དཀའ་སྡུག་སྣ་མང་གིས་གྲུབ་པའི་རོང་འབྲོག་མང་ཚོགས། སྤྱི་ཚོགས་ཀྱི་འཚོ་བ་ལ་བློ་ཡུལ་ལས་འགོངས་པའི་རྙོག་འཛིང་ཁྱད་མཚར་རེས་གྲུབ་ཡོད་པས་རྙོག་འཛིང་དེ་དག་གི་སྣེ་མོར་ཤིན་ཏུ་ཐེག་དཀའ་བའི་ངལ་བ་ཆེན་པོ་རེས་གནོན་ཡོད་མེད་སུ་ལའང་གསལ་ཆ་ལོས་ཡོད།

དཀའ་སྡུག་མང་པོ་ཉམས་སུ་མྱོང་མཁན་ནི་རང་འབྲོག་མི་སེར་དཀྱུས་མ་དག་ཡིན་པ་ལས་འཚོ་བའི་ཟུར་ནས་དཀྲོང་ངེར་འགྱིངས་པའི་འཚོ་བའི་དཀའ་སྡུག་གཏིང་མི་དཔོག་མཁན་དག་ལར་ནས་མིན། རྐང་ལག་སྤྱི་ཚོགས་ནང་མི་བརྐྱངས་འདུག་བཟོད་མེད་པའི་དགེ་སྦྱོང་འུར་ཟིང་ཅན་འགའ་ཤས་ཀྱིས་རོང་འབྲོག་མང་ཚོགས་ཀྱི་འཚོ་གནས་ལ་བརྙས་ཚིག་ལས་བྱུང་ཞིང་སློབ་གསོ་རུ་བཏགས་པའི་གནའ་དེང་སྤྱི་ཚོགས་ཀྱི་ཆོས་ཉིད་གང་གི་ཁོངས་སུ་མ་འདུས་པའི་འཆོལ་ཉོག་ཅན་གྱི་འུར་གཏམ་དགོད་བྲོ་བ་རེ་མང་ཚོགས་ཀྱི་མདུན་དུ་བཤད་ཞོར་ཆོས་བརྒྱད་ཁེ་བཟང་ཅན་འགའ་ཤས་ཤིག་དང་། ཕྱོགས་ཞེན་རུལ་དྲི་ཅན་མང་པོ་ཞིག་སྒྲུབ་ཁུལ་བྱེད་ཀྱིན་འདུག་པ་དེ་དག་དོན་དངོས་ལ་སྦྱར་ན་ས་ཆོད་ཅན་གྱི་སྐད་ཆ་དང་དགོས་མཁོ་ཅན་གྱི་ཕན་འབྲས་ནི་གང་ཡང་མཐོང་གི་མི་འདུག དེ་ལས་ཁྱོད་ཅག་གིས་མི་སེར་ཆོས་དད་ཅན་དག་ལ་དོན་དངོས་སྟེང་ནས་སེམས་ཁྲལ་དང་ཤ་ཚ་ཡི་འདུ་ཤེས་ཡོད་ན་ཆོས་མིན་སྲིད་མིན་གྱི་སྐད་ཆ་ཡ་མ་ཟུང་དང་དགེ་སྦྱོང་གི་ཀུན་སྤྱོད་དང་འགལ་བའི་ཟློས་གར་སྐྱུག་བྲོ་དེ་དག་དང་མ་འདྲེས་པར་མང་ཚོགས་ཆོས་དད་ཅན་རྣམས་ལ་ཆོས་རྣལ་མ་རེ་གོ་བརྡ་ཨེ་འཕྲོད་བལྟ་རྒྱུ་དེའོ། །

མ་གཞི་ནས་སུས་ཀྱང་བཤད་ཤེས་པའི་ཁ་ནང་ནས་ཡོང་བའི་ཐ་སྙད་སྐྱིད་པོ་དེ་དག་དང་དངོས་ཡོད་འཚོ་བའི་རྙོག་འཛིང་གཉིས་ལྷུ་ལག་འཕྲོད་པོ་མི་ཡོང་བ་ཆོས་ཉིད་ཡིན་པར་མ་ཟད། འཚོ་བའི་ཁྲོད་འཁོར་བའི་དཀའ་སྡུག་སྣ་ཚོགས་ཉམས་སུ་མྱོང་མཁན་དང་འཁོར་བའི་དཀའ་སྡུག་དཔེ་དེབ་འགའ་ཤས་ཀྱི་ཤོག་ངོས་ནས་རྙེད་པའི་གང་ཟག་གཉིས་ཀྱིས་འཇིག་རྟེན་བདེ་སྡུག་ཀྱི་མྱོང་ཚོར་ཟབ་མིན་ནི་གནམ་སའི་བར་ཐག་བྱེ་ཡོད། སྔ་མ་ནི་འཇིག་རྟེན་གྱི་བདེ་སྡུག་ལ་དངོས་སུ་བཅར་ནས་ཉམས་སུ་མྱོང་མཁན་དང་ཕྱི་མ་ནི་དེ་དག་བར་ཐག་བཅད་ནས་རྒྱང་ལྟ་བྱེད་མཁན་ཡིན་པས་སོ། །ལར་འཕྲོད་བསྟེན་གྱི་རྒྱུན་ཤེས་དབུལ་བའི་རི་ཁུད་དག་ལ་ལུས་ཁམས་ལ་འཕྲོད་པའི་སྨན་བཟང་རིལ་བུ་བརྒྱ་ལས་མགོ་སྨན་དང་གཟེར་འཇོམས་སྨན་དག་འགྲིམ་ཁ་ཚ་བ་ཇི་བཞིན་ཁྱེད་ཅག་གིས་རིག་གཞུང་གི་རྒྱབ་རྩ་མེད་པའི་འུར་གཏམ་དང་འཚོ་བའི་ཆོས་ཉིད་དང་འགལ་བའི་མི་བཤད་རྒུ་བཤད་དག་ཡིག་རྨོངས་པའི་གྲངས་འབོར་མང་བའི་སྤྱི་ཚོགས་ནང་གནས་སྐབས་ཅུང་ཙམ་འགྲིམ་གྱིན་འདུག་མོད། དུས་ཡུན་མི་རིང་བར་མགོ་སྨན་དང་གཟེར་འཇོམས་སྨན་དག་བསྟེན་ཡུན་རིང་བས་མིའི་ལུས་ཁམས་ལ་གནོད་སྐྱོན་ཅི་ཙམ་བྱུང་བ་ཇི་བཞིན་ཁྱེད་ཅག་གི་བདེན་དོན་དང་འགལ་བའི་འུར་གཏམ་དག་གི་བྱས་ཉེས་ཀྱིས་སྨིན་མ་ཐུབ་པའི་ཡིག་རྨོངས་པའི་བསམ་བློ་ལ་ནག་ཐིག་ཚབ་ཆེན་བྱས་ཡོད་པ་གདོན་མི་ཟའོ།།

ད་རུང་མུ་མཐུད་ནས་སྟོན་པ་དང་བསྟན་པར་ཁ་གཡར་ནས་མང་ཚོགས་རྣམས་ལ་ལས་འབྲས་དང་ཆོས་ཀྱི་སྡིག་ར་བསྐུལ་ནས་འཁོར་བ་འདི་དག་ཞིང་ལྟ་བུར་བསྒྱུར་བའི་བསམ་པ་ནི་སྟོང་བསམ་ཉིད་ཡིན་པར་མ་ཟད་དུས་ནམ་ཞིག་གི་ཚེ་ན་ཆོས་ཟེར་བ་ནི་དགེ་སྦྱོང་རྣམས་ཀྱི་ཆབ་སྲིད་ཀྱི་ལག་ཆ་ལྟ་བུ་ཞིག་རེད་འདུག་སྙམ་པ་མང་ཚོགས་རྣམས་ཀྱི་བློ་ངོར་འཆར་མི་སྲིད་པ་མ་རེད། ནང་ཆོས་འདི་དད་མོས་དགའ་ཞེན་ཆེ་བའི་མང་ཚོགས་ཀྱི་ཁྲོད་དུ་དར་སྤེལ་གཏོང་བར་དགེ་སྦྱོང་རྣམས་ལ་འགན་འཁྲི་ཡོད་པ་བདེན་མོད། ཡིན་ཡང་དར་སྤེལ་གཏོང་ཚུལ་གྱི་ཐད་ལ་བསམ་གཞིག་ཙམ་ཡང་མ་བྱས་པར་ལ་འུར་ལུང་འུར་ངང་རང་ཉིད་དང་ཆོས་བརྒྱུད་འུར་སྒྲོག་ཙམ་ལ་དམིགས་གཏད་བྱས་ནས་གོ་ཐོས་ཆུང་བའི་མང་ཚོགས་ཕལ་བ་དག་གི་སྟེང་རང་སྣང་གང་ཤར་གྱིས་བརྙས་ཚིག་གི་སྙིགས་རོ་མང་དུ་སྤུངས་བ་ནི་དགེ་སྦྱོང་ཞིག་གི་མ་མཐའི་ཀུན་སྤྱོད་ཙམ་ཡང་བདག་རྒྱབ་མ་ཤེས་པར་སྐྱུག་བྲོའི་ཟློས་གར་ཁ་ཤས་འཁྲབ་པ་ཙམ་ལས་ཉིང་དགོས་ཅི་ཡང་མི་འདུག མ་གཞི་ནས་བརྙས་ཚིག་དམ་དུམ་དང་ཟློས་གར་ཡ་མ་ཟུང་དེ་དག་གིས་སློབ་གསོ་འཕྲོད་ཐབས་མེད་པར་མ་ཟད་བདེན་དོན་ཟེར་བ་ནི་ཚིག་རོ་དེ་དག་གི་ངོས་སུ་དུས་ནམ་ཡང་མེད།

གོ་བདེར་བཤད་ན་མང་ཚོགས་ནི་ཁྱེད་ཅག་གི་བརྙས་ཚིག་བཀོལ་ཡུལ་གྱི་ཡི་དྭགས་སྐྱ་སྐེ་དག་མིན་ལ། ནང་ཆོས་ནི་ཁྱེད་ཅག་གི་འབྲས་དཀར་འཁྲབ་བྱེད་ཀྱི་དབྱུག་པ་ཁྱད་མཚར་དེ་མིན་པས་རྗེས་ཕྱོགས་མང་ཚོགས་ནང་དུ་ཆོས་སྤེལ་དུས་བསམ་གཞིག་ཞིབ་ཕྲ་རེ་བྱེད་རོགས།