཤུགས་རྐྱེན་ཅི་ཙམ་ཐེབས་པ་བདག་གིས་ཤེས་བྱུང་། ”དུག་སེལ་”བྱེད་པར་དུས་ཚོད་དགོས་པ་རེད། ལོ་དེ་གསུམ་གྱི་འཚོ་བ་གླེང་ཐེངས་རེ་རེར། ངའི་ཁོག་སྟོད་འགྱོད་པས་འཚང་ཡོང་གིན་འདུག སྟབས་ལེགས་ཏེ་ཁོ་མོས་མཐོ་འབྲིང་གི་སྐབས་སུ་བཅའ་སྡོད་བྱས་མེད་པས། གནས་སྟངས་ཉིན་རེ་བཞིན་ཇེ་ལེགས་སུ་སོང་ཞིང་། བཅའ་སྡོད་ཀྱིས་ཐེབས་པའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཡང་རིམ་བཞིན་ཡལ་བར་གྱུར།

དེའི་ཕྱིར། ཁྱིམ་བདག་ཁ་ཤས་ཀྱིས་ང་ལ་”གཙོ་གནད་སློབ་གྲྭ་”འགྲིམ་ཆེད། བུ་ཕྲུག་ལ་བཅའ་སྡོད་བྱེད་དུ་བཅུག་རན་མིན་དྲིས་ཡོང་དུས། ངས་རྟག་པར་ཆ་རྐྱེན་ཅུང་ཟད་ཞན་པའི་སློབ་གྲྭར་གཏོང་དགོས་བྱུང་རུང་། བུ་ཕྲུག་རྟག་པར་ཁྱིམ་ལ་ལོག་ཏུ་ཆུགས། ཞེས་ལན་སློག་གིན་ཡོད། ”གཙོ་གནད་སློབ་གྲྭ་”འགྲིམ་ཆེད། བཅའ་སྡོད་བྱེད་པ་ནི་ཧ་ཅང་བྱེད་རིན་མེད་པའི་དོན་དག་ཅིག་རེད། ཕྱི་ཚུལ་ནས་བལྟས་ན་སྐབས་འཕྲལ་ཅི་ཞིག་རག་པ་ལྟར་དུ་སྣང་མོད། འོན་ཀྱང་ཕུགས་ཐག་རིང་སར་གཞིགས་ན་ཕན་པ་ལས་ཀྱང་གནོད་པ་ཆེ།

ཨུ་རུ་སུའུ་ཡི་སློབ་གསོ་མཁན་སུའུ་ཧོའོ་མུའུ་ལིན་སི་ཅི་ཡིས་གསུངས་མྱོང་སྟེ།”བཅའ་སྡོད་སློབ་གྲྭ་ཡག་ཤོས་ཀྱིས་ཀྱང་ཨ་མའི་ཚབ་ལ་ཡོང་ཐབས་མེད།” ཅེས་གསུངས།

འོན་ཀྱང་། དེང་སྐབས་ལའང་ཁྱིམ་བདག་མང་ཆེ་ཤོས་ཀྱིས་ལྟ་ཚུལ་འདི་དང་ལེན་བྱེད་ཐུབ་ཀྱི་མེད་ཅིང་། མཐའ་ན་སྐབས་རེར་བུ་ཕྲུག་ཚོས་ཀྱང་དང་ལེན་མི་བགྱིའོ། །ད་ལྟའི་དུས་འདིར་དར་མའི་འཇིག་རྟེན་ལྟ་བས་བྱིས་པ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་འདུག  །མཐའ་ན་བྱིས་པའི་སྐྱེས་སྟོབས་ཀྱི་ཤེས་རབ་ལའང་འགྱུར་བ་གཏོང་བ་བྱུང་། ངས་བུ་ཕྲུག་ཅིག་ངོ་ཤེས་ཀྱི་ཡོད། ཁོ་རང་སློབ་ཆུང་གི་སྐབས་སུ་རྒྱུ་རྐྱེན་གང་རུང་གིས་རྐྱེན་བྱས་ཏེ། ཨ་མ་དང་ལོ་ངོ་དུ་མར་ཁ་གྱེས་ནས་གྲོང་ཁྱེར་གཅིག་ཏུ་འཚོ་བ་རོལ་མ་ཐུབ། དམའ་འབྲིང་ལ་འགྲོ་རན་དུས། ཨ་མ་དང་མཉམ་དུ་འཚོ་བ་རོལ་བའི་ཆ་རྐྱེན་གྱིས་ལྡེངས་ན་ཡང་། ཞིང་ཆེན་རིམ་པའི་གཙོ་གནད་སློབ་གྲྭ་ཞིག་འགྲིམ་ཕྱིར། བུ་ཕྲུག་དེས་སླར་ཡང་བཅའ་སྡོད་བྱས་སོང་། ངས་ལོ་ན་ཆུང་བའི་ཁོ་རང་དང་ཨ་མ་གཉིས་ཀྱི་འབྲལ་མི་ཕོད་པའི་ཞེན་ཆགས་དང་། བློས་མི་ཐོངས་བའི་མིག་མདངས་ནང་ནས། ཐེར་ཟུག་ཏུ་ཕྱིར་མངོན་ཡོང་བའི་ཡི་མུག་དང་དངངས་འཚབ་མཐོང་དུས། བུ་ཕྲུག་དེར་འདི་ལྟར་བཤད་པ་སྟེ། དེ་བས་ཨ་མའི་འཁྲིས་སུ་ཡོད་པའི་སྤྱིར་བཏང་གི་སློབ་གྲྭ་ཞིག་ལ་སོངས་དང་། རྒྱུན་པར་ཨ་མ་དང་ཐུག་འཕྲད་ཐུབ་པ་ནི་གཙོ་གནད་སློབ་གྲྭ་ཞིག་འགྲིམ་པ་ལས་ཀྱང་གལ་ཆེའོ། ཞེས་བཤད། བུ་ཕྲུག་དེས་ཤིན་ཏུ་མ་རངས་པར་བློ་རྩ་བརྟན་པོས་མགོ་བོ་གཡུག་གཡུག་བྱེད་བཞིན་ན་རེ། མིན། གཙོ་གནད་སློབ་གྲྭ་འགྲིམ་པ་གལ་ཆེ་ཟེར། འདི་ནི་དོན་དུ་འུ་ཐུག་པའི་དོན་དག་ཅིག་ཀྱང་རེད།

“སྒེར་གཅོད་སློབ་གསོ་”རྩ་མེད་བཟོ་དགོས་སམ།

ལྟ་བ་འཛིན་སྟངས་ཙམ་མ་ཟད། དེང་སྐབས་སྲིད་ཇུས་ཀྱིས་བཟོས་པའི་”བཅའ་སྡོད་ལམ་ལུགས་”ཀྱི་གནད་དོན་ཡང་ཤིན་ཏུ་ཛ་དྲག་པོ་རེད།

རང་རྒྱལ་གྱིས་༢༠༠༡ལོ་ནས་བཟུང་སྟེ། ”སྒེར་གཅོད་སློབ་གསོ་”རྩ་མེད་བཟོ་རྒྱུའི་ཆེད། གྲོང་གསེབ་ཏུ་”སློབ་གྲྭ་བསྡོམས་སྐྱེད་[5]”གཏོང་བའི་ལས་གཞི་ཞིག་བྱུང་སྟེ། རི་གྲོང་ངམ་གྲོང་བརྡལ་ལ་ཁ་འཐོར་དུ་གནས་པའི་སློབ་གྲྭ་ཆུང་འབྲིང་ཁ་ཤས་ཤིག་དང་། མཐའ་ན་བྱིས་སྙོར་ཁང་དག་རྒྱ་ཁྱོན་ཅུང་ཆེ་བའི་གྲོང་བརྡལ་སློབ་གྲྭར་མཉམ་གཅིག་ཏུ་བསྡུས་པ་རེད། སྲིད་ཇུས་འདི་ཇི་ལྟར་ལག་བསྟར་བྱས་ཤིང་། ཇི་ལྟར་བདེན་ཁ་ཐོབ་པ་དངོས་གནས་ཧ་གོ་མ་བྱུང་། དེའི་བག་མེད་ལྷོད་གཡེང་གི་སྤྱོད་པ་ནི། དོན་དུ་རོམ་ཉི་ཡྰས་གསོ་སྐྱོང་ཁང་བཙུགས་པ་དང་གཉིས་སུ་མ་མཆིས།

མཇུག་མཐར། ལོ་ངོ་བཅུ་ལྷག་གི་རིང་ལ་ཞིང་པ་ཁྲི་ཕྲག་མང་པོའི་བྱིས་པས། མ་རན་གོང་ནས་བཅའ་སྡོད་འཚོ་བ་རོལ་འགོ་བརྩམས་ཤིང་། གྲོང་གསེབ་སློབ་གྲྭའི་གྲངས་ཀའང་ལྡབ་འགྱུར་གྱིས་ཇེ་ཉུང་དུ་ཕྱིན། མ་གཞི་ཐོག་མའི་དམིགས་ཡུལ་ནི་ཞིང་པའི་བུ་ཕྲུག་ཚོར་སྔར་ལས་ལྷག་པའི་སློབ་གསོ་སྤྲོད་ཕྱིར་ཡིན་མོད། འོན་ཀྱང་བསམ་པ་ཇི་བཞིན་དུ་མ་འགྲུབ་ཅིང་། ཁྱིམ་ཚང་དཔལ་འབྱོར་གྱི་མ་རྩ་འཕར་ཡོད་པ་མ་གཏོགས། གྲོང་གསེབ་གྱི་རང་བྱུང་རིག་གནས་ལ་གཏོར་བརླག་སྔར་ལས་ཇེ་ཆེར་སོང་། ཚབས་ཆེས་ཆེ་བའང་། བུ་ཕྲུག་མང་པོའི་སེམས་ཁམས་ཀྱི་བདེ་ཐང་ལ་གནད་དོན་བྱུང་ཐོག  །སློབ་སྦྱོང་ལ་སྡང་བ་དང་སློབ་མཚམས་འཇོག་པའི་དོན་དག་ནི་ཉུང་རྒྱུ་ཕར་ཞོག །སྔར་ལས་ཇེ་མང་དུ་གྱུར།

བུ་ཕྲུག་ཅིག་དུད་ཚང་བཅུ་ཕྲག་ལས་མེད་པའི་གྲོང་ཚོ་ཞིག་ཏུ་བསྡད་ཅིང་། སློབ་གྲྭར་རྩལ་སྦྱོང་ར་བ་མེད་ལ་རྩིས་འཕྲུལ་ཁང་ཡང་མེད་སྟབས། ཁོ་རང་ལ་”འདྲ་མཉམ་སློབ་གསོ་”འཐོབ་ཕྱིར། ཁོའི་སློབ་གྲྭ་རྙིང་པ་བརྫོགས་ཏེ་བཤིག་ནས། ཁོ་དང་ཁོའི་སློབ་གྲོགས་ཚོ་ཁ་ཐག་ཧ་ཅང་རིང་བའི་སློབ་ཆུང་གཞན་ཞིག་ཏུ་སྤོས་ཏེ། གཟའ་འཁོར་གཅིག་གམ་ཟླ་བ་གཅིག་ལ་ད་གཟོད་ཕ་མ་དང་ཐེངས་རེ་ཐུག་འཕྲད་ཐུབ་པར་བྱས། སློབ་གྲྭ་གསར་པས་བུ་ཕྲུག་ཚོ་ལ་རྩལ་སྦྱོང་ར་བ་དང་ལག་རྩེད་པོ་ལོ་རྩེད་ས། དེ་བཞིན་དུ་གློག་ཀླད་སོགས་མཐོང་དུ་ཡོད་པའི་སྲ་ཆས་སྣ་ཚོགས་མཁོ་སྤྲོད་བྱེད་ཐུབ་ན་ཡང་། ཨ་མའི་བརྩེ་བ་དང་ཁྱིམ་ཚང་གི་འཚོ་བ་རོལ་བའི་ཆེས་མ་མཐའི་རེ་འདུན་བཅོམ་སོང་བ་རེད། འདི་འདྲའི་”འདྲ་མཉམ་”གྱི་བརྩོན་ལེན་གྱིས་འདྲ་མཉམ་སྔར་བས་མེད་པར་བཟོས་པ་མ་ལགས་སམ།

ཉེ་བའི་ལོ་ཁ་ཤས་ཀྱི་རིང་ལ། གྲོང་བརྡལ་གྱི་ཀློག་པ་པོ་ཁ་ཅིག་གིས་ང་ལ་འཕྲིན་ཡིག་འབྱོར་དོན། བསྡོམས་སྐྱེད་ཀྱི་གནས་ཚུལ་འདི་འདྲ་ལོ་བཅུའི་རྗེས་ཀྱི་དེ་རིང་ལའང་། ད་རུང་མཇུག་ཡོངས་སུ་རྫོགས་མི་འདུག་ཟེར། སློབ་གསོའི་ལས་རིགས་ཁག་གིས་མཇུག་བསྡོམ་དངོས་སུ་རྒྱབ་མེད་ཅིང་སྲིད་གཞུང་གིས་ཁ་ཡ་མ་བྱས་པས། ས་ཆ་མང་པོ་ཞིག་ཏུ་”བསྡོམས་སྐྱེད་”ཀྱི་དོན་དག་སྔར་རྒྱུན་ལྟར་སྒྲུབ་བཞིན་འདུག །གནས་ཚུལ་འདི་འདྲ་འབྱུང་དོན་ལ། སློབ་གསོའི་གཙོ་འཛིན་ཚན་ཁག་གི་ལེ་ལོ་རྣམ་གཡེང་ལས་བྱུང་བ་ཕུད། དེ་ལས་ཀྱང་འགངས་ཆེ་བ་ནི། སྤྱི་ཚོགས་ཀྱི་གོང་འོག་གཉིས་ཀ་ནས་བུ་ཕྲུག་དང་ཕ་མ་མཉམ་དུ་གཤིབ་་དགོས་པའི་གལ་ཆེན་རང་བཞིན་ངོས་མ་ཟིན་པ་དང་། བཅའ་སྡོད་ལམ་ལུགས་ནི་ལམ་ལུགས་ཐ་ཤལ་ཞིག་ཡིན་པ་མ་ཤེས་པས་ལན།

བུ་ཕྲུག་ནི་ཚོར་བས་སྦྲིད་ཅིང་བརྩེ་བ་མེད་པའི་ཞོ་ཁོག་ལྟ་བུ་ཞིག་མིན་པས། གང་བྱུང་དུ་བསྡུས་པའམ། སྒྱེ་དང་ཁུག་མའི་ནང་ལ་རྣམ་གྲངས་བཀར་ཏེ་བླུགས་ཆོག་པ་མིན། བྱིས་པ་དང་ཕ་མ་གཉིས་ཀྱི་ལྷན་འཛོམས་ལ་འགན་ལེན་བྱེད་པ་ནི། རྩ་བར་གྱུར་པའི་རྒྱལ་ཁྲིམས་ཤིག་ཡིན་འོས་ཨང་། བྱིས་པའི་ཁེ་ཕན་ལ་ཐུག་པའི་སྤྱི་ཚོགས་ཀྱི་གནད་དོན་མཐའ་དག་ཀྱང་། བྱིས་པའི་ལུས་སེམས་གཉི་ཀའི་བདེ་ཐང་གི་འཚར་ལོང་ལ་མ་གནོད་པའི་སྔོན་འགྲོའི་འོག་ད་གཟོད་ཐག་གཅོད་བྱེད་དགོས་སོ། །

མི་ཁ་ཅིག་གིས། སྐད་གྲགས་ཆོད་པའི་དབྱིན་ཇིའི་ཨི་ཊུན་སློབ་གྲྭ་[6]ནི། བཅའ་སྡོད་ལམ་ལུགས་ཀྱང་ལམ་ལུགས་ཡག་པོ་ཞིག་ཡིན་པའི་བསྒྲུབ་བྱེད་དུ་འཁྱེར་ཡོང་གི་ཡོད།

འོན་ཀྱང་། དོན་དུ་འདི་ལྟ་སྟེ། གཅིག་ཏུ་ན། ཨི་ཊུན་སློབ་གྲྭ་ནི་བུའི་སློབ་གྲྭ་ཞིག་རེད། ལོ་ན་ཤིན་ཏུ་ཆུང་བའི་བྱིས་པ་དེ་ཚོའང་བསྡུ་བཞིན་མེད། སྤྱིར་བཏང་གི་སློབ་མའི་ལོ་ཚོད་ནི་རང་ལོ་༡༣་ནས་༡༨བར་རེད། བལྟོས་བཅས་ཀྱིས་ནར་སོན་ཟིན་པ་རེད། གཉིས་ན། སློབ་གྲྭའི་འཛུགས་སྐྱོང་གི་བསམ་བློ་གཞན་ལས་སྔོན་ཐོན་ཡིན་པ་དང་། དགེ་རྒན་གྱི་སྤུས་ཚད་ཀྱང་གཞན་ལས་ལེགས་པ་ཡོད། གསུམ་ན། སློབ་མ་བསྡུ་བའི་ཐད་ནས། སློབ་གྲྭའི་ཆ་རྐྱེན་གཞན་ལས་མཐོ་བ་ཡིན། དེས་སློབ་གྲྭ་འདི་འདྲར་སོང་བའི་སློབ་མའི་སྤུས་ཚད་རང་ཆས་སུ་ཡག་པོ་ཡོད་ཅིང་། སློབ་གྲྭས་ཀྱང་སློབ་མར་གཟི་བརྗིད་དང་གྲུབ་འབྲས་ཀྱི་ཚོར་བ་ཟབ་མོ་སྦྱིན་ཐུབ་པ་རེད། ཏག་ཏག་ཆ་རྐྱེན་འདི་ལྟར་མང་པོ་ཞིག་གིས་ད་གཟོད་དེའི་མཚན་སྙན་ཡང་ཐོབ་པར་གྱུར། འོན་ཀྱང་དབྱིན་ཇིའི་སློབ་གྲྭ་དེར་ལད་མོ་བྱེད་ཐུབ་པ་ཞིག་མིན། ཏག་ཏག་རྒྱལ་པོའི་ཅོད་པན་ཞིག་དང་རྣམ་པར་མཚུངས་ཏེ། དེ་ཡང་རྒྱལ་ཡོངས་ཀྱི་ནོར་བུའི་རིགས་རྩེ་ཕུད་ཀྱིས་བཟོས་པ་ཡིན་པས། ལད་མོའི་རང་བཞིན་ཡེ་མེད་དོ།  །དེར་བརྟེན་འདི་ནི་དམིགས་བསལ་གྱི་དཔེ་གཞི་ཞིག་ཏུ་བརྩི་རྒྱུ་ལས། ཚབ་མཚོན་རང་བཞིན་གཏན་ནས་མི་ཡོང་།

ཁྱིམ་ཚང་ནི་ཆེས་ཕུལ་བྱུང་གི་དེ་སློབ་གྲྭ་ཡིན།

དབྱིན་ཇིའི་དཔལ་འབྱོར་མཁན་ཨེ་ཌམ་སི་སྨི་ཐྲི་ལགས་ཀྱིས། བུ་ཕྲུག་བཅའ་སྡོད་སློབ་གྲྭར་འགྲོ་བ་ལ་ངོ་རྒོལ་བྱེད་བཞིན་ཡོད། ཁོང་གི་དགོངས་པ་ལ། བུ་ཕྲུག་དང་ཕ་མ་ཡུན་རིང་གྱེས་པ་དེས། ཁྱིམ་ཚང་གི་སྲོལ་རྒྱུན་དང་ཁྱིམ་ཚང་གི་བདེ་སྐྱིད་ལ་རྩ་བ་ནས་གཏོར་བཤིག་ཐེབས་བཞིན་ཡོད་པ་སྙམ་དུ་དགོངས། དངོས་རྫས་ཅི་དང་གང་གིས་ཀྱང་བཅའ་སྡོད་འཚོ་བས་བུ་ཕྲུག་ལ་བཟོས་པའི་རྨ་ཁ་གསོ་མི་བཏུབ། ཁོང་གིས་གསུངས་ན། ཁྱིམ་ཚང་སློབ་གསོ་ནི་འཇིག་རྟེན་བཀོད་པ་པོས་བཀོད་སྒྲིག་བྱས་པ་ཞིག་ཡིན་པ་མ་ཟད། འཐུས་སྒོ་ཚང་བའི་ཁྱིམ་ཚང་གི་སློབ་གསོ་ནི། ད་གཟོད་ཤེས་རབ་བསྐྱེད་པའི་ཐབས་ལམ་ཉིད་ལགས་སོ།  །ཞེས་གསུངས།

བུ་ཕྲུག་ཕུལ་བྱུང་ཞིག་བསྐྱེད་བསྲིང་བྱེད་དགོས་ན། ཕ་མ་ལ་ངེས་པར་དུ་ངེས་ཤེས་དང་གདེང་ཚོད་འདི་ལྟར་མངའ་དགོས་ཏེ། ཕ་མ་ནི་ཆེས་བཟང་ཤོས་ཀྱི་དགེ་རྒན་ཡིན་ཞིང་། གཉེན་ཉེ་ནི་ཆེས་ཡག་ཤོས་ཀྱི་འཚོ་བཅུད་ཡིན་ལ། ཟས་ཅོག་ནི་ཆེས་ལེགས་ཤོས་ཀྱི་སློབ་ཅོག་ཡིན་པར་མ་ཟད། ཁྱིམ་ཚང་ནི་ཆེས་ཡག་ཤོས་ཀྱི་སློབ་གྲྭ་ཡིན་པ་བཅས་སོ། །

གོང་ཞུས་ཚང་མ་ཧ་ལམ་”སློབ་གསོའི་ནུས་པའི་”སྐོར་ནས་བཤད་པ་རྐྱང་དུ་སོང་མོད། འོན་ཀྱང་། མི་ཚེའི་ཁྲོད་ཀྱི་དོན་དག་ཕལ་ཆེ་བར་མ་གཞི་ནས་དམིགས་ཡུལ་ཡོད་པ་ཞིག་ཀྱང་མ་ཡིན་ནམ། བུ་ཕྲུག་ཅིག་ཕ་མ་ལ་དབང་བའི་དུས་ཚོད་ནི། ལོ་ངོ་བཅུ་ཕྲག་གཅིག་ཙམ་ལས་མེད། བུ་ཕྲུག་རང་ལོ་བཅོ་བརྒྱད་ལ་ལོན་དུས་ནར་སོན་ཟིན་པ་རེད། ཁོ་རང་སེམས་ཁམས་ཀྱི་ཐད་ནས་རང་སྐྱ་འཕེར་དགོས་པའི་མི་ཚད། འཚོ་བའི་ཐད་ནས་ཀྱང་ཕ་མ་དང་ཁ་བྲལ་དགོས། གལ་སྲིད་བུ་ཕྲུག་ཆུང་དུས་སུ། ཁོང་དང་གཤིབ་པའི་དུས་ཚོད་ལ་གཅེས་སྤྲས་མ་བྱས་ན། དོན་དུ་མི་ཚེའི་ཁྲོད་ཀྱི་མཚར་སྡུག་དང་ལྡན་པའི་དུས་སྐབས་མང་པོ་ཞིག་ཤོར་ཏེ་བོར་བ་རེད།

དེང་སང་ད་རུང་”བྱིས་པ་སློབ་གཉེར་བའི་ཕྱིར་བསྐྱོད་ཀྱི་སྣང་ཚུལ་”ཞིག་འདུག་ཅིང་། དེ་ནི་”བཅའ་སྡོད་ལམ་ལུགས་”ཀྱིས་རྒྱུད་ལས་མཆེད་པ་ཞིག་རེད། དེ་ཡང་ཁྱིམ་བདག་ཚོས་སློབ་འབྲིང་འགྲིམ་ན་རན་པའམ། མཐའ་ན་སློབ་ཆུང་འགྲིམ་པར་རན་པའི་བུ་ཕྲུག་དེ་ཚོ་ཕྱི་རྒྱལ་ལ་སློབ་གཉེར་དུ་བཏང་ཞིང་། བུ་ཕྲུག་ལ་ལྟ་རྟོག་བྱེད་མཁན་ནི་ཕ་མའི་གཉེན་ཉེའམ་གྲོགས་པོ་སྟེ། སྤྱིའི་ཆ་ནས་བློས་འཁེལ་ཆོག་ཅིང་། བུ་ཕྲུག་ལ་ལྟ་རྟོག་རྩེ་གཅིག་ཏུ་བྱེད་ངེས་ཡིན་པ་ཞིག་ཡིན། འོན་ཀྱང་། ཕྱིས་འབྱུང་གི་སྐབས་སུ། བུ་ཕྲུག་དང་ཕ་མའི་ཐུན་མོང་གི་དྲན་པའི་ཀློང་ནས། ཡང་སྙིང་དོན་དག་ཅི་ཞིག་གིས་སྟོང་པར་འགྱུར་སྲིད་དམ། བུ་ཕྲུག་གི་མི་ཚེ་ཧྲིལ་པོའི་འཚར་ལོང་གི་ངོས་ནས་བཤད་ན། འདི་ལྟར་སྒྲུབ་པས་ཕན་པ་ཆེའམ་གནོད་པ་ཆེ།

བྱ་མོ་གང་དང་གང་གིས་ཀྱང་། རང་ཉིད་ཀྱི་བྱ་ཕྲུག་གཞན་ལ་མི་བཅོལ་ཞིང་། ཕག་མོ་གང་དང་གང་གིས་ཀྱང་། རང་ཉིད་ཀྱི་ཕག་ཕྲུག་གཅིག་ཀྱང་སུ་ལའང་མི་བཅོལ། འདི་ཙམ་ནི་སེམས་ཅན་དུད་འགྲོས་ཀྱང་གསལ་པོར་ཤེས་ན་ཡང་། མི་ནི་རྟག་པར་འདིའི་ཐོག་ཏུ་མགོ་འཁོར་ཏེ་འདུག་གོ  །དེང་རབས་ཀྱི་མི་ཞིག་ཡིན་པའི་ཆ་ནས། བྱིས་པ་སྙོར་སྐྱོང་གི་གནད་དོན་ཐོག་ལ། སྐབས་དང་སྐབས་སུ་ཕྱིར་རང་བྱུང་གི་གནས་སུ་ལྡོག་འོས། ཅི་བྱ་གཏོལ་བྲལ་གྱི་གནས་སུ་གྱར་ཐེངས་རེ་རེར། རང་བྱུང་གི་གནས་ལ་སོམས་དང་། གཅིག་བྱས་ན་གནད་དོན་གྱི་བྱུང་རྐྱེན་དེ་ག་ནས་རྙེད་ཀྱང་སྲིད་དོ། །   ། །

རྩོམ་ཁུངས། སློབ་གསོ་ཇི་ལྟར་མཛེས་ན་དེ་ལྟར་སླ།

སྒྱུར་པ་པོའི་མཆན།

[1]尹建莉ནི་ཀྲུང་གོའི་སློབ་གསོ་ཆེད་མཁས་པ་དང་སློབ་གསོ་རིག་པའི་རབ་འབྱམས་པ་ཡིན་ཞིང་། བརྩམས་ཆོས་ལ་《སློབ་གསོ་ཇི་ལྟར་མཛེས་ན་དེ་ལྟར་སླ》དང་《ཨ་མ་ཨ་མ་དགེ་རྒན་ལས་ཀྱང་ལྷག》སོགས་ཡོད།

[2]大脑断层扫描

[3]全托

[4]ཡ་གོ་བརྔོས་མའི་པགས་བཤུས་ཞ་མི་ཟེར་བ་འདི་ནི་མཁལ་མ་གསོ་ཐུབ་ཅིང་ལུས་ཟུངས་ལ་ཧ་ཅང་སྨན་པའི་མི་ཚད།སྐེད་པ་དང་པུས་མོས་ཆག་རྒྱག་པ་ལ་ཕན་པ་དང་རྨི་ལམ་ནང་ནས་ཁུ་བ་འཆོར་བ་ལའང་ཕན་པའི་ཤ་ཚལ་གྱི་རིགས་ཤིག་རེད་འདུག་མོད།བདག་གིས་འོས་འཚམ་གྱི་ཐ་སྙད་ཅིག་མ་རག་པས་འདི་ལྟར་སྒྲ་བསྒྱུར་བྱས་པ་ཡིན།རྒྱ་སྐད་དུ།腰果炒虾仁

[5]撤点并校

[6]Eton

(༢༠༡༥ལོར་ཐོག་མའི་མ་ཟིན་གྲུབ།  ༢༠༡༦ལོར་ཞུ་དག་བྱས།)