ཉིན་ཐོ་དང་། སློབ་ཚན། དྲན་སྣང་རབ་རུབ། ཁག་དང་པོ།

— སི་ཏུའི་འགྲེལ་ཆེན་ལས་འཕྲོས་པ་ཞིག་ཡིན།

དེ་རིང་ནས་བདག་གི་སློབ་ཁྲིད་ཀྱི་མཚམས་བཞག་ཡོད། སློབ་ཁྲིད་ཀྱི་སྐབས་སུ་གང་ཐུབ་ཀྱིས་སློབ་ཚན་གསར་ཁྲིད་དང་། བསྐྱར་ཁྲིད་བྱས་པ་ཡིན་ལ། སློབ་ཕྲུག་དག་གིས་སེམས་ངོས་སུ་བདག་གིས་གང་ཁྲིད་ཟིན་པ་དག་ཁྲ་ལམ་མེར་ཞིག་འཆར་ཐུབ་ཡོད་པའི་ཡིད་ཆེས་བྱེད་བཞིན་ཡོད།
བདག་གི་སློབ་ཕྲུག་དག་ནི་མི་རིགས་ཤིག་གི་སོན་རྩ་ངོ་མ་དེ་ཡིན་ལ། སྐད་ཡིག་དང་རིག་གནས་རྒྱུན་འཛིན་བྱེད་མཁན་གྱི་བདག་པོ་གཙོ་བོ་དེའང་ཡིན་པས། ཁོང་ཅག་གི་མི་ཚེ་དང་སློབ་སྦྱོང་གི་གྲུབ་དོན་ལ་ངེས་ངེས་བསམ་གཞིག་བྱ་དགོས་པ་ཤིག་ཏུ་ཁོ་བོས་མཐོང་ཡོད།

ཁོ་བོ་སློབ་ཁང་དུ་བསྐྱར་ཐེངས་རེ་རེར་སློབ་ཕྲུག་ཚོའི་གྲུང་ཤ་དོད་པའི་སྤྱན་ཟུང་དག་དང་། འཛུམ་ཤིག་ཤིག་གི་ངོ་གདོང་དེ་དག་ནི། ང་ཡི་སེམས་ཁོང་དུ་སྤྲོ་སྣང་འདྲེན་པའི་རྒྱུ་རྐྱེན་རེ་རེ་རེད་ལ། ཁོང་ཚོ་ནི་ནམ་ཡང་བདག་ལ་སློབ་སྦྱོང་གི་གོ་སྐབས་གནང་ཞིང་། ཤེས་རབ་ཀྱི་མེ་ལྕེ་སྦར་བའི་སྒྲོན་འོད་རེ་རེ་ཅི་ལ་མིན་ཨང་།

སློབ་ཕྲུག་མང་དག་ཅིག་ཕུགས་བསམ་འཚོལ་སྙེག་ལ་དགའ་ཞིང་། ལེ་ལོའི་མུན་པ་ལ་མི་དགའ་བས་ན། ཅིས་ཀྱང་དགེ་རྒན་གྱི་མིང་འོག་ན་འཚོ་བའི་ང་དང་ང་འདྲ་བ་མང་དག་ཅིག་གིས་སློབ་ཕྲུག་གི་རླབས་ཆེན་གྱི་དུས་ཚོད་དང་། གྲུང་ཤ་དོད་པའི་རྣམ་དཔྱོད་དག་ཆུ་ཟོན་པར་བྱས་ན། ཅི་འདྲའི་ངོ་ཚ་ཞིང་། གང་འདྲའི་སྐྱོ་གར་གྱི་གཏམ་རྒྱུད་རེ་རེ་བཞག་པ་མིན་མི་སྲིད་ཨང་།

བདག་གི་སློབ་ཁྲིད་ཀྱི་དུས་མཚམས་བཞག་ཅིང་། སློབ་ཕྲུག་ཚོས་རང་སྦྱོང་གི་དུས་འགོ་ཚུགས་པའི་དེ་རིང་ནམ་མཁའ་སྨུག་སྤྲིན་ལང་ལོང་གིས་བཟུང་ཞིང་། བྱ་བྱིའུ་ཁྱུ་ཚོགས་ཀྱིས་དབྱངས་སྙན་དཀྲོལ་ཚུལ་ལ་བལྟས་ན། ང་དང་ངའི་སློབ་ཕྲུག་དག་གིས་སྦྱངས་ཟིན་པའི་ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་ལེགས་གྲུབ་བྱུང་ཡོད་པའི་དགའ་འབོད་བྱེད་པ་དང་སྒོ་ཀུན་ནས་མཚུངས་སོ།།

ངའི་ཁྲིད་གཞི་དང་སློབ་ཕྲུག་དག་གི་བསླབ་དེབ་ནི་སུ་ཏིའི་འགྲེལ་ཆེན་རེད་ལ། སི་ཏུའི་འགྲེལ་ཆེན་ནི་སློབ་དཔོན་ཐོན་མིས་མཛད་པའི་བསྟན་བཅོས་སུམ་ཅུ་པ་ལ་འགྲེལ་རྩོམ་གྲངས་ལས་འདས་པ་ཞིག་ཡོད་པའི་ཁྲོད་ཀྱི་ཉི་ཟླ་ལྟར་གྲགས་པའི་གཉིས་ཀྱི་གཅིག་ཡིན་ལ། དེ་ནི་འགྲེལ་བ་ཁ་གསལ་ཞིང་། ཁ་ཅིག་དགག་པའི་རིགས་ལམ་རྣོ་ལ། རང་ལུགས་བཞག་པའི་གནས་ལུགས་ཡང་དག་པ་ཞིག་ཡིན་པར་མ་ཟད། ཕྲད་དང་རྣམ་དབྱེའི་གོ་དོན་དོན་ལ་གནས་ཤིང་། དབྱེ་གཞི་དབྱེ་བ་དག་གྲ་རྒྱས་ཕུན་སུམ་ཚོགས་པའི་བརྡ་ཡང་དག་པར་སྦྱོར་བའི་བསྟན་བཅོས་ཤིག་རེད་འདོད་ཡོད།
སི་ཏུ་པཎ་ཆེན་མཆོག་གིས་མཚན་དོན་སྐབས་སུ་རྩ་བ་ཞེས་སྨོས་ཤིང་། དེ་ནི་རྟགས་འཇུག་ལ་སོགས་པའི་བོད་ཀྱི་བརྡ་སྤྲོད་པ་གཞན་རྣམས་ཀྱི་རྩ་བ་ལྟ་བུའམ་གཞི་འཛིན་ས་ལྟ་བུ་ཡིན་པར་དགོངས་པ་ཡིན་མོད། སྐབས་འདིའི་རྩ་བ་ཞེས་པ་རྩ་འགྲེལ་གྱི་རྩ་བ་ལ་གོ་ན་མི་རུང་ཞིང་། གལ་ཏེ་དེ་ལྟར་ཡིན་ན་རྟགས་འཇུག་སོགས་གཞུང་གཞན་རྣམས་འགྲེལ་བར་ཁས་ལེན་དགོས་ན། རྟགས་འཇུག་ལ་སུམ་ཅུ་པའི་འགྲེལ་བ་ཡིན་པའི་ཁྱད་ཆོས་གང་ཡང་མི་གསལ་བས་རྟགས་འཇུག་སོགས་འདིའི་འགྲེལ་བ་མིན་ལ། སུམ་ཅུ་པ་ཡང་འདི་དག་གི་རྩ་འགྲེལ་དུ་བྱས་པའི་རྩ་བ་མ་རེད། དེ་ནི་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་དང་པོའམ་གཞི་བཅོལ་ས་ཡིན་པ་ནི་རྟགས་འཇུག་གི་གསལ་བྱེད་དབྱེ་སྟངས་ཙམ་གྱིས་ཀྱང་ངེས་ཤེས་འདྲོངས་ནུས།
དེ་བཞིན་འགྱུར་ཕྱག་མཛད་ཡོད་མོད། འགྱུར་ཕྱག་ལ་དངོས་དང་ཚུལ་གཉིས་ཡོད་པ་ལས་འདིར་ཕྱི་མ་ལ་གོ་བ་ལེན་དགོས་པ་འདྲ་སྟེ། སི་ཏུས་ནི་ཡི་གེ་མཛད་པའི་རྗེས་ལ་བརྡ་སྤྲོད་གཞུང་ལུགས་བརྩམས་པར་གསུངས་པར་བསམས་ན། གཞུང་འདི་ཐོག་མར་རང་སྐད་དུ་བརྩམས་པར་ཁས་འཆེ་བས་འགྱུར་ཕྱག་གི་ཚུལ་ཞེས་སྨོས་ན་དོན་དང་ལྡན་པར་སེམས།

འགྱུར་ཕྱག་མཛད་དགོས་པའི་རྒྱུ་མཚན་ནི། གཞུང་འདི་སྡེ་སྣོད་གསུམ་གང་གི་ཁོངས་སུ་གཏོགས་པ་ཤེས་པའི་ཆེད་དུ་མ་ཡིན་པར། གཙོ་བོ་བསྟན་བཅོས་སུམ་ཅུ་པ་དེ་ཉིད་ལ་ཐོས་བསམ་སློབ་གཉེར་བྱེད་པའི་རྗེས་འཇུག་གི་སློབ་མ་རྣམས་ལ་གདམས་པ་ཡིན་ཞིང་། དེའི་དགོས་པ་ནི་བསྟན་བཅོས་སུམ་ཅུ་པ་འདི་ཉིད་ཐོན་མིས་ཐོག་མར་མཛད་པའི་སྐབས་སུ་དཔྱད་གསུམ་གྱིས་རྣམ་པར་བརྟགས་ཤིང་གཏན་ལ་ཕབ་པ་ཞིག་ཡིན་པས་དོན་གཉེར་བྱ་འོས་པ་དང་། སློབ་སྦྱོང་བྱས་ན་མ་ནོར་བ་ཡིན་པ་བསྟན་དོན་དུ་གསུངས་པ་ཞིག་རེད་འདུག དེ་ཡང་ཚད་ལྡན་ཡིན་མིན་ལྟ་བའི་དཔེར་འོས་ཀྱི་བསྟན་བཅོས་ནི་རྒྱ་གར་མཁས་པའི་བསྟན་བཅོས་ཚད་ལྡན་རྣམས་དང་མཚུངས་པར་བསྟན་པ་འདི་ཉིད་དོ།།

གང་ལྟར་འགྱུར་ཕྱག་གི་ཚུལ་འདི་ནི་ཐོན་མི་མཆོག་གིས་མཚན་དོན་སྨོས་པའི་རྗེས་འབྲེལ་དུ་འགྱུར་ཕྱག་མཛད་པའམ་ཡང་ན་མདོ་རྒྱུད་ཉེར་གཅིག་བསྒྱུར་རྗེས་དེ་དང་མཐུན་པར་སྔར་བྱས་པའི་སུམ་ཅུ་པའི་དབུར་བཀོད་པར་འདོད་པ་གང་ཡིན་གསལ་ཁ་མ་ངེས་ཀྱང་། སི་ཏུས་འགྲེལ་ཆེན་དུ་གསུང་ཚུལ་ལྟར་ན་མདོ་རྒྱུད་བསྒྱུར་རྗེས་སུ་སུམ་ཅུ་པར་འགྱུར་ཕྱག་གི་ཚུལ་སྨོས་པར་འགྲེལ་ན་ཡག་པར་ཁོ་བོས་འདོད།

གང་ལྟར་བསྟན་བཅོས་སུམ་ཅུ་པ་འདི་ཉིད་བོད་ཀྱི་མཁས་པས་བྱས་པ་དང་། ལོ་ཙཱ་བས་བསྒྱུར་པ་སོགས་ཀྱི་ལེགས་བཤད་བརྩམས་ཆོས་གང་འདྲ་ཞིག་ཡིན་རུང་དེའི་གཞི་རྟེན་ལྟ་བུ་ཡིན་པར་ངེས་དགོས་ཤིང་། དེ་བཞིན་སི་འགྲེལ་འདི་ཉིད་ཀྱང་འགྲེལ་པ་ཕུན་སུམ་ཚོགས་པ་ཞིག་ཡིན་པ་ནི་ངེས་ངེས་ར་སྤྲོད་ཐུབ་དགོས་པ་རེད་འདོད། དགེ་རྒན་གྱི་ཁྲིད་མི་ཤེས་པ་དང་། སློབ་ཕྲུག་གིས་སྦྱང་མི་འདོད་པ་རྒྱུ་མཚན་དུ་བྱས་ཏེ། འདོར་བར་བྱ་བའི་གནས་སུ་བཟུང་ན་མི་འགྲིག་པར་འདོད།

དེ་བཞིན་སྔ་རབས་མཁས་པས་ཤུལ་བཞག་གི་ལེགས་བཤད་བསྟན་བཅོས་དག་ངེས་པར་རྗེས་རབས་བོད་མི་དག་ལ་བརྒྱུད་སྤྲོད་བྱ་ཐུབ་དགོས་ཤིང་། གཞོན་རབས་བོད་མི་ཚོར་གནའ་རབས་ཀྱི་དཔེ་ཆ་རྙིང་སོང་དག་ལ་གོམས་འདྲེས་དང་། སློབ་གཉེར་གྱི་མཛུབ་སྟོན་དགོས་པ་ན་རིག་གཞུང་རྒྱུན་འཛིན་བྱེད་པའི་འོས་འགན་ཉག་གཅིག་ཏུ་སེམས།

སློབ་ཚན།  ཉིན་ཐོ། དྲན་འཆར། ཁག་གཉིས་པ། 

ང་ནི་དགེ་རྒན་ཞིག་ཡིན་ལ། སློབ་ཕྲུག་ཅིག་ཀྱང་ཡིན། དགེ་རྒན་ཞིག་ཡིན་པའི་འགན་འཁྲི་ལྕི་ཞིང་། སློབ་ཕྲུག་ཅིག་ཡིན་པའི་བརྩོན་སེམས་ཀྱི་འདུན་པ་རབ་ཏུ་བརྟན། སློབ་ཕྲུག་དག་གིས་བླ་བཀུར་གྱི་དགེ་རྒན་ཞིག་ཡིན་པས། སློབ་གསོའི་མན་ངག་ལ་སྦྱང་བརྩོན་དགོས་ལ། འཆད་ཁྲིད་ཀྱི་གཞུང་ཡིག་ལ་ངེས་ཆ་གསལ་པོ་དགོས་སྙམ།

དེ་བཞིན་སྦྱང་དགོས་ངེས་ཀྱི་ཤེས་བྱ་མང་དུ་ཡོད་པའི་སློབ་ཕྲུག་ཅིག་ཡིན་པས་སྔར་སོང་གི་ཁྲིད་ཐབས་ལ་དོགས་དཔྱོད་བྱ་ཆོག་ལ། གང་ལ་ཡང་ལྟ་ཚུལ་གསར་པ་འདོན་སྤོབས་པའི་འདུ་ཤེས་ཡོད་དགོས། དེའི་ཕྱིར་ན། ངས་ནམ་དུ་ཡང་འདས་སོང་གི་འཆད་ཁྲིད་ལེགས་པའི་ཕྱོགས་བཀོལ་ཏེ། སློབ་ཁྲིད་ཀྱི་ཐབས་ལམ་འཚོལ་ཞིང་། སྣང་བར་མ་སོང་བའི་འཆད་ཐབས་ཀྱི་ཕྱོགས་ལ་རིགས་པ་རྣམ་དག་གིས་དགག་རྒྱག་བྱ་ངེས།

དེ་སྔོན་བདག་གིས་སི་ཏུའི་འགྲེལ་ཆེན་གྱི་མཚན་དོན་དང་འགྱུར་ཕྱག་སྐོར་ནས་འབོལ་རྩོམ་ཞིག་བྲིས་ཡོད་ལ། དེ་ནི་བདག་གི་ཉི་མ་རེའི་སློབ་ཚན་འཆད་ཐབས་དང་འབྲེལ་བ་ཡོད་ལ། དེའི་ཁྲོད་ན་རང་གི་ལྟ་ཚུལ་གསར་པ་རེ་འགའ་ཡང་སླེབས་གང་ཐུབ་བྱས་ཡོད། རྒྱུ་མཚན་དེའི་ཕྱིར། རྩོམ་ཡིག་དེ་བཀླགས་ཟིན་པའི་མི་འགའ་ཞིག་གིས་ལེགས་སོའི་བསྔགས་བརྗོད་ཀྱང་ཐོབ་ཡོད།

སི་ཏུའི་འགྲེལ་ཆེན་དུ་མཆོད་བརྗོད་སོགས་བསྟན་བཅོས་དངོས་ལ་བགྲངས་པར་ཐོན་མིའི་ཞལ་ལུང་གི་མཁན་པོ་དང་། དེའི་ཞལ་རྒྱུན་འཛིན་པ་དག་གིས་ཁ་གཅིག་གྲགས་ཀྱིས་སི་ཏུས་སུམ་ཅུ་པའི་མཚན་དོན་འཆད་སྐབས་གཞུང་ཚད་ཤོ་ལོ་ཀ་སུམ་ཅུར་གནས་པས་ཞེས་པ་གཉིས་ནང་འགལ་ཞིག་ཏུ་ངོས་འཛིན་བཞིན་ཡོད་མོད། དོན་དམ་པར་སི་ཏུ་པཎ་ཆེན་གྱིས་བརྡ་སྤྲོད་པ་སུམ་ཅུ་པའི་ས་བཅད་འགྲེམས་སྐབས་བསྟན་བཅོས་དངོས་དང་། གཞུང་དངོས་གཉིས་སོ་སོར་ཕྱེས་ཡོད་པ་མ་ངེས་པས་ཡིན་ལ། སི་ཏུ་མཆོག་གིས་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་གཉིས་བསྟན་བཅོས་དངོས་ཀྱི་ས་བཅད་ལ་བགྲངས་ཤིང་། སུམ་ཅུ་པའི་བརྗོད་བྱ་སྟོན་པའི་གཞུང་གི་ཡན་ལག་ཏུ་འཆད་པའི་རིགས་ལམ་འདི་ལ་ཐུགས་བསམ་བཞེས་ཡོད་ཚེ། ནང་འགལ་གྱི་རྣམ་རྟོག་དེ་ཉིད་རང་ཡལ་དུ་འགྲོ་ངེས་སྙམ།

སི་ཏུ་པཎ་ཆེན་མཆོག་གི་དགོངས་ཚུལ་གཞིར་བྱས་ན། ལུང་སྟོན་པ་སུམ་ཅུ་པའི་བསྟན་བཅོས་དངོས་ཀྱི་ཚད་ནི། གང་ལ་ཡོན་ཏན་མཆོག་མངའ་བ།། ཞེས་པའི་མཆོད་བརྗོད་དང་པོ་ནས། །གཅིག་ཤོས་དེ་ལས་ལྡོག་པའོ།། ཞེས་པའི་གཞུང་མཇུག་གི་བར་ངོས་འཛིན་དགོས་ལ། གཞུང་དངོས་ཀྱི་ཚད་ནི་སུམ་ཅུ་པའི་བརྗོད་བྱ་སྟོན་པའི་གཞུང་སྟེ། ཡི་གེ་ཨ་ལཱི་ཀ་ལཱི་གཉིས།། ཞེས་པ་ནས་གཅིག་ཤོས་དེ་ལས་ལྡོག་པའོ།། ཞེས་པའི་བར་ཚད་འཛིན་དགོས་པར་མཐོང་།

བསྟན་བཅོས་དངོས་དང་། གཞུང་དངོས་གཉིས་མི་འདྲ་བས་དེ་གཉིས་རྩོམ་པ་ལ་འཇུག་པའི་ཡན་ལག་ཀྱང་སོ་སོ་བ་ཡིན་ཏེ། མཚན་དོན་དང་འགྱུར་ཕྱག་གི་དོད་གཉིས་ནི། བསྟན་བཅོས་དངོས་ཀྱི་ཡན་ལག་ཡིན་ཞིང་། མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་གཉིས་ནི་གཞུང་སྤྱིའི་ཡན་ལག་ཡིན་པས་བརྡ་སྤྲོད་སུམ་ཅུ་པའི་ཡན་ལག་ཡིན་པར་རིགས་པས་གྲུབ་བོ།།

རྒྱུ་མཚན་དེ་ལ་བརྟེན་ནས་མཁས་མཆོག་སི་ཏུ་མཆོག་གིས་བརྡ་སྤྲོད་པའི་ཕྱི་མོ་སུམ་ཅུ་པ་ལ་སུམ་ཅུ་པ་ཞེས་མིང་བཏགས་པའི་རྒྱུ་མཚན་ནི། བསྟན་བཅོས་དངོས་ཀྱི་ཚད་ལ་བརྟེན་ནས་བཏགས་པ་མ་ཡིན་པར་སུམ་ཅུ་པའི་བརྗོད་བྱ་སྟོན་པའི་གཞུང་ཚད་ལ་བརྟེན་ནས་བཏགས་པ་ཡིན་པས་ནང་འགལ་ཞེས་པ་ནི། རིགས་པས་དཔྱད་བཟོད་དུ་མ་གྲུབ་པའི་གཏམ་ཙམ་མོ།།

གཞན་ཞིག་ནི་སུམ་ཅུ་པའི་གཞུང་གི་ཡན་ལག་ཏུ་བགྲངས་པ་རྣམས་གཞུང་སྤྱིའི་ཡན་ལག་ཏུ་འགྲོ་ཆོག་ཀྱང་། བསྟན་བཅོས་དངོས་ཀྱི་ཡན་ལག་ཏུ་འགྲོ་བ་ནི་གཞུང་སྤྱིའི་ཡན་ལག་ཏུ་མ་གྲུབ་པར་སུམ་ཅུ་པ་ཉིད་ཀྱི་སྒེར་ཆོས་སུ་གྲུབ་པར་འདོད།

སི་ཏུའི་འགྲེལ་ཆེན་ལ་ཇི་ལྟར་ངེས་ཆ་ཟབ་ན་དེའི་ཚོད་ཀྱིས་བསྟན་བཅོས་ལ་འཇུག་པའི་སྤྲོ་སྣང་འཕེལ་ཞིང་། ཇི་ལྟར་རིགས་པས་འཚོལ་དཔྱོད་ཀྱི་འདུ་ཤེས་མེད་ན། བསྟན་བཅོས་འདིར་ཐོས་བསམ་བྱེད་པའི་དགའ་མོས་འབྱུང་མི་སྲིད། རྒྱུ་མཚན་ནི། འགྲེལ་ཆེན་འདིར་རིགས་པ་རྣམ་དག་གིས་གཞན་ལུགས་བཀག་ཅིང་། གྲ་རྒྱས་ཕུན་ཚོགས་ཀྱི་ལམ་ནས་རང་ལུགས་བཞག་ཡོད་པར་མ་ཟད། འགྲེལ་རྩོམ་ཡང་དག་བྱས་ཡོད་པས་ཡིན།

ཇེའུ་མི་རིགས་ཀྱི་སློབ་གསོའི་མན་ངག་ཏུ། མི་རིགས་གང་དེའི་རིག་གནས་ནི་མི་རིགས་དེའི་སྲོག་རྩར་གསུངས་ཡོད་ལ། སྲོག་རྩ་དེ་འཛིན་པར་བྱེད་པའི་སྲོག་འཛིན་ནི་དགེ་རྒན་རྣམས་ཡིན་པ་ཞལ་གྱིས་བཞེད་ཡོད། ཡིན་ཡང་དགེ་རྒན་ཡག་པོ་ཟེར་བ་ནི། ཁྲིད་གཞུང་ཙམ་ལ་ཆགས་ཐོགས་མེད་པ་ཙམ་ལ་མི་འདོད་པར་སློབ་གསོ་ཡང་དག་ཅིག་ཐོབ་ཡོད་མེད་ལ་བལྟ་བར་གསུངས་འདུག་ན། ངེས་ངེས་དགེ་རྒན་ལེགས་པོ་ཞིག་བྱེད་ན་འདོད་ཚེ། ཁྲིད་གཞུང་ཙམ་ལ་མགོ་འཁོར་ནས་འདུག་རྒྱུ་མ་ཡིན་པར་ཀུན་སྤྱོད་ལེགས་ལམ་ཏུ་འཁྲིད་པའི་སློབ་གསོའི་མན་ངག་ལ་སྦྱངས་པ་ཕུ་ཐག་ཆོད་པ་ཞིག་དགོས་ངེས་རེད་དྲན།

གཞུང་ལུགས་རྐྱང་པ་སྦྱངས་ཤིང་སློབ་གསོའི་མན་ངག་ལ་བརྩོན་པ་མ་བསྐྱེད་པའི་མི་མང་དག་ཅིག་གི་བསམ་བློ་གྱོང་བོ་ཡིན་ལ། སློབ་གསོ་རྐྱང་པ་ལས་གཞུང་ལུགས་ལ་ཐོས་བསམ་མ་བྱས་པའི་དགེ་རྒན་མང་པོ་ཞིག་ནི་ཞ་ར་ཡིན་པར་ཐེ་མི་ཚོམ།

དེའི་ཕྱིར་ན། དགེ་རྒན་ཡང་དག་ཅིག་བྱེད་ན་འདོད་ཚེ། ངེས་པར་རང་ཉིད་སློབ་ཕྲུག་ཅིག་ཡིན་པའི་འདུ་ཤེས་རྣལ་མ་ཡོད་པའི་ཐོག་སློབ་གསོའི་མན་ངག་དང་། འཆད་གཞུང་ཡ་བྲལ་ཏུ་མ་སོང་བ་ཞིག་ངེས་ངེས་དགོས་པར་མཐོང་།