གནའ་སྔ་མོ་སྟེ་དུས་རབས་བདུན་པའི་དུས་སྨད་ཀྱི་ཉིན་ཞིག་ལ། ཕོ་བྲང་རླུང་འཚུབ་ཀྱི་ནང་ན་དཀར་བའི་ཞལ་ལ་སྨུག་རིས་རྒྱས་པ། མིག་མདངས་ལ་འཚེར་སྣང་བབས་པའི་བོད་བཙན་པོས། ཁ་ཆེ་ཡུལ་ནས་ཕེབས་པའི་སྐད་གཉིས་སྨྲ་བ་ཞིག་གི་ལོ་ཙྭའི་ཚིག་རིས་ལ་རྣ་བ་ཀྲོང་ངེར་གཏད་འདུག་པའི་གྲལ་གྱི་ལྟག་མ་ན། བགྲེས་ཉམས་བཞེས་པའི་མཚན་མར་དབུ་སྐྲ་དང་ཁ་སྤུ་དཀར་པོར་སོང་བ། དགེ་སློང་ཞི་ཞིང་དུལ་བ་ཞིག་གིས་ཕྱག་རྒྱ་དང་བཅས་རིགས་ལམ་ནས་དྲང་ཞིང་། ཤེས་རབ་ལ་བརྒྱུས་བའི་ཆོས་འཆད་ཀྱིན་འདུག་པ་ནི། རྣལ་འབྱོར་སྤྱོད་པ་བ་དག་གི་ཤིང་རྟའི་སྲོལ་འབྱེད། སྐབས་དེར་དགོངས་གྲངས་བརྒྱད་བཅུ་ལྷག་བཞེས་པ། དཔལ་ནཱ་ལེནྡྲཱའི་མཚན་ཉིད་སྨྲར་བའི་ཁྱུ་མཆོག་སློབ་དཔོན་ཞི་འཚོ་མཆོག་རེད།

ཐེངས་དེར་ཁོང་ཆེས་ཐོག་མར་བོད་དུ་ཕེབས་པ་ཡིན་ཞིང་། སྐབས་དེའི་ཆབ་སྲིད་གནས་སྟངས་ཀྱི་དབང་གིས་རིང་བོར་བཞུགས་མ་ཐུབ་པར་ཟླ་བ་བཞི་ལྷག་ནས་ཕྱིར་བལ་བོར་ཕེབས་དགོས་ཐུག་མོད། རིང་བོ་མ་ལོན་པར་ལོ་བཅུ་ལྷག་གི་རྗེས་སུ་བོད་ཀྱི་རིག་གནས་བརྗེ་སྤོར་གྱི་ལུས་དོན་ཐུགས་སུ་བརྣགས་ནས། བཙན་པོ་སློབ་འབངས་ཀྱི་གདན་ཞུས་ལྟར་སླར་ཡང་བོད་ལ་ཕེབས་ནས། བོན་རྩོད་པའི་རིགས་ལམ་གྱིས་སིན་འབྱིན་བྱས་ཤིང་། བསམ་ཡས་གཙུག་ཁང་བཞེང་བའི་བཀོད་ཁྱབ་དང་ནང་རིག་པ་བོད་དུ་བསྒྱུར་བའི་ལས་གཞི་ཆེན་པོའི་ཐུགས་འགན་བཞེས། སད་མི་བདུན་ལ་རབ་བྱུང་གི་སྡོམ་པ་མནོས། འཆད་ཉན་དང་རྩོམ་པའི་སྒོ་ནས་གནའ་བོའི་རྒྱ་གར་གྱི་ནང་བསྟན་མཚན་ཉིད་རིག་པའི་རྐང་ལེགས་པོ་ཞིག་གངས་ཅན་ཡུལ་དུ་ཚུགས་པར་མཛད་དོ།།

དེ་ལྟ་དེ་ལྟར་ཤིན་ཏུ་བགྲེས་ཉམས་བཞེས་པའི་དགེ་སྦྱོང་ཆེན་པོ་གང་དེའི་བོད་བརྒྱུད་ནང་བསྟན་རིག་པའི་ཆེད་དུ་མང་པོ་མང་པོ་ཞིག་བློས་བཏང་གིས་སྐུ་གཤེགས་ཁའི་ཞལ་ཆེམས་ལའང་ནང་བསྟན་ལ་སླད་ཞུགས་པ་འམ། རྒོལ་མཁན་བྱུང་ཚེ་ངའི་སློབ་མ་ཀ་མ་ལ་ཤི་ལ་གདན་འདྲེན་དགོས་ཚུལ་གསུངས་བ་སོགས་ཀྱི་མཛད་པ་བསྐྱང་བར་ཕྱིར་དྲན་ཞིག་བྱས་ཚེ། རྒྱ་གར་ཁ་སྤུ་ཅན་གྱི་ལུགས་སྲོལ་ཟེར་བ་དེ་སེམས་ངོར་ཤར་འོང་ཞིང་། རྒྱ་གར་ཁ་སྤུ་ཅན་གྱི་ལུགས་ཤེས་པའི་ཚིག་དེ་ངག་ནས་ཟློ་སྐབས་མཁན་ཆེ་ཞི་བ་འཚོ་མཆོག་གི་ཞལ་རས་ཀྱི་སྤྱི་རྣམ་ཡིད་ལ་འཁོར་འོང་བར་འདུག་གོ།

དེ་ནི་ཁ་གསོ་རྒྱབ་འགེབས་ཙམ་གྱི་སྲིད་དོན་རྐྱང་བ་ཞིག་གི་ལམ་ནས་བསམ་ན་ཅི་ཡིན་མི་ཤེས་མོད། ཤེས་རིག་ལོ་རྒྱུས་ཀྱི་ངོས་ནས་བལྟས་ཚེ། སློབ་དཔོན་ཁོང་གི་ཁོང་གི་ཐུགས་བཀོད་ལས་འཁྲུང་བའི་བསམ་ཡས་གཙུག་ལག་ཁང་མེད་ཚེ། ང་ཚོར་ལྷ་རེ་ལ་མཆོད་བཀུར་བྱེད་ས་དང་། སྤོས་རྡོག་མ་ཁ་ཤས་སྒྲོན་གནས་རེ་མཆིས་སུ་སྲིད་ཀྱང་། གཙུག་ལག་རིག་གནས་ལ་སློབ་སྦྱོང་གནང་བའི་གནས་གཞི་དེ་འདྲ་ག་ན་ཡོད། ཁོང་གི་བཙུགས་པའི་དབུ་ཚད་སེང་གེ་འཇིང་སྣོལ་གྱི་སྲོལ་རྒྱུན་མེད་ཚེ། ང་ཚོར་དད་མོས་ཙམ་ལྷུར་ལེན་པའི་ཆོས་ལུགས་ཤིག་ཡོད་དུ་སྲིད་མོད། མ་ལག་ཆ་ཚང་བ་མཚན་ཉིད་རིག་པའི་རང་བཞིན་ཅན་གྱི་ཆོས་རིག་འདི་འདྲའི་སྐལ་བ་ཡོད་རེ་སྐན།

དེ་ལྟ་ན་ཡང་། དྲིན་དྲིན་དུ་མི་ཤེས་ཤིང་། བཟང་བཟང་དུ་མ་རྟོགས་པའི་བོད་པ་ཚོས་ནི། བོད་ཀྱི་ནང་བསྟན་མེས་པོ། གངས་ཅན་གྱི་ཐུབ་པའི་སྲོལ་འབྱེད་པ་ཆེན་པོ་ཁོང་ལ་དོན་དངོས་ཀྱི་བྱུང་བ་དང་མཐུན་པར། ཤེས་རིག་གི་ས་རྟགས་ཤིག་ཡིན་པའི་ངོས་ནས་བཀའ་དྲིན་རྗེས་དྲན་ཞུ་བ་ལྟ་ཅི་སྨོས། དྲན་པའི་ངོས་ནས་བརྗེད་ཅིང་། ལོ་རྒྱུས་ཀྱི་ཁྲོད་ན་འབོར་གྱིན་འདུག་གོ།

2015/9/29