བོད་པའི་ལུགས་སྲོལ་ངན་པ་སོགས་ཀྱིས་རྐྱེན་བྱས་ཏེ། ད་ལྟའི་དུས་འདིར་བོད་ལ་ཨེ་ཛི་ནད་ཡམས་ཀྱི་ཉེན་ཁ་ཉིན་རེ་ནས་ཉིན་རེར་ཇེ་ཆེ་ཇེ་ཆེར་འགྲོ་བཞིན་ཡོད་པས། ཁྱེད་དང་ཁྱེད་ཀྱི་ནང་མི་དང་སྐད་འཕྲིན་སྟེང་གི་གྲོགས་པོ་ཚང་མས་ངེས་པར་འདི་ལ་ཉན་ནས་ཡོངས་སུ་ཤེས་པར་བྱས་ན། ད་གཟོད་ནད་ངན་དེ་འགོས་སོང་ཚེ་ད་ལྟའི་དུས་འདིར་མི་སུ་དང་གང་ལའང་བཅོས་ཐབས་མེད་པ་དང་། ཡང་དེ་སྔོན་འགོག་གི་ཐབས་ལམ་ནི་ཡོད་པ་དང་ཐབས་ལམ་དེ་གང་ཡིན་སོགས་ལེགས་པར་ཤེས་ཐུབ། དེ་བས། ཁྱེད་ཀྱིས་ཐོག་མར་ཚུལ་དེ་རང་གི་ཁྱིམ་མི་ཉེ་དུ་ལ་ངེས་པར་ཤེས་སུ་འཇུག་དགོས་ཤིང་། དེ་ནས་རང་གི་གྲོགས་པོ་གྲོགས་མོ་ལ་ངེས་པར་ཤེས་སུ་འཇུག་དགོས་ལ། དེ་ནས་རང་གང་ན་སྡོད་སའི་མི་གཞན་དག་ལའང་ངེས་པར་ཤེས་སུ་འཇུག་དགོས། ང་ཚོ་མི་རེ་རེས་གང་མགྱོགས་མགྱོགས་སུ་ཡང་དང་བསྐྱར་དུ་དེ་ལྟར་བྱེད་ཐུབ་པ་བྱུང་ན། མི་རིང་བར་བོད་མི་སྤྱི་བོ་གནམ་བསྟན་ཀུན་པོས་འཇིགས་ཉེན་དེ་གོ་ཤེས་ཡོང་ཐུབ་ངེས་ཡིན། ཡང་དེ་ལས་ལྡོག་སྟེ། ངེད་ཅག་མི་རེ་ངོ་རེས་ཆེས་ཡ་ང་ཞིང་ཆེས་འཇིགས་སུ་རུང་བའི་ཉེན་ཁ་འདི་སྣང་མེད་དུ་བསྐྱུར་པ་ཡིན་ན། མིའུ་གདོང་དྲུག་ནས་མཆེད་པའི་བོད་འདི་དུས་ཡུན་ལོ་ངོ་ཉི་ཤུ་སུམ་ཅུའི་ནང་མིང་གི་ལྷག་མར་འགྱུར་ཉེན་ཤིན་ཏུ་ནས་ཆེ་ཞེས། ལོ་ངོ་ཉི་ཤུ་ལྷག་ལ་ཨ་ཧྥེ་རི་ཁ་སོགས་སུ་ཨེ་ཛི་ནད་དང་འབྲེལ་བའི་ཕྱག་ལས་གནང་མཁན་ནུབ་གླིང་གི་ཆེད་མཁས་ཤིག་གིས་བོད་ཀྱི་གནས་ཚུལ་ལ་བརྟགས་མཐར་བཀོད་པའི་བསྡོམས་ཚིག་དེའི་ཁ་ཐོག་ཏུ་འགྲོ་ཉེན་ཅི་བས་ཆེ་བ་རེད། གནས་ཚུལ་ངོ་མ་ནི་དེ་ལྟར་ཧ་ཅང་ཧ་ཅང་ཧ་ཅང་ཛ་དྲག་ཡིན་པས་ན། ཁྱེད་དང་ཁྱེད་ཀྱི་ནང་མི་སྤུན་ཟླ་སོགས་ལས་གྲུབ་པའི་བོད་འདི་བསྐལ་པའི་བར་དུ་གནས་ཐུབ་པ་ལ། ང་དང་ཁྱེད་དང་ཁོ་དང་ཁོ་མོ་ཚང་མར་ཉེན་ཁ་འདི་རང་རིགས་ཡོངས་ལ་ཤེས་སུ་འཇུག་པའི་འགན་འཁྲི་གཡོལ་མེད་དུ་ཕྲག་ལ་བབས་ཡོད་པ་མ་བརྗེད་རོགས། ཐུགས་ཀྱི་དཀྱིལ་ལ་འཇོག་རོགས། བཞག་ནས་ཀྱང་ཤུགས་ཡོད་རྒུས་ལས་འདི་ལ་འཇུག་རོགས་གནང་།
ཞེས་བྱང་སྐར་དུ་འབོད་པས་བསམ་པ་རྣམ་པར་དག་པས་ཞུས་པ་ལགས། {དྲྭ་ཚུགས་http://www.fangai007.org་ལ་གཟིགས་རོགས}