ཕྲན་གྱི་མིང་ལ་བློ་བཟང་ཡོན་ཏན་ཟེར། ཕྲན་ནི་བོད་མདོ་སྨད་ཙོང་ཁ་བདེ་ཁམས་ཀྱི་ཆར་གཏོགས་རྡོ་སྦིས་ཡུལ་དུ་སྐྱེས། ཆུང་དུས་གཞུང་གི་སློབ་གྲྭར་འགྲིམས་ནས་ཡི་གེ་སྐྱོར་ཀློག་གི་མགོ་ཚུགས། དེ་ནས་ལོ་བཅུ་གསུམ་གྱི་ཐོག་བྲོས་བྱོལ་གྱི་ཚུལ་དུ་སོང་ནས་རྩི་རྐྱང་སྒོམ་གྲྭར་རབ་ཏུ་བྱུང་། ཨ་ཁུ་བཀའ་དྲིན་ཅན་འཇམ་དབྱངས་དང་དཀོན་མཆོག་སོགས་ཀྱི་མདུན་ནས་སྐྱབས་འགྲོ་ནས་འདོན་ཆོས་སྨོན་ལམ་སྣ་ལྔ། ཆོས་སྤྱོད། མགོན་ཆོས་སྣ་ལྔ། བདེ་མཆོག་སོགས་བློར་འཛིན་དང་གཅོད་ཀྱི་ཆུ་མིག་བརྒྱ་རྩ་བརྒྱད་འགྲིམས་པ་སོགས་བྱས། དེ་ནས་ཕྱི་ལོ་ ༡༩༨༧ ལོ་ལ་སྐུ་འབུམ་བྱམས་པ་གླིང་དུ་སོང་ནས་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་རྡོ་རྗེའི་མདུན་དུ་བསྡུས་གྲྭ་དང་སུམ་རྟགས། སྙན་ངག་སོགས་སློབ་གཉེར་བྱས་མུར། ཕྱི་ལོ་ ༡༩༩༠ ལོ་ནས་མཚོ་སྔོན་ནང་བསྟན་སློབ་གྲྭ་ནས་གྲུབ་མཐའ་དང་ཕར་ཕྱིན་སོགས་ལ་བག་ཆགས་ཙམ་འཇོག་ཐུབ་པ་བྱུང་།

ཕྱི་ལོ་ ༡༩༩༣ ལོ་ཙམ་ནས་དབྱིན་ཇི་ལ་སློབ་གཉེར་དང་ཕྱི་ལོ་ ༡༩༩༤ ལ་བསྐྱར་ཏུ་དགེ་རྒན་རིན་པོ་ཆེའི་མདུན་ནས་རྣམ་འགྲེལ་ཁྲིད་ཁུལ་དང་། ཕྱི་ལོ་ ༡༩༩༥ ལོ་ལ་ཧྥ་རན་སི་དང་ཕྱི་ལོ་ ༡༩༩༧ ལོ་ལ་ཨ་རིར་ཕྱིན་ནས་ལོ་བཅུ་ཙམ་ལ་ཨ་རིའི་སློབ་ཆེན་འགའ་རུ་དབྱིན་ཇིའི་སྐད་ཡིག་ལ་སློབ་གཉེར་དང་། དེ་ནས་ཨ་རིའི་ཆབ་སྲིད་དང་དཔལ་འབྱོར་གྱི་སྐོར་ལ་སློབ་གཉེར་བྱས་ཏེ་དངོས་གཞི་སློབ་མའི་སློབ་མཐར་ཕྱིན།

ཕྱི་ལོ་ ༢༠༠༥ ལོ་ནས་བསྐྱར་ཏུ་བོད་ཀྱི་ཤེས་རིག་ལ་དོ་སྣང་གིས་དེའི་སྐོར་ལ་ཞིབ་འཇུག་བྱས་པ་དང་ཕྱི་ལོ་ ༢༠༠༧ ལ་དབྱིན་ཇིའི་ཁམ་ཟམ་གཙུག་ལག་བསླབ་གྲྭར་སླེབས། ༢༠༠༩ ལོར་ཞིབ་འཇུག་སློབ་མ་ནས་མཐར་ཕྱིན་པ་དང་དེ་དུས་མི་རིགས་རིག་པའི་སྡེ་ཁག་གི་སློབ་མའི་ཡང་རྩེ་རུ་བདམས་ནས་ཁམ་ཟམ་གཙུག་ལག་བསླབ་གྲྭའི་རྒྱལ་སྤྱིའི་ཞིབ་འཇུག་སློབ་མའི་གཟེངས་རྟགས་ཐོབ་ནས་ད་བར་ཏུ་ཁམ་ཟམ་གཙུག་ལག་བསླབ་གྲྭའི་མི་རིགས་རིག་པའི་སྡེ་ཁག་ཏུ་རིགས་གཅིག་འབུམ་རམས་པའམ་འབུམ་རམས་པ་ཟེར་པར་སློབ་གཉེར་བགྱིས། ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་བདུན་པའི་ནང་རིགས་གཅིག་འབུམ་རམས་པའི་དམ་བཅའ་བཞག ཕྲན་གྱི་འབུམ་རམས་པའི་དཔྱད་རྩོམ་ནི། དུས་རབས་བཅུ་དགུའི་མགོ་སྟོད་དུ་བརྩམས་པའི་བོད་ཀྱི་མཁས་པ་ཆེན་པོ་བཙན་པོ་ནོ་མོན་ཧན་ ༼༡༧༨༩ནས་༡༨༣༩༽ གྱིས་ཕྱི་ལོ་ ༡༨༣༠ ལོར་བརྩམས་པའི་འཛམ་གླིང་རྒྱས་བཤད་ཟེར་པའི་སྐོར་དེ་ཡིན་ལ་སྤྱིར་བཏང་ཕྲན་གྱིས་དེའི་སྐོར་ལ་ལོ་མང་པོར་ཞིབ་འཇུག་བྱས་ཡོད། འབུམ་རམས་པའི་ཆེད་རྩོམ་ནི་ཚན་རིག་གི་ལོ་རྒྱུས་དང་མི་རིགས་རིག་པ་སོགས་ཀྱི་གཞུང་ལུགས་དང་ལྟ་གྲུབ་ལམ་ནས་ཞིབ་འཇུག་བྱས་པ་ཞིག་ཡིན། འཛམ་གླིང་རྒྱས་བཤད་ནི་བོད་ཀྱི་མཁས་པ་ཞིག་གིས་རྒྱ་ཆེན་པོའི་ངང་ནས་ནུབ་ཀྱི་ཚན་རིག་གི་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་བརྩམས་པ་ཞིག་དང་། བོད་དུ་དེ་ལྟ་བུའི་དཔེ་དེབ་མང་པོ་ཡོད་པ་ནང་གི་གཅིག་རེད། ཕྲན་གྱིས་འཛམ་གླིང་རྒྱས་བཤད་དེ་བརྗོད་བྱ་གཙོ་བོ་གསུམ་ལ་ཕྱེས་ནས་ཞིབ་འཇུག་བྱས་ཡོད།

འཛམ་གླིང་རྒྱས་བཤད།

འཛམ་གླིང་རྒྱས་བཤད།

  • གཅིག་ནི་འཛམ་གླིང་རྒྱས་བཤད་ཀྱི་སྔོན་འགྲོ་བོད་ཀྱི་ས་རྒྱུས་རིག་པ་དང་ནུབ་བོད་ཤེས་རིག་གི་འབྲེལ་བ། དེ་ལས་འཕྲོས་པའི་དོགས་དཔྱོད་ཀྱི་སྐོར་ཡིན།
  • གཉིས་པ་ནི་འཛམ་གླིང་རྒྱས་བཤད་ཇི་ལྟར་བརྩམས་ཚུལ་དང་དེའི་རྒྱས་བཤད། ས་བཅད་ངོས་འཛིན། ཐུན་མོང་མ་ཡིན་པའི་རྣམ་བཤད་བཅས་ཡིན།
  • གསུམ་པ་ནི་འཛམ་གླིང་རྒྱས་བཤད་བརྩམས་པའི་རྗེས་སུ་བོད་ཀྱི་མཁས་པ་དག་གིས་ལྟ་ཚུལ་དང་། བསྟོད་བསྔགས། དགག་སྒྲུབ་བཏང་པ་བཅས་ཀྱི་སྐོར་ཡིན། བརྗོད་བྱ་ཆེན་པོ་འདི་དག་ཀྱང་ལེའུ་གཉིས་རེ་ལ་བགོས་ནས་དཔྱད་པ་བཏང་ཡོད།

ཕྲན་གྱིས་འབུམ་རམས་པའི་དཔྱད་རྩོམ་དེ་བྲིས་ཚར་རྗེས། དཔྱད་རྩོམ་ལ་དག་བཤེར་བྱས་པའི་དགེ་རྒན་སོགས་ཀྱིས་དོ་སྣང་ཆེན་པོ་བྱུང་བ་མ་ཚད་ཁམ་ཟམ་གཙུག་ལག་བསླབ་གྲྭའི་གསར་འགྱུར་སྡེ་ཁག་གི་ལས་བྱེད་པ་ཚོས་ཀྱང་དོ་སྣང་བྱས་ནས། དེའི་སྐོར་རིག་གཞུང་གསར་འགྱུར་ཅིག་ཀྱང་སྤེལ་བྱུང་། དེ་བཞིན་དཔེ་སྐྲུན་ཁང་ཞིག་གིས་ཀྱང་དཔྱད་རྩོམ་དེ་དཔེ་ཆར་བཀོད་འདོད་ཡོད་ཅེས་བཤད་བྱས་སོང་། སྤྱིར་བཏང་ངས་དམིགས་གསལ་ཞིག་བྱས་མེད། སྔོན་གྱི་མཁས་པ་དག་དང་ཁྱད་པར་འཛམ་གླིང་རྒྱས་བཤད་སྐོར་རྩལ་དུ་བཏོན་ནས་གསལ་བཤད་བྱས་པ་ཙམ་ཞིག་རེད། ཡིན་ནའང་གསལ་བཤད་དེ་དེང་དུས་དངོས་གཙོའི་རྩོད་སྒྲུབ་རིག་པ་དང་། ནུབ་ཀྱི་ཤར་ཕྱོགས་རིག་པའི་ལྟ་གྲུབ་ཀྱི་ཤེལ་མིག་གི་འོག་ཏུ་ལུས་བསྡད་པའི་བོད་ཀྱི་ཤེས་རིག་ལ་ལྟ་ཚུལ་མི་འདྲ་བ་ཞིག་བཏོན་པ་དེ་ཙམ་ཞིག་ལས་གཞན་ཅི་ཡང་མེད།

ཕྲན་གྱིས་དཔྱད་རྩོམ་དེ་ལས་གཞན་ད་དུང་དཔར་སྐྲུན་བྱས་མེད་པའི་ཚན་རིག་གི་དཔེ་དེབ་ཅིག་བོད་ཡིག་གི་ལམ་ནས་བྲིས་ཡོད་པ་དང་། དེ་ལས་གཞན་གང་སར་མཐོང་རྒྱུ་ཡོད་པའི་བོད་ཡིག་གི་ཟིན་ཐོ་མང་པོ། དེ་བཞིན་འཛམ་གླིང་རྒྱས་བཤད་སྐོར་གྱི་ཆེད་རྩོམ་རིང་མོ་ཞིག་དབྱིན་ཇིའི་ཐོག་ནས་དཔར་སྐྲུན་བྱས་ཡོད་པ་དང་པཎ་ཆེན་དཔལ་ལྡན་བསྟན་པའི་ཉི་མས་བཙན་པོ་ནོ་མོ་་ཧན་ལ་བསྐུར་པའི་ཡི་གེ་ཞིག་དབྱིན་བསྒྱུར་དང་། དེ་ལ་དཔྱད་བརྗོད་ཅིག་དཔེ་ཚན་ཞིག་ཏུ་བཀོད་ནས་ཨ་རི་ནས་མགྱོགས་པོར་དཔར་རྩིས་ཡོད། ད་ལྟ་འབུམ་རམས་པའི་དཔྱད་རྩོམ་ལ་དག་བཅོས་དང་ཁ་སྣོན་གྱི་དཔེ་དེབ་དཔར་རྩིས་ཡོད་པ་བཅས་སོ།། ཞེས་ཕྲན་གྱི་མི་ཚེའི་ལོ་རྒྱུས་དང་ཞིབ་འཇུག་གི་ཁ་ཕྱོགས་མདོར་བསྡུས་འདི་གྲོགས་མཆོད་རྡོ་སྦིས་ཚེ་རིང་རྒྱལ་གྱིས་དེ་འདྲ་ཞིག་ངེས་པར་ཡོད་པ་ཞེས་བསྐུལ་བྱུང་བས། ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༧ པའི་ཚེས་ ༧ ལ། ཁམ་ཟམ་གཙུག་ལག་བསླབ་གྲྭ་ནས་གྲོགས་པོའི་ངོ་མ་ལྡོག་མ་ནུས་པར་གུས་པས་སྦྱར།