བོད་ཀྱི་སྤྱི་ཚོགས་ཁྲོད་སྐད་འཕྲིན་དར་བ་ནས་སྤྱོད་སྒོ་འདི་ཉིད་ཉེས་པའི་རིགས་ཤིག་ཏུ་བགྲང་ནས་སྐད་ཆ་བཤད་མཁན་མང་པོ་ཞིག་ཡོད་པ་ལས་སྐད་འཕྲིན་དར་བ་ནས་རྣ་ཡ་འོན་པ་དང་མིག་ཡ་ཞར་བ་ལྟར་འཚོ་བའི་བོད་པའི་སྤྱི་ཚོགས་ཀྱིས་ཀྱང་གསར་འགྱུར་སྣ་ཚོགས་དང་། འཛམ་གླིང་གི་ཟ་དང་ཟུར་གྱི་གནས་ཚུལ་མང་པོ་ཞིག་ངང་གིས་ཤེས་གྱིན་པའི་ཞོར་ནས་གོ་རྟོགས་འཕེལ་བར་ཡང་ཏོག་ཙམ་ཕན་པ་བྱུང་ཡོད་པ་གླེང་མཁན་མེད་མོད། འོན་ཀྱང་། སྐད་འཕྲིན་དང་དྲ་རྒྱའི་རྒྱུད་ལམ་བེད་སྤྱོད་གཏོང་བར་གོམས་པ་མེད་པའི་བོད་པ་ཀླད་མེད་ཁག་ཅིག་གིས་གང་དྲན་བྱུང་རྒྱལ་གྱི་བརྙན་དང་ཡི་གེ། འདྲ་རིས་སོགས་ཚོད་མེད་དུ་སྤེལ་བས་གཞན་གྱི་ཚེ་སྲོག་ཤོར་བ་ཡང་ཡོད་ལ། མི་གྲལ་ནས་ཕུད་པ་ཡང་ཡོད། སྤྱི་ཚོགས་ཁྲོད་འདི་ལྟ་བུའི་ཉེན་ཁ་བྱུང་དང་འབྱུང་མུས་སུ་གནས་ན་ཡང་དྲ་བའི་སྐོར་གྱི་ཁྲིམས་ལུགས་དྲིལ་སྒྲོག་བྱེད་མཁན་ཤིན་ཏུ་དཀོན་ཞིང་། གཞུང་འབྲེལ་གྱིས་གསལ་བཤད་བྱེད་མཁན་རེ་གཉིས་ཡོད་པ་དག་ལ་ཡང་འཇིགས་སྐུལ་བའི་བཟོ་ལས་ཅི་ཡང་ཐོན་གྱིན་མེད་པས་དམངས་ཚོགས་ཀྱི་ངོས་ནས་སྐད་འཕྲིན་བཀོལ་བ་ཙམ་ཡང་ཁྲིམས་འགལ་དུ་ངོས་བཟུང་ནས་བཀོལ་ཐུབ་ཀྱི་མེད་པ་སྐོར་ཞིག་ཀྱང་ཡོད་པ་དག་གིས་དུས་རབས་དང་མཐུན་པའི་གནས་ཚུལ་སྤྱིར་བཏང་བ་རེ་ཡང་ཐོས་ཐུབ་ཀྱིན་མེད།

ལུགས་མཐུན་གྱི་གནས་ཚུལ་གོ་དཀའ་ཞིང་། ལུགས་མཐུན་གྱི་ལས་རིགས་གཉེར་མི་ཤེས་མཁན་འགའ་རེར་མཚོན་ནས་བཤད་ན་སྐད་འཕྲིན་ལས་ཐོས་པའི་སྐད་ཆ་ཡོད་ཚད་རྫུན་མ་ཁོ་ནར་བསམ་པ་ལས་བདེན་པར་འདོད་ཀྱིན་མེད་པས་སྐད་འཕྲིན་ལས་གོ་བ་དག་ནི་གནས་ཚུལ་ཁུངས་འཕེར་ཞིག་ཏུ་འདོད་ཀྱིན་མེད།

གང་ལྟར་སྐད་འཕྲིན་ནི་བྱ་བརྒྱ་འུར་འདྲོག་གི་རྡོ་བ་ཁོ་ནར་སྤྱོད་ཀྱིན་འདུག་པ་ནི་སྐབས་དང་སྐབས་སུ་མཐོང་ངེས་ཤིང་། ད་ལོ་ཞིག་ལ་བྱིས་པ་བརྐུ་མཁན་ཡིན་མིན་གཉིས་ཀ་བྱིས་པ་བརྐུ་མཁན་དུ་བྱས་སོང་ལ། ཉེ་ཆར་ལ་མཚོན་ནས་བཤད་ན་ཡང་འཛམ་གླིང་གིས་འདི་ཟླའི་ཚེས་བཅུ་གསུམ་གྱི་དགོང་མོར་ཧྥ་རན་སིར་བྱུང་བའི་དོན་རྐྱེན་སྐོར་གླེང་བཞིན་པའི་སྐབས་སུ། བོད་པ་ཚོས་རྗེ་ཙོང་ཁ་བའི་གློག་བརྙན་སྐོར་ནས་ཤེས་མི་ཤེས་ཀུན་གྱིས་ཅིག་གླེང་ནས་བསྡད་པ་དང་། ཟི་ལིང་གྲོང་ཁྱེར་དུ་བོད་པའི་སློབ་གྲྭ་དགོས་མིན་གྱི་འོས་ཤོག་ནུས་མེད་ཅིག་སྤེལ་ནས་ཉིན་ཤས་སོང་། དེ་དག་ཀྱང་གཙོ་བོ་ཚོར་བ་ཙམ་པོ་བས་དེད་པ་རྐྱང་ལས་གནས་ལུགས་ཤེས་པས་ག་ལ་ཡིན།

54fbb2fb43166d222a09f3ef462309f79052d24b

བྱ་ཤ་སྲེག་མ།

དེ་རིང་ཡང་དྲིན་བཟོའི་ཉིན་མོ་ཡིན་ཞེས་ཕ་མ་དང་གཉེན་ཉེ་ལ་བཀའ་དྲིན་ཞུ་ཟེར་བ་སོགས་ཀྱིས་སྐད་འཕྲིན་དང་པོད་འཕྲིན་གྱི་གནམ་ས་ཁྱབ་པར་བྱས། ཕ་མ་དང་གཉེན་ཉེ། རང་ལ་དྲིན་དུ་ཆེ་བ་དག་གི་བཀའ་དྲིན་ཤེས་དགོས་པ་ནི་བོད་པའི་ཐུན་མིན་གྱི་ཁྱད་གཤིས་ཤིག་ཏུ་བསམ་ནས་སེམས་ནས་མ་བོར་ན་ནི་སྤྲོ་བ་ལས་གང་དུ་ཡོད་མོད། དུས་རྒྱུན་དུ་བོད་པ་ཚོས་ནི་གཞན་གྱི་དུས་ཆེན་དག་རང་གི་ཡིན་མདོག་གིས་རྟེན་འབྲེལ་ཞུས་པ་ཁག་ཅིག་སྟེ། ཡེ་ཤུའི་འཁྲུངས་སྐར་དང་། གཞན་གྱི་དམག་འཁྲུག་གི་རྒྱལ་ཁ་བླངས་པའི་ཉིན་མོ་ཟེར་བ་སོགས་དུས་ཆེན་རྫོགས་མཐའ་མེད་པ་ཞིག་ལ་རོལ་བཞིན་པའི་བཟོ་ལྟ་སྟོན་གྱིན་ཡོད། དོན་ངོ་མ་བཤད་ན་དུས་ཆེན་ནི་དྲ་བ་ཁོ་ནའི་སྟེང་དུ་འུར་རྒྱབ་ནས་རོལ་རྒྱུ་ཞིག་ག་ལ་ཡིན་སྟེ། དུས་ཆེན་རེ་རེར་ཡང་རོལ་སྟངས་མི་འདྲ་བ་རེ་རེ་ཡོད་པས་ཁ་ཙམ་ཚིག་ཙམ་གྱིས་དུས་ཆེན་ལ་རོལ་ཟེར་བ་ནི་ཅལ་གྱི་སྒྲ་ལ་འགྲོགས་པ་ལས་ཅི་ཡང་མེད། ཨ་རིའི་ཁྱིམ་བྱ་གསོད་པའི་ཉིན་མོ་དུས་ཆེན་དུ་འདོད་ཀྱིན་པའི་ང་ཚོས་ཉིན་ཞིག་བལ་བོའི་སེམས་ཅན་དམར་མཆོད་༼ཉིན་འདིར་ར་ལུག་དང་མ་ཧེ་སོགས་འབུམ་གཅིག་སྡེབ་གསོད་བྱེད་ཀྱིན་ཡོད།༽ཆེན་མོ་དང་། ཁ་ཆེ་བའི་ཀོ་ཨར་པང་༼མི་ཚང་ཕྱུག་པོ་ཚོས་སྐམ་རེ་དང་འབྲིང་བས་ར་ལུག་རེ། མེད་པོ་ཚོས་ཀྱང་ཁྱིམ་བྱ་རེ་ངེས་པར་དུ་གསོད་དགོས།༽སོགས་སྲོག་གཅོད་ཀྱི་ཉིན་མོ་ཡང་དུས་ཆེན་དུ་བརྩིས་ནས་མི་རོལ་བའི་ངེས་པ་ཡང་གཏན་ནས་མི་འདུག

དེ་དགོང་སྟེ་ཨ་རི་ལྷོ་བྱང་དུ་ནམ་ལངས་ནས་ཡོང་བཞིན་པའི་སྐབས་འདིར། ཏུར་ཁའི་ཁྱིམ་བྱ་འབུམ་ཕྲག་དུ་མ་འཆི་ལམ་དུ་དེད་དང་འདེད་བཞིན་པ་དང་ཤ་བཟའ་བཞིན་པའི་སྐབས་ལ་འཁེལ་ནས་ཡོད། ༼ནང་མིའི་མང་ཉུང་ལྟར་བྱའི་གྲངས་ཀ་ཡང་མི་འདྲ།༽ དུས་ཆེན་འདི་ཉིད་ནི་༡༨༦༣ལོར་ཨ་རིའི་རྒྱལ་ཁབ་བཙུགས་མ་ཐག་པ་ནས་དར་ཡོད་པ་བཞིན་༡༩༤༡ལོར་ཨ་རིའི་རྒྱལ་ཚོགས་ཀྱི་ངོས་ནས་ཟླ་བཅུ་གཅིག་པའི་བདུན་ཕྲག་བཞི་བའི་གཟའ་མཇུག་ཏུ་དྲིན་བཟོའི་དུས་ཆེན་ལ་རོལ་རྒྱུར་གཏན་འཁེལ་བྱས་པ་བཞིན། ཁ་ན་ཊས་ཀྱང་ཟླ་བཅུ་བའི་བདུན་ཕྲག་གཉིས་པའི་གཟའ་མཇུག་ཏུ་རོལ་གཏན་འཁེལ། དེ་བཞིན་གྷི་རེ་སིའི་མཚོན་པའི་ཡོ་རོབ་རྒྱལ་ཁབ་འགའ་རེས་ཀྱང་དུས་ཆེན་དེར་རོལ་བཞིན་ཡོད། ཁྱིམ་བྱ་དེའི་ཤ་གཙོ་བོར་བྱས་ཏེ་ཟས་རིགས་སྣ་ཚོགས་ལ་རོལ་བ་ནི་ཁོང་ཚོའི་དུས་ཆེན་ལ་རོལ་ལུགས་ཀྱི་སྲོལ་རྒྱུན་དུ་གྱུར་ཡོད།

བལ་བོའི་དམར་མཆོད་ཆེན་མོར་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་སྲུང་སྐྱོབ་ཚན་པས་ལུགས་མཐུན་ཞིག་མིན་པའི་ཐ་ཚིག་ཐེངས་འགར་བསྒྲགས་མྱོང་ཡང་། ཨ་རི་བས་ཏིར་ཁའི་ཁྱིམ་བྱ་གསོད་པ་ལ་གནས་གཅིག་ནས་བྱ་རྣམ་སྡེབ་གསོད་ཀྱི་འཇིགས་རྔམ་དེ་མེད་པས་ཡིན་ནམ་གང་ལྟར་དེ་ཉིད་སྐྱེ་ཁམས་སྲོག་ཆགས་ཀྱི་བདག་དབང་དང་འབྲེལ་བ་མེད་པ་ལྟར་བཞག་ཡོད། འོན་ཀྱང་དྲིན་བཟོའི་ཉིན་མོ་འདིར་ཨ་རིའི་སྲིད་འཛིན་ལས་ཐོགས་པས་ཁྱིམ་བྱ་གཅིག་ཚེ་ཐར་ལ་གཏོང་སྲོལ་ཡོད་པ་ནི་ནང་བས་སྡིག་པ་ལ་ཡོན་ཏན་མེད་ཀྱང་། གཤགས་ནས་འདག་པ་སྡིག་པའི་ཡོན་ཏན་ཡིན་པར་འདོད་པའི་ལྟ་ཚུལ་ལྟར་མིན་ཡང་། ༡༨༦༣ལོར་ཨ་རིའི་སྲིད་འཛིན་ལིན་ཁུན་གྱི་བུས་ཁྱིམ་དུ་གསོས་པའི་ཏུར་ཁའི་ཁྱིམ་བྱ་དེ་ཕོ་བྲང་དཀར་པོར་ཕུལ་བ་ནས་ལོ་རེའི་དྲིན་བཟོའི་ཉིན་མོར་ཁྱིམ་བྱ་རེ་ཚེ་ཐར༼ཨ་རི་བ་ཚོས་ Flyer ཞེས་འབོད།༽་དུ་གཏོང་བའི་སྲོལ་བྱུང་བ་ནི་ཡ་རབས་ཀྱི་ལུགས་ཤིག་ཏུ་ཅིའི་ཕྱིར་བགྲང་མི་ཆོག

ཁྱིམ་བྱ་ཚེ་ཐར་གཏོང་བའི་ཚུལ།

ཁྱིམ་བྱ་ཚེ་ཐར་གཏོང་བའི་ཚུལ།

མདོར་ན་ང་ཚོའི་བོད་པ་སྤྱི་དང་དམིགས་བསལ་ནང་བ་དག་ལ་མཚོན་ན་བདག་ཅག་གི་སྟོན་པའི་འཁྲུངས་སྐར་སྲུང་བརྩིའི་དུས་ཆེན་ལ་རོལ་མཁན་ཡང་མང་པོ་མེད་པ་དང་། མདོ་ཁམས་ཕྱོགས་སུ་བོད་རང་གི་ལོ་གསར་ལ་རོལ་རྒྱུ་ཡང་བརྗེད་ནས་ཡོད། རང་གི་ལོ་གསར་ལ་ཡང་རོལ་མི་ཤེས་པའི་མདོ་ཁམས་པ་ཚོ་གཙོས་བོད་པ་ཡོངས་ཀྱིས་གཞན་གྱི་དུས་ཆེན་གང་ཡིན་ལ་རོལ་བའི་མཐའ་མར་རང་གི་ལོ་གསར་བོར་ནས་གཞན་གྱི་ལོ་གསར་ལ་རོལ་བཞིན་པ་ལྟར་གཞན་གྱི་དུས་ཆེན་བསུས་ནས་རང་གི་དུས་ཆེན་བརྗེད་ཀྱིན་པ་ནི་བོད་པ་གཡམ་རྒྱུགས་ལ་དགའ་བ་འགའི་བྱེད་སྟངས་ལས་ཅི་ཡང་མ་རེད་དོ།།