ང་ཚོ་བོད་རིགས་ཀྱིས་དུས་རྒྱུན་སློབ་གྲྭར་སོང་ཚད་སྤྱི་ཞབས་པའི་ཡིག་རྒྱུགས་ལོན་ཐབས་ལས་ཟ་ཁང་དང་ཚོང་ཁང་སོགས་ཀྱི་སྤྱི་ཚོགས་ལ་དགོས་མཁོ་ཆེ་ཞིང་རང་ཉིད་ལ་ཡོང་འབབ་ཆེ་བའི་ལས་ཀ་མང་པོ་ཞིག་ལ་རྩ་བ་ནས་དོ་སྣང་བྱེད་ཀྱི་མེད།      གལ་ཏེ་ཡིག་རྒྱུགས་མ་ལོན་ན་ཁྱིམ་དུ་ལོག་ནས་ཞིང་འབྲོག་ལས་རིག་ཁོ་ན་ལ་ལྡིར་བ་ཡིན།        དེར་བརྟེན་མིག་གི་རིག་ས་ལ་གྲོང་ཁྱེར་གྱི་འདུ་འཛི་ཚང་མ་མི་རིགས་གཞན་གྱི་ཁེངས་འགྲོ་བ་དང་།       ཚོང་ཁང་དང་ཟ་ཁང་།     མགྲོན་ཁང་དང་ཨར་ཁང་སོགས་ཡོང་འབབ་གང་ཆེའི་ལས་རིགས་དག་གཞན་གྱིས་བཟུང་ཞིང་ཁྲོམ་ལ་སླེབས་དུས་མཐའ་མ་རང་སྐད་དེ་ཡང་རང་བཞིན་གྱིས་སྤྱོད་ས་མེད་པ་ཆགས་འགྲོ་གིན་འདུག

ང་ཚོ་ལ་ལས་རིགས་ལྟ་སྟངས་ཀྱི་ཐད་ནས་ཞན་ཆ་མང་པོ་འདུག་སྟེ།      ལྕགས་རིགས་འཚོང་མཁན་དང་བཟོ་མཁན་མགར་བ་རིགས་ངན་ཡིན་པའི་སྐོར་དང་།       ལྷ་འཚོང་རྒྱག་མཁན་སྡིག་ཆེན་ཡིན་ཚུལ་དང་།     བཤས་དང་ཤ་འཚོང་བྱེད་མཁན་རིགས་ངན་ཡིན་ཚུལ་སོགས་བཤད་དེ་དུས་རྒྱུན་ང་ཚོའི་འཚོ་བའི་ནང་དུ་བེད་སྤྱོད་བྱེད་པའི་དགོས་མཁོ་ཆེ་བའི་ཅ་དངོས་མང་པོ་ཞིག་ལྕགས་ཆས་ཡིན་པ་དང་།     དུས་རྒྱུན་ཟ་བྱེད་གཙོ་བོ་ཤ་ཡིན་པས་ཁྲོམ་ར་དེ་དག་གཞན་གྱིས་འཕྲོག་པ་མ་ཡིན་པར་ང་ཚོས་ཕུལ་བ་དང་།        དད་ས་དད་ཡུལ་གྱི་ལྷ་དང་མགོན་པའི་རྒྱ་ཕིབས་སོགས་ཀྱང་ལྕགས་ཆས་ཡིན་པས་ང་ཚོ་ལ་དགོས་ཀྱང་ང་ཚོས་མི་བྱེད་པའི་ཅ་དངོས་དེ་དག་བསམ་བཞིན་དུ་མི་རིགས་གཞན་གྱི་ལག་ནས་ཉོས་ཏེ་བེད་སྤྱོད་བྱེད་སྐབས་བཟང་ངན་གྱི་དབྱེ་བ་ག་ལ་ཕྱེ་རྒྱུ་འདུག       དེར་བརྟེན་ལས་རིགས་འདུ་ཤེས་ལ་འགྱུར་བ་བཏང་ཏེ་ཁྲོམ་རའི་དགོས་མཁོ་ལྟར་ཞུགས་རྒྱུར་འབོད་སྐུལ་ཙམ་ཞུས་པ་ཡིན་ནོ།།