— ཡ་ཧུ་དཱ་པའི་སློབ་གསོའི་མན་ངག་བཀླགས་རྗེས་ཀྱི་དྲན་འཆར།

འཇིག་རྟེན་བྱེད་པོར་ཁས་ལེན་པའི་ཡ་ཧུ་དཱ་པ་དག་གིས་འགྲོ་མི་སྤྱི་ལ་རྣ་བ་གཉིས་དང་ཁ་གཅིག་ལས་མེད་པ་ནི། དཀོན་མཆོག་གིས་ཐོག་མར་བྱས་པའི་བཟོ་བཀོད་ཡིན་པར་འཆད་ལ། དེའི་རྒྱུ་མཚན་ནི། བཤད་པ་ཉུང་ཉུང་དང་། ཉན་པ་མང་མང་བྱེད་པའི་ཆེད་དུ་ཡིན་པར་སློབ་གསོའི་མན་ངག་ཏུ་གསུངས་འདུག་པ་དེར་ཟད་མོད། དེང་གི་ང་དང་བཅས་པའི་བོད་མི་མང་དག་ཅིག་གིས་ཉན་པ་ཉུང་ཉུང་དང་། བཤད་པ་མང་མང་བྱས་ཏེ་ཡོད་པ་ནི་དགོད་ངུ་གང་རུང་འཆོར་བའི་གནས་ཤིག་ཏུ་ཁོ་བོས་མཐོང་།

བོད་མི་མང་དག་ཅིག་ལ་ཆབ་སྲིད་ཀྱི་གོ་རྟོགས་མེད་ལ། ལོ་རྒྱུས་ཀྱི་ཤེས་རྟོགས་ཀྱང་མེད། ལྷག་ཏུ་རིག་གནས་ཀྱི་སློབ་སྦྱོང་དང་། རྩོམ་བྲིས་ཀྱི་ངེས་ཤེས་སོགས་གང་ཡང་མེད་མོད། ངག་གི་བརྗོད་པ་དང་། གཏམ་བཤད་ཀྱི་གོ་སྐབས་ཤིག་རག་ཚེ་མི་ཤེས་ཞེས་པའི་ཚིག་ལ་བེད་སྤྱོད་གཏན་ནས་མེད་པར་གྱུར་ཡོད།

རྩོམ་རིག་འཆད་ཁྲིད་བྱེད་ཅིང་དེའི་སྐོར་གྱི་རྩོམ་ཡིག་འབྲི་བའམ། ཡང་ན་དེ་ལས་གཞན་པའི་རིག་ཚན་གཞན་འཆད་ཅིང་སྨྲར་བར་འདོད་ཚེ། དེའི་ཚོད་ཀྱི་ཐོས་པ་མང་ཞིང་བསམ་པ་རྒྱ་ཆེར་འཛིན་དགོས་པ་ནི། འཇིག་རྟེན་སྤྱིའི་འགྲོ་ལུགས་དང་། དོན་དངོས་ཀྱི་ཆོས་ཉིད་ཡིན་ངེས། དེ་ལས་ལྡོག་ཏེ་“དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ་”བའི་སྔོན་འགྲོའི་བྱ་བཞག་དེ་མེད་ན། རང་སྟོབས་ཀྱིས་ཡོད་ཚད་ལ་སྡོམ་ཚིག་འགོད་པའི་སྟོང་བསམ་ནི། གང་དུ་ཡང་མི་འགྲོ་ལ་སུ་ལ་ཡང་མི་ཕན་པས་ཁ་གཅིག་དང་རྣ་བ་གཉིས་ཀྱི་མཚོན་ཤུགས་དེ་ཤེས་ན་འོས་སོ་སྙམ།

འོན་ཀྱང་བོད་མི་རེ་རེ་ནི་ཡི་གེ་འབྲི་ཤེས་པ་ཙམ་གྱི་སྙན་ངག་པ་ཡིན་ལ། ལོ་རྒྱུས་ཀྱི་ཐ་སྙད་རེ་གཉིས་ལ་ངེས་ཤེས་ཡོད་པས་མཁས་དབང་ཡིན། རྩོམ་འཆལ་རེ་གཉིས་སྤེལ་ཤེས་ན་ཆབ་སྲིད་པར་གྱུར་ཟིན་པས། རིག་གནས་སམ་ཤེས་བྱ་དེ་དག་རེ་རེར་ཞིབ་ཀྱིས་སྦྱངས་པའི་ཐོས་པ་མང་པོ་དེ་མེད་ཙང་། བོད་པ་ལ་ལ་ཞིག་ལ་རྣ་གཅིག་ལས་མེད་ལ། དེ་དག་གི་སྐོར་འཆད་སྐབས་ངོ་ཚ་དང་ཁྲེལ་ཙམ་ཡང་མེད་པར་བཤད་ཤག་ཤག་དང་། གསུང་ངེས་ངེས་ཡིན་པས་བོད་མི་རེ་གཉིས་ཤིག་ལ་ཁ་གཉིས་ཙམ་འདུག་ཅེས་བཤད་ན་ཆོག་པར་འདོད།

བོད་པ་ལ་ལ་ཞིག་ལ་མིག་མེད་ཅེས་བཤད་ཀྱང་ཆོག་ལ། བློ་མིག་ཟེར་བ་ཞིག་གཏན་ནས་མེད་ཟེར་ཡང་འགྲིག་པར་འདོད། རྒྱུ་མཚན་ནི། བོད་པས་རྣ་བ་གཅིག་གིས་གང་མཐོང་བ་བདེན་པར་འཛིན་ལ། སེམས་ལ་གང་དྲན་པ་དེ་འཆད་པར་ངེས་པས། བཤད་དགོས་ན་ཁ་གཉིས་ཀྱི་ཚོད་བཤད་ལ། མཉན་ན་གང་ལ་ཡང་ངེས་ཤེས་སམ་ཤེས་རྟོགས་ཟབ་མོ་མེད་པ་ཨ་ཅང་གསལ་པ་ཡིན་ཕྱིར་རྣ་བ་གཅིག་ཙམ་ལས་མེད་པའི་བདེན་ཁ་སྤྲོད།

ཆབ་སྲིད་ཀྱི་གོ་གནས་ལ་ཞུགས་མཁན་ལ་ཆབ་སྲིད་ཀྱི་གོ་རྟོགས་དམན་ལ། རྩོམ་རིག་འཆད་ཁྲིད་བྱེད་མཁན་ལ་རྩོམ་རིག་གི་རྒྱུན་ཤེས་ཙམ་ཡང་མེད། དེ་བཞིན་བརྡ་སྤྲོད་དང་ནང་ཆོས་གང་འདྲ་ཞིག་ཡིན་ཡང་དེ་ལས་མ་འདས་པ་ནི་མངོན་གསལ་རེད། ཡིན་ཡང་འཆད་པ་ལ་ནི་ཐེ་ཚོམ་མེད་ལ། ཐོགས་པ་ཡང་མེད་པ་རེད། དེའི་ཕྱིར་རྣ་བ་གཅིག་དང་ཁ་གཉིས་ཅན་བོད་སྡེའི་སྤྱི་ཚོགས་ཁྲོད་མང་བ་ལས་ཉུང་བ་མ་རེད།

རྣ་བ་གཅིག་དང་ཁ་གཉིས་ཀྱི་བྱེད་ལས་ལ་བརྟེན་ནས་ད་བར་ཕྱིན་ཟིན་པ་རེད། དེའི་ཚོད་ཀྱིས་ང་ཚོར་ཤེས་ཡོན་འཐུས་ཤོར་གྱི་གནད་དོན་བྱུང་བ་རེད་ལ། སློབ་ཕྲུག་གསོ་སྐྱོང་འབུར་ཐོན་གྱི་གྲུབ་དོན་མ་རྙེད་པ་རེད་འདོད་ཡོད། ལྷག་ཏུ་སྐད་ཕྲིན་དང་ངོ་དེབ་སོགས་དྲ་ངོས་གང་ཡིན་ལ་བསྙོན་འཛུགས་དང་མཐུན་ལམ་གཏོར་བཅོམ་ལ་དགའ་བ་གང་མང་ཞིག་ལ། མང་ཐོས་ཀྱི་བསམ་པ་མེད་ལ། དཔྱད་ཞིབ་ཀྱི་འདུ་ཤེས་དབུལ། ཕུགས་རྒྱང་གི་མཐོང་རྒྱ་བྲལ་བས། གང་བཤད་དང་གང་ཟེར་ཚང་མ་བཤད་པ་ཙམ་ལས་དོན་དངོས་ལ་གནས་ཀྱི་ཡོད་མེད་ཀྱི་འགན་ཁུར་ཡང་དང་ལེན་བྱེད་ཀྱི་མེད།

བཤད་པ་གཙོ་བོར་འཛིན་ཅིང་ཉན་པ་ཉུང་བའི་མི་ཞིག་ལ་མཚོན་ན། ཡར་ཐོན་གྱི་གྲུབ་འབྲས་དང་། རང་སྐྱོན་གྱི་ངོས་ཟིན་ཡོང་བར་ཁག་པོ་ཡིན་ངེས། དེ་བཞིན་སྤྱི་ཚོགས་ཆེན་པོ་ཞིག་ཡིན་ཡང་དེ་འདྲ་ཡིན་ངེས། ཁ་མང་རྣ་གཅིག་གི་བྱེད་ལས་ཀྱི་བརྩོན་པ་རྒྱུན་བསྲིངས་བྱེད་པ་ལས། རྣ་གཉིས་ཁ་གཅིག་གི་དགོས་དོན་ཤེས་པའི་མི་རེ་བྱས་ན། གཞི་ནས་མི་སྒེར་གྱི་མི་ཚེ་ལ་འོད་སྣང་ཡོད་ངེས་ལ། སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཕེལ་རྒྱས་དང་། མདུན་ལམ་ལ་ཁེ་ཕན་ཆེན་པོ་ཡོད་པའི་རེ་བ་ལྕི།

གང་ལྟར་ང་དང་བཅས་པའི་བོད་མི་མང་དག་ཅིག་གིས་སློབ་གསོ་ལ་སྦྱང་བརྩོན་བྱ་དགོས་ལ། དེ་བཞིན་ཡ་ཧུ་དཱ་པའི་སློབ་གསོའི་མན་ངག་ཏུ་བཤད་པའི་རྣ་དང་ཁ་ཞེས་པ་ལྟ་བུའི་སློབ་གསོ་ལ་བརྟེན་ནས་རང་གཅུན་གཞན་ཕན་གྱི་ལས་ལ་འབུངས་ཐབས་བྱ་དགོས་པར་འདོད། བཤད་ལ་དགའ་བར་དགེ་མཚན་མེད་ལ། ཉན་པར་སྤྲོ་བ་ལ་རིན་ཐང་ཡོད་པའི་གནས་ལུགས་ལ་ངེས་ཤེས་རེ་འདྲོངས་ན་ཅིས་མི་ཆོག་ཨང་།

ད་ཡོད་བོད་ཡིག་སློབ་པའི་འདུ་ཤེས་ཉམས་དམས་དང་།  སྐད་ཡིག་ལ་དགའ་ཞེན་ཡར་བསྐྱེད་བྱེད་པའི་གླེང་མོལ་གྱི་བར་གླགས་ནས།  དམའ་འབེབསས་དང་ཚིག་རྩུབ་ཀྱི་བཤད་པ་མང་པོ་འདོར་ཞིང་། ཉན་པ་མང་པོ་བྱས་པའི་གྲུབ་དོན་གྱི་ལེགས་ཆ་དང་།  ཉེས་སྐྱོན་བཤད་དེ་མི་རིགས་འདིས་མ་འོངས་པར་འོད་ལམ་ཞིག་སྙེག་པར་འདུན་གྲོས་རེ་བྱ་ཐུབ་ན་རབ་རེད་འདོད།

མིག་གི་མཐོང་རྒྱ་བསྐྱེད་ཅིང་། རྣ་བའི་ཐོས་བསམ་ཡངས་པར་བྱས་ཏེ། བློ་མིག་གིས་དོན་དངོས་དང་གནས་ལུགས་ལ་གཟིགས། དྲན་ཚད་སྨྲ་བ་མེད་པར་བདེན་པར་སྙིང་ནས་སྨྲ་བའི་མི་སྡེའི་སྤྱི་ཚོགས་ཤིག་ཆགས་ན་ཅི་མ་རུང་སྙམ་པའོ།།