ད་ལོའི་གུང་གསེང་སྐབས་སུ་ང་རང་བླ་བྲང་ལ་སློབ་གཉེར་དུ་འགྲོ་ཁུལ་བྱས་པ་ཡིན། བླ་བྲང་དུ་གྲོགས་པོ་འགའི་རོགས་རམ་ལ་བརྟེན་ནས་ཁང་རིན་སླ་མོ་ཅན་ཞིག་གླས་ནས་ཉིན་མ་གཏོང་ཐབས་ཙམ་བྱས་པའི་རིང་ལ་ངེས་དོན་གྱི་དགེ་བའི་བཤེས་གཉེན་རེ་གཉིས་ལའང་བསྟེན་པའི་བསྐལ་བ་ཡག་པོ་བྱུང་། བཤེས་གཉེན་ཆེན་པོ་དེ་དག་བསྟེན་པར་སློབ་ཡོན་སྐར་གང་ཡང་མི་དགོས་པར་མ་ཟད།ང་ཚོའི་སློབ་བུ་གང་ལའང་ཉེ་རིང་མེད་པར་ཐུགས་བརྩེ་བ་ཆེན་པོས་གདུལ་བྱའི་བློ་ཁ་དང་འཚམས་པའི་ཤེས་བྱའི་བདུད་རྩི་འཕངས་མེད་དུ་སྦྱིན་པར་བྱེད།དེ་ལས་ཁ་ཅིག་ནི་ཁྱབ་མཐའ་མུ་བཞིའི་རིགས་ལམ་རྣོན་པོས་མུ་སྟེགས་ལྟ་ངན་མ་ལུས་ཚར་གཅོད་ཅིང་ས་དང་ལམ་གྱི་རིམ་པ་ཡང་དག་གཏན་འབེེབ་གནང་པའི་འཕྲིན་ལས་རླབས་ཕྲེང་དཀར་པོ་དགུང་དུ་འཕྱོ་བ་ཅན།མདོ་སྔགས་རིག་གནས་དང་བཅས་པ་མཁྱེན་རྒྱ་ནམ་མཁའ་ལས་ཡངས་པ། འགའ་ཤས་ནི་ཉིན་མཚན་ལྟོས་མེད་དུ་རྒྱལ་བའི་བཀའ་ཇི་ལྟ་བ་བཞིན་ཉམས་ལེན་ལ་གཞོལ་ཞིང་འདུག་པ་ནི་མང་དུ་ཡོད་པར་ཐོས། དེར་མ་ཟད་བྱམས་པ་དང་བརྩེ་བ།སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་གཞན་དོན་འབའ་ཞིག་གི་སླད་དུ་ཉིན་གང་བོར་ཁམ་ཟས་ཙམ་ཡང་བཞེས་ཁོམ་མེད་པར་ཤེས་བྱའི་བདུད་རྩི་འཕངས་མེད་དུ་སྦྱིན་པ་དག་ལའང་མཇལ། གཞན་ཡང་གནའ་དེང་ཟུང་གི་རིག་པ་མང་ཐོས་རྒྱ་མཚོ་ལྟ་བུ་དང་ཐབས་ཤེས་ཟུང་གིས་མ་རིག་པའི་གནས་གང་ལའང་གཟུ་བོར་གནས་པའི་བློ་མིག་ཅན་ནི་མང་དུ་མཆིས།

དེ་ལྟའི་གངས་ལྗོངས་བསྟན་པ་ཡང་དར་གྱི་མེ་རོ་མདོ་ཁམས་སྨད་ནས་གསོ་སའི་ལྟེ་བར་ཆགས་ཤིང་བཅུ་ཕྲག་རིག་པའི་འཆད་ཉན་ཟུར་མ་ཉམས་པར་ངོ་མཚར་པའི་གནས་འདི་ནི་ས་དཔྱད་མཁས་པ་གང་གིས་གཟིགས་ཀྱང་ས་པདྨ་འདབ་བརྒྱད་གནམ་འཁོར་ལོ་རྩེ་བརྒྱད་དུ་ངེས་པ།ཀུན་མཁྱེན་འཇམ་དབྱངས་བཞད་པའི་གདན་ས་བྱིན་ཅན་འདི་རི་ཁྲོད་བཞིས་ཕྱོགས་བཞི་སྐོར་ཞིང་ཕྱིའི་བཟོ་བཀོད་སོགས་གང་ལའང་འགྱུར་བ་སྣ་ཚོགས་ཀྱིས་མ་སླད་པར་བརྗིད་གྱི་ལེར་གནས།དབྱར་གྱི་དུས་སུ་གནམ་གཤིས་དྲོ་གྲང་སྙོམས་པའི་ཁྱད་ཆོས་དང་ལྡན་པས་ཕྱོགས་བཞིའི་མགྲོན་པོ་ཕྱོགས་སུ་འདུས་ནའང་གྲྭ་ས་ཆེན་པོ་འདི་ཉིད་ནི་གཡོ་ཙམ་མི་ནུས་ཏེ།སྔར་བཞིན་ཕྱི་རོལ་གྱི་རྫས་འཕྲུལ་དང་བཟི་ཁས་མ་ནུས་པར་ཉིན་མཚན་དབྱེར་མེད་དུ་ཐོས་བསམ་སྒོམ་གསུམ་གྱིས་ལུང་རྟོགས་ཀྱི་བསྟན་པ་སྤང་ལ་མེ་བཞིན་ནོ།།

གུང་གསེང་གི་སྐབས་སུ་བླ་བྲང་ན་རབ་བྱུང་བ་ཁོ་ན་ཙམ་མ་ཡིན་པར་ཕྱོགས་སོ་སོའི་སློབ་གཉེར་བའང་མང་དུ་མཆིས།དེའི་ནང་དུ་སློབ་འབྲིང་དང་སློབ་ཆེན་གྱི་སློབ་མས་གཙོས་ཞིབ་འཇུག་སློབ་མ་དང་འབུམ་རམས་པའང་མང་དུ་མཐོང་།འོན་ཀྱང་སྣང་བ་མཐོ་བའི་ཞིབ་འཇུག་སློབ་མ་རེ་འགའ་ནི་ཞིབ་འཇུག་ཅེས་བོས་ན་མི་མཛའ་བར”ཕྱི་འཇིགས”སུ་བོས་ན་དོན་མཐུན་དུ་འདུག་པ་དག་ལའང་དངོས་སུ་ཕྲད།འདི་དག་ནི་དངོས་ཡོད་ཡིན་ཕྱིར་ཟུར་ཙམ་བསྟན་ན།རྒན་ལགས་ཀྱིས་གོ་སླའི་དཔེ་ཡིས་ཅི་ལྟར་ཆུ་གཏིང་རྡོ་བཞིན་དུ་གསུངས་ཀྱང་རིག་ལམ་ཁས་མི་ལེན་ཞིང་གཞི་དངོས་པོའི་གནས་ལུགས་ལ་བསྙོན་འཛུགས་པར་ཅི་མི་སྙམ་པར་ང་རྒྱལ་ཆེན་པོས”བཅའ་ཁྲིམས”ཤེས་ཁུལ་བྱ་མཁན་རེ་འགའ་འང་བདོག ཡིན་ནའང་མི་ནི་ཁོར་ཡུག་དང་རིག་གནས་ཤིག་གི་བསྐྱེད་འབྲས་ཡིན་ཕྱིར།གནས་འདིར་གུང་གསེང་སྐབས་སུ་ཕེབས་པའི་སློབ་གྲྭའི་སློབ་མ་རྣམས་ཀྱང་སེམས་སྤྱོད་གང་ཅིའི་ཐད་ཡར་རྒྱས་འགྲོ་དང་འགྲོ་བཞིན་པ་ནི་མིག་ཤེས་ལ་མངོན་དུ་རྒྱུ།

སྨྲས་པ།ཀུན་མཁྱེན་ཡབ་སྲས་ཞབས་ལ་གསོལ་བ་འདེབས།།བཤེས་གཉེན་བླ་མའི་ཞབས་རྡུལ་སྤྱི་བོས་མཆོད།།མདོ་སྨད་བཀྲ་ཤིས་འཁྱིལ་བའི་ཞིང་ཁམས་ནས།།རྒྱལ་བསྟན་ཉིན་བྱེད་སྟོང་གིས་སྤྲོ་གྱུར་ཅིག།བདག་སོགས་མ་རིག་སྟུག་པོས་སྒྲིབ་པ་ལ།།སྒྲིབ་གཉིས་ལས་ཉོན་ཞི་བར་བྱིན་གྱིས་རློབས།།གང་ལ་སྐྱེས་སྦྱངས་བློ་ཡི་སྟོབས་ཆེ་ཚེ།།གཞན་ཕན་འབྲས་བུས་བསོད་ནམས་འཕེལ་གྱུར་ཅིག། སླུ་མེད་དཀོན་མཆོག་དང་ནི་ལས་འབྲས་ལ།།ངེས་པ་བརྟན་པོ་སྐྱེ་བར་བྱིན་གྱིས་རློབས།།

ཕྱི་ལོ༢༠༡༥.༨.༨ཉིན་བསང་ཆུའི་འགྲམ་དུ་སྦྱར།