རྩྭ་རྐང་གཅིག་གིས་རྡོ་ཕ་བོང་ཞིག་གྱེན་དུ་འདེགས་ནུས་པ་ཇི་ལྟ་བུར་བུད་མེད་གཅིག་གིས་ཀྱང་རྒྱལ་ཁབ་ཅིག་གཡོ་བར་བྱེད་ནུས།

— ཡ་གླིང་གི་ཆེས་ཡིད་དུ་འོང་བའི་བུད་མེད་ཨང་སན་སུའུ་ཅི་ལ་ཕུལ།

ཉི་ཧོང་དང་ཁོ་རི་ཡ་ལྷོ་མའི་གློག་བརྙན་ཁྲོད་ཀྱི་ཁ་སྒོ་སྐྱེས་འབྲས་མཚར་བའི་སྐར་ཆེན་དེ་དག་ཡིན་ནམ་མགོ་ལ་པྲོག་ཞུས་བརྒྱན་པའི་ཞང་ཀང་དང་ཐེ་ཝན་གྱི་འཁྲབ་སྟོན་པ་དེ་ཚོ་ཡིན། ཡང་ན་རྒྱ་ནག་སྐམ་ས་ཆེན་པོ་རང་ནས་ཐོན་པའི་ལང་ཚོའི་གཟི་དཔལ་འབར་བའི་སྒེག་ལྡན་མ་དེ་དག་ཡིན།  ཡང་ན་ནི་ཉི་ཧོང་གི་ཐིན་ཡོན་ཅུས་ཞང(藤原纪香)་དང་། ཁོ་རི་ཡ་ལྷོ་མའི་ཆོན་ཀྲི་ཞན(全智贤)། ཞང་ཀང་གི་ཀྲང་མན་ཡུས(张曼玉)། སྐམ་ས་ཆེན་པོའི་ཞུས་ཅིན་ལེ་(徐静蕾)ལྟ་བུའི་མཛེས་མ་དག་ལས་གང་རུང་ཞིག་ཡིན་ཞེ་ན།

འདི་དག་ཐམས་ཅད་གཞར་ཡང་མ་ཡིན་ཏེ། རྒྱུ་མཚན་ནི་ཁོ་བོས་ཤོད་ཀྱིན་པའི“ཡིད་དུ་འོང”ཚུལ་ནི་ངོ་གདོང་གི་མཛེས་པ་ཁོ་ནས་མི་ཡོང་བར་ནང་སེམས་ཀྱི་མཛེས་སྡུག་ལ་དང་དོད་ཆེས་ཆེར་བྱེད་པ་ཡིན། ཁོ་བོས་དྲྭ་ལམ་ནས་འབར་མ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དེད་དཔོན་ཆེན་མོ་ཨང་སན་སུའུ་ཅི་བྱ་བས་སྲིད་གཞུང་གིས་དྲག་ཤུགས་སྤྱོད་པར་ཟས་བཅད་ངོ་རྒོལ་བྱེད་པའི་གནས་ཚུལ་དེ་མཐོང་དུས། ཁོ་བོས་གཞི་ནས་ཡང་དག་པའི་དྲིས་ལན་རྙེད་བྱུང་། ཨང་སན་སུའུ་ཅི་ལགས་ནི་ད་གཟོད་ཡ་གླིང་གི་ཆེས་ཡིད་དུ་འོང་བའི་བུད་མེད་དེ་ཡིན་འདུག ཨང་སན་སུའུ་ཅི། ཡ་གླིང་གི་རླབས་ཆེ་བའི་རྒྱུ་འབྲས་བློ་མིག་སྟེ། ཁོ་མོ་ནི་1991ལོའི་ནོར་པེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་དེ་ལགས་ཤིང་། ལོ་དེའི་ནོར་པེལ་ཞི་བདེ་གཟེངས་རྟགས་སྤྲོད་པའི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་བ་ཇི་བཞིན“ཁོ་མོ་ནི་ཉེ་བའི་ལོ་བཅུའི་རིང་སྤྱི་བའི་དོན་དུ་སྲོག་བསྡོས་ཀྱིས་རྒོལ་ལན་སྤྲད་པའི་ཡ་གླིང་གི་མིག་དཔེར་འོས་པ་ཉག་གཅིག་དང་། དམངས་ལ་གཉའ་གནོན་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པའི་ལོ་རྒྱུས་ཀྱི་དན་རྟགས་གལ་ཆེན་དེའོ།།”

ཐེངས་འདིར་ཁོ་མོས་ཞལ་ཟས་བཅད་པ་ནི། སྒེར་གཅོད་སྲིད་དབང་གི་གཉའ་གནོན་འོག་ཏུ་སྡུག་བསྔལ་གྱིས་གཟིར་བའི་འབར་མ་མི་དམངས་དང་། རྔམ་མཐུག་པའི་མུན་ནག་གི་ཁྲོད་ནས་སྐྱོ་གདུང་གི་འོ་དོད་འབོད་པའི་ཡ་གླིང་མི་དམངས། དེ་མིན་ད་དུང་རང་དབང་དང་དམངས་གཙོའི་འོད་སྣང་ལ་རེ་བའི་སྐྱེས་འགྲོ་ཡོད་དོ་ཅོག་གི་དོན་དུ་ཡིན་ནོ།།

འགྲོ་བ་མིའི་ཐོབ་ཐང་གི་དེད་དཔོན་ཆེན་མོ་ཨང་སན་སུའུ་ཅི།

འགྲོ་བ་མིའི་ཐོབ་ཐང་གི་དེད་དཔོན་ཆེན་མོ་ཨང་སན་སུའུ་ཅི།

ཁོ་མོ་ནི་མ་གཞིར་ནུབ་ཕྱོགས་རྒྱལ་ཁབ་ཅིག་ཏུ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཆོག་ཆོག་གི་མཁས་དབང་ཞིག་ཡིན་ནའང་། ཁོ་མོས་བྲན་དུ་ཚུད་པའི་མི་རིགས་ཤིག་སྐྱོབ་པའི་དོན་དུ་རང་ཉིད་ཀྱི་རང་དབང་རྦད་དེ་བློས་བཏང་བ་རེད། གཞན་གྱིས་བརྙས་དམོད་དང་སྡུག་བཙིར་ལས་ཐར་ཆེད། དཀའ་སྡུག་ཡོད་ཚད་རང་ཉིད་ཀྱི་ཐོད་ལ་བླངས་པའི་མི་བུ་དེ་ནི་གཞན་མ་ཡིན་པར་ཉམ་ཆུང་གི་ལུས་ལ་ཤེས་རབ་ཀྱི་བློ་རྩེ་མངའ་ཞིང་། ཡིད་དབང་གི་བརྟན་པ་ཅིག་ཅར་དུ་འཕྲོག་པར་བྱེད་པའི་ཤར་ཕྱོགས་ཀྱི་བུད་མེད་ཅིག་གོ།

ཨ་ཧྥུ་གྷ་ནི་སི་ཐན་གྱི་ཐ་ལེ་པན་སྲིད་དབང་དང་། དབྱི་རག་གི་ས་ཏཱ་མུའུ་སྲིད་དབང་དང་འདྲ་བར། འབར་མའི་དམག་གཞུང་ཡང་དེང་གི་འཛམ་གླིང་གི་ཆེས་གདུག་རྩུབ་ཆེ་ལ། ངན་རེངས་ཐ་ཆད་ཀྱི་སྒེར་གཅོད་སྲིད་དབང་ཞིག་སྟེ། འབར་མའི་དམག་ཕྱོགས་ཀྱིས1962་ལོར་སྲིད་དབང་འཕྲོག་ནས་འཕྲལ་དུ་ཚགས་དམ་པའི་སྒེར་གཅོད་ཀྱི་དབང་སྒྱུར་བཙུགས་ཤིང་། དམག་འཛིན་དཔོན་རབས་ཀུན་གྱིས་དྲག་ཤུགས་འབའ་ཞིག་ལ་བརྟེན་ནས་ཁོ་ཚོའི་སྲིད་དབང་གི་རྒྱུན་བསྐྱངས་ཏེ། ཅི་མི་སྙམ་པར་འབར་མ་མི་དམངས་ཀྱི་གཞི་རྩའི་ཐོབ་ཐང་དང་རང་དབང་མེད་པར་བཟོས། སྔོན་ཆད་ཀྱི་ནང་བའི་ཆོས་ལུགས་ཀྱི་དག་ཞིང་དེ“བྱོལ་སོང་གི་གཞིས་ཀར”བསྒྱུར་བ་རེད། འབར་མ་ནི་དབུལ་ཕོངས་ཀྱི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་ནའང་། དམག་འཛིན་རྣམས་ཀྱིས་དྲག་ཆས་སྤྲས་པའི་ཧྲག་དམག་རྩ་འཛུགས་བྱས་ཤིང་། སོ་སོས་རང་ཉིད“དམག་དཔོན”དུ་བསྐོས་ནས་སི་རི་ཡ་རྒྱལ་ཁབ་ཀྱི་ཁ་ཏྲ་ཧྥེ་ལས་ཀྱང་དྲེགས་ཤིང་སྙེམས་པའི་བཟོ་སྟོན་པ་རེད།

1988ལོར། འབར་མ་མི་དམངས་ཀྱིས་དམག་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱེད་དུས། དམག་དཔུང་དང་ཉེན་རྟོག་པ་དག་གིས་ཡ་ང་བའི་དྲག་གནོན་བྱས་ཏེ་ཉེས་མེད་ཀྱི་མི་བུ་ཉིས་བརྒྱ་ལྷག་ལྔ་ལམ་དུ་བརྫངས། འབར་མ་ནི་རྒྱལ་ཁབ་ཆུང་ཆུང་སྟོབས་ཤུགས་ཞན་ལ། དཔལ་འབྱོར་རྗེས་ལུས་ཡིན་པ། ཐོན་ཁུངས་ཉུང་བར་མ་ཟད། ས་ཁམས་གནས་ཡུལ་ཐད་དུའང་ཡ་གླིང་གི་བས་མཐར་གནས་བཅས་ཡོད་པས། གནས་དེར་བྱུང་བའི་དོན་དག་ཡོད་ཚད་གཞན་གྱིས་དོ་སྣང་བྱེད་ཡུལ་དུ་མི་འགྱུར་རོ།།

ནུབ་ཕྱོགས་རྒྱལ་ཁབ་ཀྱི་གསར་ལམ་ཁག་དང་སྲིད་གཞུང་གིས་ཀྱང་མགོ་བདེ་དྲན་འཕྲུལ་གྱི་རང་གཟུགས་ཤིག་བསྟན་སོང་སྟེ། ཁོ་ཚོས་ཡ་གླིང་གི་དབུལ་ཕོངས་ཀྱི་རྒྱལ་ཁབ་འདིའི་དོན་དུ། གློ་བུར་མིག་ཟུང་ལིང་ཏོག་གིས་བསྒྲིབས་པའམ། ལོང་བའི་བརྟུལ་ཞུགས་བླངས་ནས་ཅི་མི་སྙམ་པར་བསྐྱུར་སོང་།

སྐབས་དེ་ལ། ཨང་སན་སུའུ་ཅི་ལགས་ཡར་ལངས་བྱུང་།

ཨང་སན་སུའུ་ཅིའི་ཡབ་ནི་དགེ་རྒན་ཨང་སན་བྱ་བ་དེ་ཡིན། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཉི་ཧོང་བཙན་འཛུལ་དམག་གིས་འབར་མར་ཡ་ང་བའི་དབང་སྒྱུར་བྱེད་དུས། ཁོང་གིས་དེ་ལ་རྒོལ་ལན་སྤྲད་ཅིང་། འཁྲུག་ཆེན་རྗེས་སུ་མུ་མཐུད་ནས་འབར་མ་སྒེར་ཚུགས་ཀྱི་དོན་དུ་སྲོག་བསྡོས་ཀྱིས་འཐབ་རྩོད་བྱས། མི་དམངས་ཀྱི་ཁྲོད་དུ་བླ་མེད་ཀྱི་མཛད་སྤྱོད་བསྟན་པས་ཀུན་གྱིས་ཁོང་ལ“འབར་མ་རྒྱལ་ཁབ་ཀྱི་ཡབ་ཆེན”དུ་བསྔགས།

1947ལོར་འབར་མ་སྒེར་ཚུགས་བྱས་པའི་སྔ་ལོར། ཡབ་ཨང་སན་ལགས་ཆབ་སྲིད་ཀྱི་དགྲ་བོ་ཞིག་གིས་ལྐོག་གསོད་ཐེབས། སྐབས་དེར་ཨང་སན་སུའུ་ཅི་ཏག་ཏག་ལོ་གཉིས་ལ་སོན་པ་ཙམ་ཡིན།

ཡབ་འདས་རྗེས། ཨང་སན་སུའུ་ཅི་རང་གི་མ་ཡུམ་དང་ལྷན་དུ་རྒྱ་གར་ལ་ཡུལ་གྱར་དུ་ཕྱིན་པ་དང་། ཕྱིས་སུ་དབྱིན་ཇིའི་ནིའུ་ཅིན་གཙུག་ལག་སློབ་ཆེན་དུ་མཚན་ཉིད་རིག་པ་དང་། ཆབ་སྲིད་རིག་པ། དཔལ་འབྱོར་རིག་པའི་སྐོར་ལ་སྦྱངས་པ་མཛད་པའི་སྐལ་བ་ཐོབ། སློབ་མཐར་ཕྱིན་རྗེས་སློབ་གྲྭ་དེ་གས་དགེ་རྒན་དུ་སོར་འཇོག་བྱས། དུས་ཚོད་དེའི་ནང་མོས་སློབ་གྲྭ་དེ་གའི་དགེ་རྒན་ཆེན་མོ་ཨ་ལེ་ཁུག་ལགས་ངོ་ཤེས་པ་དང་། རིང་བོ་མ་ལོན་པར་ཁོང་གཉིས་ཀྱི་བར་ལ་བརྩེ་འདང་ཟབ་མོ་ཆགས་ཏེ་གཉེན་སྒྲིག་བྱས།
ཡིན་ནའང་། ལས་ཀྱིས་བསྐོས་ཐང་གིས་ཨང་སན་སུའུ་ཅི་ལགས་ཁྱིམ་ཚང་ཕལ་བའི་བུད་མེད་ཞིག་གམ། དཔེ་དེབ་ཁོ་ནར་འཐམས་པའི་མཁས་པ་ཞིག་བྱེད་དབང་མ་བྱིན། མོ་ལ་ལས་དབང་གི་བཀོད་སྒྲིག་གཞན་ཞིག་གནང་སོང་།

1988ལོར། ཨང་སན་སུའུ་ཅི་ལགས་ཕྱིར་རྒྱལ་ནང་དུ་ལོག མ་གཞིར་ཁོ་མོ་གནས་སྐབས་ཙམ་ལས་སྡོད་འཆར་མེད་མོད། བློ་ཡིད་ལས་འགོངས་པ་ནི་སྐབས་དེ་དག་ཏུ་འབར་མ་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་སྒོས་གདུག་རྩུབ་ཀྱིས་ཁེངས་ཤིང་རུལ་སུངས་སུ་གྱུར་བའི་དབང་སྒྱུར་ལ་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད། བོའུ་སྐད་དེ་ནི་ཏག་ཏག་རྒྱལ་ས་ནས་གྲགས་བྱུང་།

རྒྱལ་ཁབ་ཀྱི་དམག་དཔུང་གང་དེས་རང་གི་མི་དམངས་ལ་མེ་མདའ་གཏད་པ་ནི། སྔར་དབྱིན་ཇིའི་མི་སེར་སྤེལ་མཁན་དང་ཉི་ཧོང་དམག་གིས་ཡ་ང་བའི་དམར་གསོད་བཏང་བ་ལས་ཀྱང་ཐུའོ།།“ཁོ་བོས་མེས་རྒྱལ་ནང་ཁུལ་དུ་བལྟས་བལྟས་རིག་རིག་ལ་བྱུང་བའི་དོན་དག་ཡོད་ཚད་མཐོང་ཡང་མ་མཐོང་ཁུལ་བྱེད་ག་ལ་རིགས།”ཟླ8པའི་ཚེས26ཉིན། མི་སེར་ཁྲི་སྟོང་ལྷག་གསེར་གྱི་མཆོད་རྟེན་ནུབ་སྒོའི་ཐང་ཆེན་ནས་ཤོག་སྒྲིལ་བགྱིས་པའི་ཚེ་ན། ཨང་སན་སུའུ་ཅིས་མི་ཚོགས་ཀྱི་འདུ་འགོད་རབ་ཏུ་འཁྲིགས་པའི་དབུས་སུ་ཐེངས་དང་པོར་གཏམ་བཤད་གནང་། ཁོ་མོའི་ལུས་ལ་དཀར་ཞིང་དྲི་མ་མེད་པའི་སྨད་ཤམ་ཞིག་མནབས་འདུག་པས། ལྷ་ཡུལ་གྱི་ཕོ་ཉ་ཞིག་མི་ཡུལ་དུ་སླེབས་པ་དང་ཀུན་ནས་མཚུངས་སོ།། ཁོང་གིས་དཔའ་སྤོབས་འཛོམས་པའི་ཉམས་འགྱུར་དང་། གསོན་ཤུགས་རྫོགས་པའི་སྐད་གདེངས། སྙན་འཇེབས་ཡིད་འོང་གི་སྐད་ཆའི་མཚོན་སྟོབས་ཀྱིས་དེ་གའི་མི་དམངས་ལ་བག་ཆགས་ཟབ་མོ་ཞིག་བཞག་སོང་།

དེའི་ཚེ་འབར་མ་མི་དམངས་ཀྱིས་ཁོ་ཚོའི་ཡུན་རིང་ལ་རེ་སྒུག་བྱས་པའི་སྣེ་ཁྲིད་པ་དེ་གཞི་ནས་བྱུང་སོང་བ་རྟོགས་ལ། དུས་དེ་ནས་བཟུང་།ཨང་སན་སུའུ་ཅི་ལགས་ཀྱང་ལྟད་མོ་བ་ཞིག་ནས་འཐབ་མོ་བ་ཞིག་ཏུ་དངོས་སུ་གྱུར་པ་རེད། དོན་དངོས་སུ་ཁོ་མོ་དགའ་བ་ནི་ཆབ་སྲིད་མ་ཡིན་པར། སྨྱུ་གུ་འཆང་བའི་རྩོམ་པ་པོ་ཞིག་བྱེད་རྒྱུ་དེ་ཡིན་ནའང་། “ཁོ་མོ་དེའི་གྲས་སུ་ཞུགས་ཟིན་པས། ད་ནི་ཕྱི་བཤོལ་བྱེད་ཐབས་ག་ལ་ཡོད”ཅེས་གསུངས་པ་ལྟར་རོ།། ཉེ་རབས་ནས་ད་ལ་ཐུག་གི་བར་དུ་འབར་མའི་ལོ་རྒྱུས་ནི་སྐྱོ་གར་ཁོ་ནས་གྲུབ་པ་རེད་ལ། སྔར་གྱི་མི་སེར་སྤེལ་མཁན་དག་ལས་ཀྱང་འཇིགས་སུ་རུང་བ་ནི“རྒྱལ་ཁབ་ནང་ཁུལ་གྱི་མི་སེར་སྤེལ་བའི་རིང་ལུགས”ཡིན་ཏེ། དྲག་ཤུགས་དང་བཙན་ཤེད་ཀྱིས་འབར་མ་མི་དམངས་རྣམས་འཛིན་པ་དང་། རྡེག་པ་དང་། གསོད་པར་བྱེད་དོ།།

འདི་ནི་མངོན་སུམ་རྗེན་པར་བསྟན་པའི“རྒྱལ་ནང་འཇིགས་སྐུལ་རིང་ལུགས”ཤིག་མ་ཡིན་ནམ། ཨང་སན་སུའུ་ཅིས་འབར་མའི་སྐྱོ་གར་གྱི་འབྱུང་ཁུངས་གསལ་བོར་མཐོང་སོང་སྟེ། དབང་མཐའ་སྒེར་གཅོད་རིང་ལུགས་ནི་དད་གུས་དང་། འཇིགས་སྐྲག་དང་། དྲག་ཤུགས་རྨང་གཞི་བྱས་པའི་མ་ལག་ཅིག་ཡིན་ལ། སུ་ཞིག་དུས་ཡུན་རིང་བོར་མ་ལག་འདིའི་ནང་འཚོ་བ་ཡིན་ན་ཤེས་མེད་ཚོར་མེད་དུ་མི་དེ་མ་ལག་དེའི་ཆ་ཤས་ཤིག་ཏུ་ཆགས་ཚར་བ་ཡིན། འདི་འདྲའི་འཇིགས་སྐུལ་བའི་ཚུལ་ནི་ཤིན་ཏུ་ཉེན་ཁ་ཆེ་བ་ཞིག་སྟེ། འདིས་དངངས་སྐྲག་དང་ཞེད་སྣང་དེ་རང་ཉིད་ཀྱི་འཚོ་བའི་ཆ་ཤས་ཤིག་དང་། རང་ཉིད་ཀྱི་གོམས་གཤིས་ཤིག་ཏུ་འགྱུར་ངེས། ” བླ་སྲོག་ལ་རྨས་ཕོག་པའི་གནས་སྟངས་དེར་འགྱུར་བཅོས་གཏོང་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་མ་ཡིན་ཏེ། ཨན་སན་སུའུ་ཅིས“བསམ་བློ་ཞིབ་མོ་གཏོང་མཁན་ཞིག་ཡིན་པའི་ངོས་ནས། གོམས་གཤིས་སུ་འཇགས་ཚར་དག་གཏོར་བའི་ཐབས་ཤེས་ང་ལ་ཤིན་ཏུ་མང་པོ་ཡོད། རྫུ་བག་གཡོ་ཟོལ་དང་མི་བསྲུན་གོམས་གཤིས་བརྟོལ་བའི་ཐབས་མཆོག་ནི་ཟོལ་མེད་གཞུང་དྲང་གི་མི་དང་ལྷན་དུ་འཚོ་བ་སྐྱེལ་རྒྱུ་དེ་ཡིན”གསུངས།

དེ་ནས་བཟུང་། ཨང་སན་སུའུ་ཅི་བྱ་བའི་ཕྱི་ཚུལ་ཉམ་ཆུང་ལ་སྐྱེས་གཟུགས་ཉག་ཕྲ་བའི་བུད་མེད་དེ་སྲིད་གཞུང་གི་མགོ་བོ་ན་བར་མི་སྣ་ཞིག་ཏུ་གྱུར་ཅིང་། མོ་ལ་དབང་ཆ་དང་། རྒྱུ་ནོར་དང་། དཔོན་གནས་སོགས་ཅི་ཡང་མེད་ནའང་། འབར་མའི་དམངས་སེམས་ཁ་ཞེ་གཉིས་མེད་ཀྱིས་ཐོབ་ཡོད་པ་རེད། མོས་དྲག་པོས་དྲག་པོ་འཇོམས་པའི་བྱེད་ཐབས་ཀྱིས་རྒྱལ་ནང་གི་ཉམས་ཉེན་སེལ་ཐབས་ཡེ་ནས་མེད་པ་ལ་ངེས་ཤེས་གདེང་ནས་རྙེད་ཅིང་། བྱེད་ཐབས་དེ་ལ་ཕྱི་ཚུལ་ནས་བལྟས་ཚེ་ནུས་པ་ཡོད་ཡོད་འདྲ་ཡང་། དོན་དངོས་སུ་དེ་ལྟར་བྱས་ཚེ་རང་ཉིད་ཀྱིས་ཀྱང་དམག་མིའི་སྲིད་དབང་གི་རྗེས་སུ་རྐང་བ་འཇོག་ངེས་པར་ཧ་གསལ་བོར་གོ་ཡོད། 《རང་དབང》ཞེས་པའི་དེབ་ནང་ཁོ་མོས་འདི་ལྟར་གསུངས་འདུག་སྟེ། “མི་བུ་ཁག་ཅིག་འགྱུར་ལྡོག་འབྱུང་བ་ནི་ཁོ་ཚོ་ལ་གདམ་གསེས་གང་ཡང་མེད་པས་ལན་ཏེ། ཧྥེ་གླིང་ལྷོ་མའི་སྲིད་གཞུང་རྙིང་བ་དང་། ལཱ་ཏིང་མེ་གླིང་གི་དམག་དོན་སྒེར་གཅོད་དབང་སྒྱུར་ལ་འཕོ་འགྱུར་འབྱུང་བཞིན་པའི་སྐབས་སུ། མི་བུ་དེ་ཚོས་ད་གཟོད་འགྱུར་བ་གཏོང་རྒྱུ་དེ་ནི་གཟུར་མེད་ཀྱི་གདམ་ག་ཉག་གཅིག་ཏུ་བསམ་ལ། འདི་ནི་ཁོ་ཚོས་བདམས་པའི་ལམ་ཁ་ཆེས་ཡག་ཤོས་དེ་རེད་སྙམ། ངས་བརྗོད་ཀྱིན་པའི་འགྱུར་བ་དེ་ནི་གཞན་ལ་བརྩི་བཀུར་དང་། སྙིང་རྗེ་དང་། དྲང་བདེན་དང་། བྱམས་བརྩེ་འཆང་བའི་ནང་སེམས་ཀྱི་འགྱུར་བ་དེ་ཡིན་ཞེས་གསུངས།”1988ལོའི་ཟླ9པའི་ཚེས27ཉིན། ཨང་སན་སུའུ་ཅི་ནས་རང་ཉིད་དང་འབར་མ་མི་དམངས་ཀྱི་ཁེ་ཕན་མཚོན་པའི་སྲིད་ཏང“འབར་མ་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ”བཙུགས་ཤིང་། ཁོ་མོས་སྤྱིའི་འགོ་བའི་འགན་བཞེས། དམངས་གཙོ་མནའ་འབྲེལ་གྱི་འཕེལ་རྒྱས་ཤིན་ཏུ་མྱུར་ཏེ། དེ་མུར་འབར་མའི་གཞི་རྒྱ་ཆེས་ཆེ་བའི་ངོ་རྒོལ་ཚོགས་པར་གྱུར་ཏོ།།

1989ལོའི་ཟླ7པའི་ཚེས20ཉིན། དམག་མིའི་སྲིད་གཞུང་གིས་སྤྱི་ཚོགས་ཟིང་ཆ་བཟོ་བར་ངན་སྐུལ་བྱེད་མཁན་གྱི་ཉེས་མིང་བཀལ་ཏེ་ཨང་སན་སུའུ་ཅི་ལགས་བཟང་བཙོན་བྱས། དབུགས་ཧལ་ཧལ་བྱེད་པའི་ཁོ་མོའི་གཟུགས་པོ་དེ་ཉིད་བཙོན་དུ་ལུས་ཀྱང་། དྲོད་ལམ་ལམ་བྱེད་པའི་ཁོ་མོའི་བསམ་བློ་ནི་ལྡོག་སྟེ་ཐོགས་རེག་མེད་པར་མཁའ་དབྱིངས་སུ་ལྡིང་སྐོར་བྱེད་བཞིན་མཆིས། དམག་དོན་སྲིད་གཞུང་བླུན་པོའི་སྤྱོད་ཚུལ་དེས་ཁོ་མོ་བདེ་བླག་ཏུ“འོས་འཕེན་ལ་གཞོགས་འདེགས་བྱེད་མཁན་གྱི་མི་སྣར”གྱུར།

1990ལོའི་ཟླ5པར། འབར་མའི་ཚོགས་ཆེན་འོས་འཕེན་བྱས་པ་དང་། དམངས་གཙོ་མནའ་འབྲེལ་ལ་རྒྱལ་ཁ་ཆེན་པོ་ཐོབ་ཅིང་། གྲོས་ཁང་གི་འོས་ཤོག་བཞི་བརྒྱ་གོ་ལྔའི་ནང་སུམ་བརྒྱ་གོ་གཉིས་ཀྱིས་མོས་མཐུན་བྱུང་། དངངས་འཚབ་དང་རྟབ་རྟབ་པོར་གྱུར་བའི་དམག་མིའི་སྲིད་གཞུང་གིས་ཚོགས་ཆེན་འོས་འཕེན་གྱི་མཇུག་འབྲས་ལ་ཁས་ལེན་བྱེད་རྒྱུ་ལྟ་ཅི། ད་དུང་དམངས་གཙོ་མནའ་མཐུན་ནི་ཁྲིམས་འགལ་གྱི་རྩ་འཛུགས་ཡིན་པར་ཁྱབ་བསྒྲགས་བྱས་ཤིང་། ཨང་སན་སི་ཁེ་ལགས་སྔར་བཞིན་བཙོན་ཁང་དུ་བཀག་སྐྱིལ་བྱས། དམག་ཕྱོགས་ཀྱིས“རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་སྒྲིག་སྲོལ་ལྷན་ཚོགས”ཞེས་པ་བཙུགས་ནས་སྲིད་དབང་བཟུང་ཞིང་། ཕྱིས་སུ་“རྒྱལ་ཁབ་ཞི་བདེ་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང”གི་མིང་དུ་བསྒྱུར། ཀླ་ཀློ་དང་སྒེར་གཅོད་ཚ་བའི་དམག་མི་རང་ཉིད་ནི་ད་གཟོད་རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་སྲོལ་དུ་བརྩི་ལ། ཞི་བདེ་དང་འཕེལ་རྒྱས་ནི་དགྲ་རུ་འཛིན་པ་སུ་ཞིག་གིས་ཀྱང་གསལ་བོར་ཤེས་ངེས། ཁོ་བ་ཚོས་སྒེར་གྱི་ཧམ་པ་དང་བརྣབ་སེམས་ཁོ་ནས་རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་སྲོལ་ལ་གཏོར་བརླག་བཟོས་ཤིང་། རྒྱལ་ཁབ་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་འགོག་རྐྱེན་བཟོས་ཡོད། ཁོ་བ་ཚོའི་དབང་སྒྱུར་ལ་ཁྲིམས་མཐུན་རང་བཞིན་གྱི་སྟོངས་ཤིང་། རླུང་ཁའི་མར་མེ་འདྲ་བའི་དབང་ཆ་དེ་ཉིད་རྒྱུན་བསྲིངས་བྱེད་པར་ཏག་ཏག་དྲག་སྤྱོད་ལ་བརྟེན་ནས་མི་དམངས་ལ་འཇིགས་སྐུལ་ལས་ཐབས་གཞན་ཅི།

1999ལོའི་ཟླ3པའི་ཚེས27ཉིན། ཨང་སན་སི་ཁེའི་ཁྱོ་ག་ཨ་རེ་སི་ལ་སྐྲན་ནད་བྱུང་ནས་ལོན་ཏུན་དུ་གཤེགས། ཁོས་འབར་མ་ནས་རང་གི་ཚེ་སྲོག་གི་ཆེས་མཇུག་མཐའི་གནས་སྐབས་དེ་ལ་རང་གི་ཆུང་མར་བལྟ་བའི་རེ་བ་ཞུས་ཀྱང་། ཕ་རོལ་པོས་རྫིག་ཉམས་བསྟན་ནས་ཁས་ལེན་མ་བྱས། 1995ལོའི་ཡེ་ཤེས་འཁྲུངས་སྐར་གྱི་དུས་སུ་ཆུང་མར་ཐེངས་ཤིག་བལྟ་རུ་སོང་བའི་རྗེས་ནས་མོ་དང་གཏན་ནས་མཇལ་མྱོང་མེད། ཁོ་རང་ཁེར་ཧྲེང་ངང་ཚེ་ལས་འདས་སོང་། ཡིན་ནའང་ཁོས་རང་གི་ཆུང་མས་སྒྲུབ་ཀྱིན་པ་མཐའ་དག་ལ་རྒྱུས་ལོན་བྱེད་ནུས་པར་མ་ཟད། ཁོ་མོ་དང་ལྷན་དུ་རི་ལྟར་ལྕི་བའི་སྡུག་གི་ཁུར་བོ་ཕྲག་ཏུ་བླངས་འོངས་པ་རེད།

ཨང་སན་སུའུ་ཅི་ལགས་ཀྱིས་ཁྲི་མུན་བཙོན་ནས་རང་གི་ཆོ་ག་ཚེ་ལས་འདས་པའི་གཏམ་དེ་ཐོས་དུས། སེམས་ཀྱི་ཕྱི་ནང་གསང་གསུམ་ཀུན་ཏུ་སྡུག་གི་མུན་པས་ཡོངས་སུ་གཡོགས་སོང་། དུས་དེར་དམག་མིའི་སྲིད་གཞུང་གིས་ཁོ་མོ་དབྱིན་ཇིར་སོང་ནས་རང་གི་བུ་ཕྲུག་གཉིས་པོ་དང་ལྷན་འཛོམས་བྱེད་པར་ཡང་ཡང་སྐུལ་ནའང་། ཁོ་མོས་གལ་སྲིད་རང་ཉིད་མེས་རྒྱལ་དང་ཁ་གྱེས་ཚེ། གཏན་དུ་ཕྱིར་ལོག་ཐབས་མེད་པ་གསལ་བོར་ཤེས་ཡོད། མོའི་ཉིན་ཐོ་རུ་འདི་ལྟར་བྲིས་ཡོད་དེ། “ང་རང་ཁྱིམ་ཚང་དང་ཁ་གྱེས་པ་ནི། ངས་རང་དབང་གི་རྒྱལ་ཁབ་ཅིག་བརྩོན་ལེན་བྱེད་པར་ཕུལ་བའི་རིན་དོད་ཡིན”གསུངས།

ཉིན་བཞིན་དམངས་གཙོ་ཅན་གྱི“རླབས་ཕྲེང་གསུམ་པས”ཕག་རྡོབ་བྱེད་ཀྱིན་པའི་ཡ་གླིང་ནི། ཕྱོགས་གཅིག་ནས་དམངས་གཙོའི་འདུ་ཤེས་ཁད་ཀྱིས་མིའི་སེམས་གཏིང་དུ་ཟུག་བཞིན་ཡོད་ལ། ཕྱོགས་གཞན་ཞིག་ནས་ཆབ་སྲིད་ཀྱི་ཁེ་ཕན་སྙེག་པ་ཅན་དང་ཆབ་སྲིད་པའི་རོལ་རྩེད་གཉེར་བ་ཤ་སྟག་འབྱུང་གིན་ཡོད་པས། ཡ་གླིང་ལ་རང་ས་ནས་སྐྱེས་པའི་རླབས་ཆེན་གྱི་ཆབ་སྲིད་པ་ཞིག་ཡོད་དམ།

1988ལོའི་རྗེས་སུ། ཨང་སན་སུའུ་ཅིའི་སྲིད་ཏང་ནི་ཁྲིམས་འགལ་ཡིན་པར་ཁྱབ་བསྒྲགས་བྱས་ཤིང་། ཨང་སན་སུའུ་ཅིའི་དུས་ཚོད་མང་ཆེ་ཤོས་ནི་བཙོན་ཁང་ནས་བསྐྱལ། 2003ལོའི་དཔྱིད་ཀར། ཁོ་མོ་དུས་ཡུན་ཐུང་ཐུང་ཙམ་ལ་གློད་བཀྲོལ་བཏང་མོད། རིང་བོ་མ་ལོན་པར་དམག་མིའི་སྲིད་གཞུང་གིས་ཡང་བསྐྱར“བདེ་འཇགས་རྒྱུ་རྐྱེན”དང་འབྲེལ་ཆེ་བར་བསྙད་དེ་ཁོ་མོའི་རང་དབང་ཕྱིར་འཕྲོག་སོང་། དེ་ལྟ་ནའང་། ཨང་སན་སུའུ་ཅི་ནི་དེང་གི་ཡ་གླིང་དུ་ཆེས་ཟིལ་ཤུགས་ལྡན་ལ། འདྲེན་ཤུགས་ཆེ་བའི་ཆབ་སྲིད་ཀྱི་སྣེ་ཁྲིད་པ་དང་། བསམ་བློའི་དེད་དཔོན་ཡིན་ལ། ཁོ་མོས་ཏག་ཏག་རང་ཉིད་ཀྱི་དབང་ཆ་བུ་ལ་བསྟབས་པའི་སིང་གྷ་ཕོར་གྱི་སྲིད་སྐྱོང་ལི་ཀོང་ཡའོ་བཟོ་ལྟ་ཤོར་དུ་བཅུག་ཅིང་། རྒྱུ་ནོར་ཧེབ་ཐོབ་ལ་རྔམ་པའི་ཉི་ཧོང་གི་ཆབ་སྲིད་པ་ཚོའི་སྐྱུག་བྲོ་བའི་ཚུལ་ལ་འགྲམ་ལྕག་གཞུས་ཡོད།

ཨང་སན་སི་ཁེ་ཡིས་བཟུང་ཡོད་པ་ནི“དབང་ཆ་མེད་པའི་ཚོགས་སྡེའི་སྟོབས་ཤུགས”ཡིན། སྒེར་གཅོད་པ་ཁ་ཤས་ཀྱིས་རྡུལ་ཕྲན་འབར་འདེལ་བརྒྱ་ཕྲག་དུ་མར་ཚོད་འཛིན་བྱེད་ནུས་པའི་ལྡེ་འཕྲུལ་ལྟ་བུ་ཞིག་བསྣམས་ཡོད་དེ། དེས་སྐར་མ་འགའི་ནང་དུ་འཛམ་གླིང་ཧྲིལ་བོ་རྨེག་མེད་དུ་གཏོང་ནུས་པ་ཡིན། ཡིན་ནའང་། ཨང་སན་སི་ཁེས་སུས་ཀྱང་མི་མཐོང་བའི“སྙིང་རྗེ་དང་བྱམས་བརྩེ”བསྣམས་ཡོད་དེ། ཁོ་མོས་ཏག་ཏག“སྙིང་རྗེ་དང་བྱམས་བརྩེ”ལ་བརྟེན་ནས་འབར་མ་མི་དམངས་ཀྱི་དགའ་མོས་དང་འཛམ་གླིང་མི་དམངས་ཀྱི་བརྩི་བཀུར་ཐོབ་སོང་བ་རེད། ཁོ་མོས་ཆོས་ལུགས་ཀྱི་ཚད་མཐོ་ནས་ཆབ་སྲིད་ལ་ངོས་འཛིན་དང་རྒྱུས་ལོན་བྱེད་ཀྱིན་ཡོད། “ང་ཚོར་དམངས་གཙོའི་ཆབ་སྲིད་ལེགས་པོ་ཞིག་མཁོ་སྟེ། སྙིང་རྗེ་དང་བྱམས་བརྩེ་མངའ་བའི་དམངས་གཙོའི་ཆབ་སྲིད་ལེགས་པོ་དགོས། འུ་ཅག་གིས་ཆབ་སྲིད་ཀྱི་སྒང་དུ་སྙིང་རྗེ་དང་བྱམས་བརྩེ་གླེང་བ་ལ་ངོ་གནོངས་མི་དགོས་ཏེ། སྙིང་རྗེ་དང་བྱམས་བརྩེའི་གོང་ཐང་ལྟ་བ་ནི་ཆབ་སྲིད་ཀྱི་གྲུབ་རྐྱེན་ཤིག་ཏུ་འགྱུར་བར་བྱེད་འོས། རྒྱུ་མཚན་ནི་བདེན་པ་བདར་བ་ལ་དཀྱེལ་ཡངས་ཀྱི་བསམ་བློ་མཁོ་བ་མ་ཡིན་ནམ། གསར་འགོད་པ་ཞིག་གིས་ང་ལ‘ཁྱོད་ཀྱིས་མི་གཞན་དང་གླེང་མོལ་བྱེད་དུས་རྟག་པར་ཆོས་ལུགས་ཀྱི་སྐོར་མང་དུ་གླེང་འོངས་པ་ནི་ཅི་ཡིན། ཞེས་དྲིས་པར།’ཁོ་བོས་ལན་དུ‘ཆབ་སྲིད་ནི་མི་བུ་དང་འབྲེལ་ཞིང་། མི་བུ་དང་མི་བུ་དེའི་བསམ་བློའི་རིན་ཐང་གཉིས་ཁ་འབྲལ་དུ་མེད་དོ’ ཞེས་བཤད་པ་ཡིན།”

1991ལོར། ཨང་སན་སི་ཁེ་ལ་ནོར་པེལ་ཞི་བདེ་གཟེངས་རྟགས་ཐོབ། ཁོ་མོ་ནོར་ཝེ་ལ་བྱ་དགའ་ལེན་དུ་འགྲོ་མ་ནུས་པས་བུས་རང་ཉིད་ཀྱི་ཚབ་ཏུ་ཤིས་ཚིག་ཕུལ། ཤིས་ཚིག་ནང་ཨང་སན་སི་ཁེའི་གསུང་ཚིག་ཅིག་དྲངས་འདུག་སྟེ། “འབར་མས་དམངས་གཙོ་ལ་རེ་སྙེག་བྱེད་པ་ནི་འཛམ་གླིང་ཁྱིམ་གཞི་ཆེན་མོ་ཁྲོད་ཀྱི་རང་དབང་དང་འདྲ་མཉམ་གྱི་གྲུབ་ཆ་གཅིག་ཡིན་ཕྱིར། དེ་ནི་མི་ཡོད་དོ་ཅོག་ལ་གནས་སྐབས་སུ་ཕན་ཞིང་། མཐར་ཐུག་བདེ་བར་སྙེག་པའི་འཐབ་རྩོད་ཅིག་ཡིན། དེ་ནི་མིའི་རིགས་ཀྱིས་སྐད་ཅིག་ཙམ་ལའང་མཚམས་མ་བཞག་པར་འབད་བརྩོན་བྱས་པའི་ཆ་ཤས་ཤིག་ཡིན་ལ། དེས་མི་བུའི་བློ་སྟོབས་ནི་མི་དེའི་གཉུག་གཤིས་ལས་བརྒལ་ནུས་པར་བདེན་དཔང་བྱས་པ་རེད།

ཨང་སན་སུའུ་ཅི་སྐུ་དངོས་སུ་བྱ་དགའ་ལེན་དུ་ཡོང་མ་ཐུབ་པ་དེ་ལ། ནོར་པེལ་ཚོགས་མི་ལྷན་ཚོགས་ཀྱི་དབུ་ཁྲིད་ཧྥོ་རན་ཞི་སའེ•ཡེ་སི་ཐེ་ཏལ་གྱིས་དེ་དང་ལས་དབང་གཅིག་པའི་བྱ་དགའ་ཐོབ་མཁན་གསུམ་ལ་ལོ་རྒྱུས་ཀྱི་ངོས་ནས་ཕྱིར་རྟོག་བྱས། འཇར་མན་གྱི་ཁར་ཧྥུན་ཨོ•ཞའེ་སི་ཁེ་ནི་ནཱ་ཙི་གཏུམ་སྲིད་ལ་ངོ་རྒོལ་བྱེད་པའི་དཔའ་བོ་ཞིག་ཡིན་ལ། ཁོང་ནི་འགྲོ་བ་མིའི་ཐོབ་ཐང་གི་ངོས་ནས་ནོར་པེལ་ཞི་བདེ་གཟེངས་རྟགས་རེག་མཁན་ཆེས་སྔ་ཤོས་དེ་ཡིན། ཡིན་ནའང་གཟེངས་རྟགས་དེས་ཁོང་གི་ཡ་ང་བའི་སྐྱོ་གར་ལ་འགྱུར་བ་བཟོ་མ་ནུས་ཏེ། ཁོ་རང་ཤི་ཐེ་ལེའི་དམག་སྒར་དུ་འདས་བཀྲོངས་བྱུང་སོང་། དེ་ལྟ་ནའང་། སུའུ་ལེན་གྱི་སཱ་ཧ་ལོ་ཧྥུ་དང་ཕོ་ལན་གྱི་ཝ་བུན་སཱ་གཉིས་ཀྱིས་ཁོ་ཚོའི་འཐབ་རྩོད་ཀྱི་རྒྱལ་ཁ་མཐོང་ཡོད་ལ། རང་གི་མེས་རྒྱལ་ལ་མཐའ་མར་རང་དབང་དང་དམངས་གཙོ་ཐོབ་སོང་བའང་རིག་སོང་། དེའི་ཕྱིར་རན་ཞི་སའེ•ཡེ་སི་ཐེ་ཏལ་གྱིས“ཨང་སན་སུའུ་ཅི་ལགས་ཀྱིས་ཀྱང་ཁོ་མོའི་འཐབ་རྩོད་ལ་རྒྱལ་ཁ་འཐོབ་པའི་དགའ་འབོད་མཐོང་ཐུབ་པར་གྱུར་ཅིག”ཅེས་སྨོན་འདུན་ཡག་པོ་ཞུས།

དེ་ལྟར། ཡང་ལོ་ངོ་སུམ་ཅུ་ལྷག་གི་དུས་ཡུན་རིང་པོ་དེ་ཕར་ལ་འདས་སོང་། ད་ལོ་ཨང་སན་སུའུ་ཅི་དགུང་ལོ་ལྔ་བཅུ་ང་དགུར་སླེབས་ཡོད། འབར་མ་རྒྱལ་ཁབ་སྔར་བཞིན་དཔལ་འབྱོར་རྗེས་སུ་ལུས་ཤིང་། འགྲོ་བ་མིའི་ཐོབ་ཐང་ཞེ་སྡུག་པའི་གནས་སུ་གྱུར་འདུག ཏག་ཏག་དམག་སྤྱི་གཉིས་གནམ་གྲུ་ནང་རྐྱེན་ལམ་དུ་ཤོར་བས། ད་གཟོད་ཕྱི་རྫིག་ནང་སྟོང་གི་དམག་ཤུགས་ཆེ་བ་དེའོ།།
རང་དབང་གི་ཕྱིར་དུ་རང་དབང་ཤོར་བ་ནི། མིའི་རིགས་ཀྱིས་རང་དབང་འཚོལ་སྙེག་གི་ལོ་རྒྱུས་ཐོག་ཆེས་ཆེ་བའི་འགལ་འདུ་དེ་ཡིན། རྒྱལ་ནང་དུ་ལོག་ནས་ལོ་བཅུ་དྲུག་ལྷག་ཕྱིན་སོང་། ཨང་སན་སི་ཁེ་ལགས་ཀྱིས་རང་ཉིད་ཀྱི་ཐོག་མའི་གདམ་ག་དེ་ལ་བློ་འགྱོད་གཏན་ནས་སྐྱེས་མྱོང་མེད། ཁོ་མོ་རང་ཉིད་ཀྱི་བུ་ཕྲུག་རྣམས་དང་ཐུག་འཕྲད་གནང་མི་ཐུབ་ཅིང་། བུ་ཕྲུག་རྣམས་ཀྱང་རང་གི་མ་ཡུམ་ལ་རྨི་ལམ་དུ་མཇལ་ཐུབ་པ་ཙམ་མོ།། ཡིན་ནའང་། རང་དབང་དགའ་ཞེན་ཆེ་བའི་འབར་མ་རྒྱལ་ཁབ་ཀྱི་མི་བུ་ཡོད་དོ་ཅོག་ནི་ཁོ་མོའི་བུ་ཕྲུག་ཡིན།

རང་དབང་ཤོར་བའི་དཀའ་སྡུག་གི་འཚོ་བའི་ཁྲོད་དུ་ཁོ་མོའི་སྐྲ་ལོ་ཁ་བ་ལྟར་དཀར་ཞིང་། ངོ་གདོང་པད་འདབ་བཞིན་འཇམ་པའི་སྟེང་ན་གཉེར་མས་ཁེབས་ཏེ་མཛེས་སྡུག་མཐའ་དག་ཤུལ་མེད་དུ་ཡལ་བར་རྩོམ་དུས། ཁོ་མོའི་བསམ་བློའི་སྙིང་སྟོབས་ནི་ལྡོག་སྟེ་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་མཆིས། ད་ནི་ཁོ་མོ་ནྱིག་ཅིན་སློབ་ཆེན་གྱི་དཔེ་ཁང་ནང་གཉིད་བཅག་ཟས་བརྗེད་ཀྱིས་དཔེ་ཀློག་བྱེད་པའི་གཞོན་ནུ་མ་དེ་མ་ཡིན་ལ། ལུན་ཏུན་སྐྱེད་མོས་ཚལ་དུ་ཞིབ་ཚགས་སྒོས་ཁྱིམ་ལས་བྱེད་བཞིན་པའི་བདག་མོ་དེའང་ག་ལ་ཡིན་ཨང་།

ཁོ་མོ་ནི་མི་རིགས་ཤིག་གི་རེ་བ་དང་། མིའི་རིགས་ཀྱི་སྙིང་སྟོབས་མཚོན་པའི་དར་ཆ་རིགས་ཤིག་ཏེ། ཧྥོ་རན་ཞི་སའེ•ཡེ་སི་ཐེ་ཏལ་གྱིས་བྱ་དགའ་སྤྲོད་པའི་མཛད་སྒོའི་གཏམ་བཤད་དུ་གསུངས་པ་ཇི་བཞིན“ང་ཚོ་སོ་སྐྱེས་ཕལ་བ་དག་གིས་ཀྱང་། ཨང་སན་སི་ཁེ་ལགས་ཀྱི་བློ་སྟོབས་དང་ཕུགས་བསམ་འདིས་ང་ཚོའི་ནང་སེམས་ན་འཚེར་བའི་མཛེས་སྡུག་གི་ཆ་རྣམས་བག་ཉལ་ལས་གྲོལ་ཏེ་ཡོངས་སུ་མངོན་བྱུང་སྙམ་པའི་ཚོར་བ་ཤིག་བཅོས་མིན་དུ་སྦྱིན་སྲིད་པ་ང་ལ་ཡིད་ཆེས་ཡོད། འུ་ཅག་ལ་ཏན་ཏན་ཁོ་མོ་ལྟ་བུའི་མི་བུ་ཞིག་མཁོ་སྟེ། མི་བུ་དེ་འདྲས་འོ་སྐོལ་འབྱུང་འགྱུར་ལ་རེ་བའི་འོད་སྣང་སྦྱིན་འོངས་པའང་ང་ཚོས་གཞི་ནས་རྟོགས་ཡོད་ངེས། དེ་ལྟར་ཁོ་མོ་ནི་སྙིང་སྟོབས་ཀྱི་མཚོན་བྱེད་ཅིག་ཏུ་གྱུར་བས། མོ་རང་ལ་མནར་གཅོད་ཇི་ཙམ་བཏང་བ་དེ་ཙམ་དུ་ང་ཚོའི་སེམས་ཀྱི་ཟབ་སར་གྲིས་བསྣུན་པའི་ཉམས་སྣང་བཅོས་མིན་དུ་སྐྱེས་པའི་རྒྱུ་མཚན་ཡང་འདི་ལ་ཐུག་ཡོད་སྙམ། ཁྲི་མུན་བཙོན་དུ་ལུས་པའི་ཉམ་ཆུང་གི་བུད་མེད་འདིས་མཚོན་པ་ནི་རེ་བ་གསར་བ་ཞིག་ཡིན་ལ། ཁོ་མོ་ངོ་ཤེས་པས་ང་ཚོས་བདེན་དོན་གྱི་སྟོབས་ཤུགས་ལ་བཅངས་པའི་ཡིད་ཆེས་དང་དད་མོས་ཇེ་བརྟན་དུ་གྱུར་བ་རེད། ”

ཞི་འཇམ་དང་མཛེས་སྡུག་ནི་མིའི་རིགས་ཀྱི་བག་ལ་ཉལ་བའི་གཤིས་ཀ་ཡིན་ལ། དེ་དག་སྦུབས་རྒྱ་ལས་ཡོངས་སུ་བཀྲོལ་ཆོག་པ་ཡིན། ཨང་སན་སི་ཁེ་ལགས་ནི་ཞི་འཇམ་མཛེས་སྡུག་ཏུ་བསྒྱུར་བར་བྱེད་པའི་མཆོག་གི་དངོས་གྲུབ་ཅིག་གོ། དེ་ལ་ཐུན་མིན་གྱི་མཛེས་པ་མཆིས་སྟེ། གཞན་ལ་དྲོད་སྐྱིད་སྦྱིན་པའི་མཛེས་པ་མངོན་འོངས། གཅིག་ཏུ་ན། ངེད་ཅག་རླབས་ཆེ་བའི་བུད་མེད་འདི་འདྲ་ཞིག་དང་ལྷན་དུ་དུས་རབས་གཅིག་ཏུ་འཚོ་བ་ནི་མ་གཞི་ནས་བདེ་སྐྱིད་ལྡན་པའི་དོན་ཞིག་ཅི་ལ་མིན་ཨང་།

ཨང་སན་སི་ཁེ་ལགས་ཀྱི་ཚེ་སྲོག་གི་བདེན་པས་འུ་ཅག་ལ་ཆབ་སྲིད་ནི་ཀུན་པོའི་འཆར་ཡན་གྱི་ཁྲོད་ན་ལུས་པའི་སྐྱུག་རྫོབ་དང་ཤས་མི་བཟོད་པ་ལྟ་བུ་ཞིག་ལར་ནས་མིན་པ་གསལ་བཤད་བྱས་པ་རེད། ཆབ་སྲིད་ཀྱང་འདི་འདྲ་ཞིག་ཡིན་ཆོག་སྟེ། བརྒྱ་ལ་ཧྭ་ཝེར(哈维尔)་གྱིས་ཆབ་སྲིད་ཀྱི་གོ་དོན་ལ་འགྱུར་བཅོས་བཏང་ནས་སྤྱོད་ལམ་དང་འགན་འཁྲིའི་རིན་ཐང་ཤིག་ཏུ་གོ་བ་བླངས་ཚེ། ཨང་སན་སུའུ་ཅི་ལགས་ཀྱིས་ཆབ་སྲིད་ཀྱི་ཚད་རིམ་སྤར་ཏེ་ཆོས་ལུགས་ཀྱི་མཐོ་ས་ནས་ཆབ་སྲིད་ཀྱི་ནང་སྙིང་ནི་བྱམས་བརྩེ་དང་། སྙིང་རྗེ་དང་། བརྩི་བཀུར་ཡིན་པར་བཤད་ཆོག་ལ། ཁོ་མོས་ཤར་ནུབ་རིག་གནས་ཀྱི་མཐུན་སྦྱོར་བྱེད་ས་གཙོ་བོ་ཞིག་རྙེད་བྱུང་བ་ཡིན།

ཁོ་མོའི་འཚེ་མེད་བསྟུན་མེད་ཀྱིས་ངོ་རྒོལ་བྱེེད་པའི་བསམ་བློ་ནི་ཡབ་དམག་སྤྱི་ཨང་སན་ལས་བྱུང་ཞིང་། དེ་ནི་མ་ཧཱ་གན་དྷིའི་ལྟ་དགོངས་ལས་རྙེད། བསམ་བློ་དེ་ནི་ཐུབ་བསྟན་རིག་གནས་ཀྱི་ལྟ་བའི་སྲོག་ཤིང་ཡིན་པར་མ་ཟད། ཡེ་ཤུ་ཆོས་ལུགས་ཀྱི་བསམ་བློ་ད་ཆ་གསོན་ཡོད་པའི་རྟགས་མཚན་ནོ།།

ཐེངས་འདིར། ཨང་སན་སུའུ་ཅི་ལགས་ཀྱིས་འབར་མ་དམག་གཞུང་གི་ཁྲིམས་མེད་ལུགས་མེད་ཀྱི་སྤྱོད་ཚུལ་ལ་ཟས་བཅད་ངོ་རྒོལ་བྱས་ཤིང་། འཛམ་གླིང་ཧྲིལ་བོས་འབར་མའི་དངོས་ཡོད་གནས་ཚུལ་ལ་ཅི་མི་སྙམ་པར་སྡོད་པའི་རྣམ་འགྱུར་དེ་ལ་རྒོལ་ལན་སྤྲད་པ་རེད། ལྷག་དོན་རྒྱུ་མཚན་ཕྱི་མ་འདི་ཉིད་ཤིན་ཏུ་གལ་འགངས་ཆེ་སྟེ། འདིས་འཛམ་གླིང་ཧྲིལ་བོ་ཕངས་སེམས་དང་ངོ་གནོངས་སུ་བཅུག་པ་རེད།

འདི་ནི་ཁོ་མོས་འུ་ཐུག་ཐབས་ཟད་དུ་གྱུར་བའི་ལམ་ཁ་ཉག་གཅིག་དུ་ཟད་དེ། ཁོ་མོས་ཞལ་ཟས་བཅད་པ་ལ་བརྟེན་ནས་འཛམ་གླིང་ཡོངས་ལ་འབར་མ་མི་དམངས་ཀྱིས་དཀའ་སྡུག་གསལ་བོར་མཐོང་དུ་བཅུག་པ་རེད།  མ་གཞིར་ཁོ་མོས་ཞལ་ཟས་མ་བཅད་ཀྱང་ཆོག་མོད། ཞལ་ཟས་བཅད་པ་ལ་འཛམ་གླིང་སྒང་གིས་དོ་སྣང་དང་གཙིགས་ཆེན་བྱེད་པའི་དགེ་མཚན་ཡོད་པས་རེད།

ནོར་པེར་ཞི་བདེ་གཟེངས་རྟགས་ནི་འཛམ་གླིང་གི་ཆེས་མཐོའི་བྱ་དགའ་ཡིན་ནའང་ཁོ་མོར་དེ་ལས་ཀྱང་མང་པོ་ཞིག་འཐོབ་འོས་ཏེ། དངོས་ཡོད་བདེན་དོན་ལ་ཡིན་འཇོག་དང་དངོས་པོའི་རྒྱབ་སྐྱོར་ནི་དེ་བས་ཀྱང་གལ་ཆེའོ།།

ཁོ་བོས་བརྙན་འཕྲིན་ནང་རྟག་པར་འབར་མའི་དམག་ཤེད་ཅན་དག་གི་གཟུགས་བརྙན་མཐོང་འོངས། ཁོ་བ་ཚོའི་ངག་ལ་མི་བདེ་བའི་རུས་མིང་དག་ངའི་ཡིད་ལ་འཛིན་མི་ནུས་མོད། ཁོ་ཚོའི་སྣང་བར་མི་འགྲོ་ཞིང་ལུས་ལ་མི་འཛའ་བའི་དམག་ལྭ་གྱོན་པའི་ཚུགས་ཀ་དང་། ཐུང་ལ་རྒྱགས་པའི་ལུས་པོ། རྫིག་ཉམས་ཀྱིས་ཁེངས་པའི་ངོ་གདོང་དང་སྒྲོབ་ཉམས་དག་རྒྱུན་པར་མིག་ལམ་དུ་མངོན་འོངས།

རྣམ་པ་འདིས་ཁོ་བོ་ལ་དུས་རབས་ཉི་ཤུ་བའི་ལོ་རབས་སུམ་ཅུ་བའི་སྐབས་ཀྱི་རྐུན་ཇག་དང་བླུན་རྨོངས་ཀྱི་བརྟུལ་ཞུགས་བླངས་པའི་ཀྲུང་གོའི་དམག་ཤེད་ཅན་རྣམས་དྲན་འོངས་པར་བྱེད་དེ། དཔེར་ན། ཀྲང་ཙོ་ལིན་དང་། ཀྲང་ཙུང་ཁྲང་། སུང་ཏེན་དབྱིན་པེ་ལྟ་བུའོ།། ཁོ་བ་ཚོས་གཞན་གྱི་ཚེ་སྲོག་རྩེད་ཆས་བྱེད་པ་དེ་རང་ཉིད་ཀྱི་ང་རྒྱལ་ཞིག་ཏུ་རློམ་ཞིང་། ཐན་ཁེ་དང་སྦག་སྦག་མེ་མདས་ཟིལ་ཤུགས་ངོམ་རྒྱུ་ནི་རང་གི་གཟི་བརྗིད་ཅིག་ཏུ་འདོད་པ་རེད།

ནམ་ནམ་ཞ་ཞར་དྲག་ཤུགས་ལ་དད་མོས་བྱེད་མཁན་འདི་དག་མཐོང་ཐེངས་རེར། ཁོ་བོའི་ངག་ནས་འཇིག་རྟེན་དུ་འདི་འདྲའི་མི་ཁྱི་སྐྱག་གཏེ་ངན་ཞིག་ཇི་ལྟར་ཡོད་སོང་ངམ་ཞེས་པའི་སྐད་ཆ་ཞིག་དབང་མེད་དུ་ཐལ་འོངས།

དམག་འཛིན་དེ་ཚོས“ལོ་རྒྱུས”ལ་ཁ་ཡ་མི་བྱེད།  ཁོ་བ་ཚོས་བདེན་རྫུན་ནི་མེ་མདས་ཐག་གཅོད་བྱེད་ཅིང་། མི་དམངས་ལ་ཡང་མེ་མདའ་འབའ་ཞིག་གིས་མཛུབ་སྟོན་བྱེད་དགོས་པར་སྙམ་གྱིན་ཡོད། འབར་མའི་སྐྱོ་གར་ནི་དུས་ད་ལྟ་འབྱུང་བཞིན་པའི་སྒང་ཡིན་ལ། འབར་མའི་སྐྱོ་གར་ནི་རྣམ་པ་ཀུན་ཏུ་འབྱུང་བཞིན་ཡོད། ཡིན་ནའང་། “གཞན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད”ཅེས་མངོན་བསྒྲགས་བྱས་ཟིན་པའི་ཤར་ཕྱོགས་མནའ་འབྲེལ་གྱིས་ཅི་མི་སྙམ་པར་འབར་མ་ཚོགས་པའི་ནང་བླངས་སོང་། “འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་མི་བྱེད་པར་ཚོང་འབྲེལ་ཁོ་ནར་བལྟ་བའི”བྱེད་སྟངས་ཉི་ཚེ་བ་འདིས། ནམ་ཞིག་གི་ཚེ་ཤར་ཕྱོགས་མནའ་འབྲེལ་གྱིས“རང་སྡུག་རང་གིས་ཉོ་བའི”རྒྱུ་ལས་མེད་དོ།།

ནུབ་ཕྱོགས་ཡོབ་གླིང་གིས་ཀྱང་ཆུ་འབྲས་འདེབས་འཛུགས་ཕོན་ཆེན་བྱེད་པའི་རྒྱལ་ཁབ་འདི་ལ་མིག་ཟུར་ཙམ་ཡང་མི་བལྟས། འཇམ་འཐབ་མཇུག་སྒྲིལ་རྗེས་ཀྱི་ལོ་ངོ་བཅུའི་རིང་ལ། ནུབ་ཕྱོགས་ཀྱི་རྒྱལ་ཁབ་དག་ཉིན་རེ་བཞིན“གཟི་བརྗིད་ལྡན་པའི་ཁེར་རྐྱང”གི་ཀློང་དུ་འཕྱན་པ་དང་། ནུབ་ཕྱོགས་དམངས་བྱིངས་ཀྱི་སེམས་ཁམས་ཀྱང་ཁད་ཀྱིས་ཁ་རུབ་སྒོ་སྡོམ་གྱི་རྣམ་པ་ཆགས་ཀྱི་ཡོད་པ་རེད།

ཁོ་ཚོས་དུས་རབས་ཉི་ཤུ་བའི་ལོ་རབས་སུམ་ཅུའི་ནང་བྱུང་བའི་ཨོ་སི་ཝེ་ཞིན་གྱི་ཡོད་ཚད་དེ། མི་ངོ་རེ་རེ་དམར་གསོད་བཏང་བ་ནི་མིའི་རིགས་ཡོངས་རྫོགས་དམར་གསོད་བཏང་བ་ཡིན་ལ། མི་ངོ་རེ་རེའི་འགྲོ་བ་མིའི་ཐོབ་ཐང་རྡོག་བརྫིས་བཏང་བ་ནི་མིའི་རིགས་ཡོད་ཚད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་སུ་བཏང་བ་ཡིན།

རྒྱལ་ཁབ་གང་ཞིག་གཏུམ་དབང་སྒེར་གཅོད་པས་དབང་སྒྱུར་འོག་ཏུ་ཡོད་པ་ཡིན་ན། མི་བུ་ཡོད་དོ་ཅོག་གི་རང་དབང་དང་རྩིས་ཐང་ཡོད་ཚད་ཀྱང་འཐུས་སྒོ་ཚང་བ་ཞིག་མིན་སོང་བ་ཡིན། དེ་ནི་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་ཡིན་པ་དང་། ཕུ་ནུ་སྤུན་ཟླ་ཡིན་པ། ཕན་ཚུན་གཅིག་ཏུ་འབྲེལ་ཡོད་པའི་ཕྱིར་རོ།།

དེའི་སྟབས་ཀྱིས་རང་དབང་དང་དམངས་གཙོ་ལོངས་སུ་སྤྱོད་ཀྱིན་པའི་ནུབ་ཕྱོགས་པ་ཚོས། ཨང་སན་སུའུ་ཅི་ལ་རྒྱབ་སྐྱོར་བྱེད་པ་ནི་རང་དབང་གི་གོང་ཐང་ལ་སྲུང་སྐྱོབ་བྱེད་པ་ཙམ་མ་ཡིན་པར། རང་ཉིད་ཀྱི་འཚོ་བ་རོལ་སྟངས་ཁྲོད་ཀྱི་ཉམས་ལེན་དང་ཕྱིེར་མངོན་སྟངས་ཞིག་ཡིན་པའི་འདུ་ཤེས་འཛིན་སྲིད།

དེ་རིང་ཆིའུ་ཅེ་ཨར་དང་རོ་སི་ཝེལ་ལྟ་བུའི་མིག་རྒྱང་རིང་བའི་ནུབ་ཕྱོགས་ཀྱི་ཆབ་སྲིད་རིག་པ་བ་དང་ཤེས་ཡོན་ཅན་ཞིག་བཙལ་ཡང་རྙེད་དཀའ་འོ།།

འདི་འདྲའི་རྒྱབ་ལྗོངས་འོག་ཏུ། ཨང་སན་སུའུ་ཅི་དང་ཁོ་མོའི་རྗེས་འབྲངས་བ་ཚོས་ཁེར་ཧྲེང་གིས་འཐབ་རྩོད་བྱེད་དགོས་སོང་། རྐྱེན་འདིའི་དབང་གིས། བུད་མེད་ཅིག་གིས་རྒྱལ་ཁབ་ཅིག་གཡོ་སྐྱོམ་བཟོས་པ་ནི། རྩ་ཕྲན་ཞིག་གིས་ཕ་བོང་ཆེན་པོ་ཞིག་གྱེན་དུ་བཏེགས་པ་དང་གཉིས་སུ་མ་མཆིས་སོ།།

ཁོ་བོས་ཨང་སིན་སུའུ་ཅི་ལགས་མཛུམ་མདངས་ཕྱུང་བའི་འདྲ་པར་ཅིག་མཐོང་མྱོང་། དེ་ནི་ཨ་རིའི་མཁས་དབང་ཧྥོ་ལི་ཏེ་མན་གྱི་དཔེ་ཁང་དུ་བླངས་པ་ཞིག་རེད། མཛུམ་མདངས་དེའི་ལྟག་རྒྱབ་ཏུ་བློ་བརྟན་འགྱུར་མེད་ཀྱི་ཆ་ཞིག་དང་སྐྱོ་གདུང་གིས་ཁེངས་པའི་མཛེས་པ་ཞིག་ཕྱིར་མངོན་འདུག  འདྲ་པར་འདི་མཐོང་ཚེ་མི་སུ་ལའང་ནོངས་འགྱོད་ཅིག་དང་ཚ་འདྲི་གཏོང་བའི་ཉམས་སྣང་ཞིག་དབང་མེད་དུ་སྐྱེས་འོངས། ང་ཚོ་ཚང་མ་ཁོ་མོའི་ཕྱོགས་སུ་ཀ་བ་བཞིན་འགྲེང་འོས།

《དམ་པའི་གསུང་རབ》ནང་། “ཉི་མའི་འོད་ཟེར་ཕྱོགས་སུ་འཕྲོ་བ་ཇི་བཞིན་ཁྱོད་ཚོ་དུས་རབས་དེའི་ནང་ཕྱིར་མངོན་དགོས་ལ། ཚེ་སྲོག་གིས་འོད་སྣང་སྦྱིན་དགོས། ”

ཏག་ཏག་ཨང་སན་སུའུ་ཅིའི་མཛེས་སྡུག་གིས་ང་ཚོ་ལ་འོད་སྣང་སྦྱིན་བྱུང་། ཁོ་མོ་གཟིད་བརྗིད་ཀྱིས་ཁེངས་པའི་ཚེར་མའི་ལམ་དུ་ཞུགས་པ་དང་། ལམ་ཁ་དེ་ནི་ཡུན་རིང་པོ་ལ་བགྲོད་དགོས་པ་ཞིག་ཏུའང་སྲིད་དོ།།

“ཡ་གླིང་གི་ཡིད་དུ་འོང་བའི་བུད་མེད་དེ་སུ་ཡིན་ནམ”འདི་ནི་ཐག་གཅོད་བྱེད་ཐབས་བྲལ་བའི་དྲི་བ་ཞིག་མ་ཡིན་ཏེ། སྙན་ངག་པ་མཱོ་ལགས་ཀྱིས་ཨང་སན་སི་ཁེ་ལགས་ནི་ད་གཟོད་འཛམ་གླིང་སྒང་གི“ཆེས་ཡིད་དུ་འོང་བའི་བུད་མེད་ཡིན་གསུངས”ཏེ། ཁོས་སྙན་ངག་གི་ཚོར་བས་ཟིན་པའི་སྐད་ཆས“ཨང་སན་སུའུ་ཅིས་རེ་སྨོན་བྱེད་པའི་ཆབ་སྲིད་དང་། སྤྱི་ཚོགས་ཀྱི་རྣམ་པ་ནི་བྱམས་བརྩེས་ཁེངས་ཤིང་། སྐྱེས་འགྲོ་ཡོད་ཚད་འདྲ་མཉམ་གྱི་སྒྲིག་གཞི་ལྡན་པ་ཞིག་དང་། མཚན་དཔེར་འོས་པའི་འཇིག་རྟེན་ཞིག་ཡིན་པ་གསལ་བཤད་བྱས་ཡོད། ལར་ཆབ་སྲིད་ནི་གཞན་ལ་ཁེ་ཕན་ཐོབ་པའི་ཡོ་བྱད་དང་། ཚོང་ཟོང་བརྗེ་རེས་ལ་སྨན་པའི་བྱེད་ཐབས་ཙམ། ལྐོག་ནས་ཐབས་བྱུས་བཟོ་བའི་སྐྱུག་བྲོ་ཞིང་ཡིད་རྟོན་བྲལ་བའི་ལས་ཞིག་ཏུ་ངོས་འཛིན་ནའང་།  ཨང་སན་གྱིས་ཆབ་སྲིད་ལ་འགྲེལ་བ་བསྐྱོན་ཚུལ་ནི་དེང་གི་ཆབ་སྲིད་གཞུང་ལུགས་ཀུན་ལས་དངོས་ཡོད་གནས་ཚུལ་གྱི་སྟེང་ཆབ་སྲིད་ཀྱི་ངོ་བོ་ལ་ཉེ་བར་བཏུད་ཡོད་པ་ཞིག་གོ།”

འོ་ན་ཆབ་སྲིད་ངོ་བོ་ཞེས་པ་ནི་དོན་དམ་དུ་ག་འདྲ་ཞིག་ཡིན་ནམ་ཞེ་ན། ཨང་སན་སི་ཁེ་ལགས་ཀྱིས་གཟི་བརྗིད་ལྡན་པའི་ངང་ངན་པ་ཐ་ཆད་དུ་གྱུར་བའི་མིང་བརྡ་སྟེ། ཆབ་སྲིད་ཅེས་པ་འདི་ཉིད་མི་བུའི་དངོས་ཡོད་ཁེ་ཕན་ལ་དོ་སྣང་ནན་ཏུར་བྱེད་ཅིང་། དུས་མཚུངས་སུ་མི་བུའི་ནང་སེམས་ཀྱི་གོང་ཐང་ལྟ་བ་ལའང་གཙིགས་ཆེན་བྱེད་པ་རེད།

རླབས་ཆེ་བའི་ཆབ་སྲིད་པ་དང་མི་ཆོས་རིང་ལུགས་པ་ཕལ་མོ་ཆེ་ལ་རང་ཉིད་ཀྱི་མི་ཕྱེད་པའི་དད་པ་བྱེད་ཡུལ་དང་བསམ་པའི་རེ་སྙེག་བྱེད་ཡུལ་ཡོད་དེ། དཔེར་ན། གན་དྷི་དང་། མ་ཏེན•ལུའུ་ཏེ་ཁེན་དང་། མན་ཏེ་ལཱ་དང་། ཐོ་ཐོ་ཆོས་བདག(图图主教)་དང་། ཨང་སན་སུའུ་ཅི་སོགས་ནི་མཁས་མཛངས་ཅན་གྱི་ཆབ་སྲིད་པ་ཡིན་པར་བསྙོན་དུ་མེད་དོ།།

འགྱུར་མེད་བསྙེངས་བྲལ་ཀྱི་བསམ་བློའི་སྙིང་སྟོབས་ནི་སྒེར་གཅོད་པ་དང་དམག་འཛིན་དག་གིས་རྒྱུས་ལོན་བྱེད་ཐབས་ཁྱོན་ནས་མེད་དེ། ཁོ་བ་ཚོས་ཤེས་པ་ནི་ཐན་ཁེ་དང་སྦག་སྦག་མེ་མདའི་སྟོབས་ཤུགས་འབའ་ཞིག་ཡིན་ཞིང་། ཁོ་བ་ཚོས་ཨན་ནིས་ལགས་ཀྱིས་དམག་སྒར་ནང་ཉིན་ཐོ་འབྲི་བའི་སྟོབས་ཤུགས་དེ་ལྟ་བུ་ཞིག་ཇི་ལྟར་བྱུང་བར་རྒྱུས་ལོན་བྱེད་ཐབས་མེད་ཅིང་། ཁོ་བ་ཚོས་སྲ་བརྟན་ལྕགས་རི་འདྲ་བའི་པོ་ལིན་གྱི་མཁར་གྱང(柏林墙)་ཞག་མ་གཅིག་ལ་ཞིག་རལ་དུ་གྱུར་བའི་རྒྱུ་རྐྱེན་ལར་ནས་རྟོགས་མི་སྲིད།

མོ་སོ་ལི་ཉི་དང་ཆིའོ་སེ་སི་ཁོའི(齐奥塞斯库)བེམ་པོ་སྔ་ས་ནས་འཛམ་གླིང་མི་དམངས་ཀྱི་སྤྱན་ལམ་དུ་དྲངས་ཡོད་ནའང་།  སྒེར་གཅོད་པ་དང་དམག་འཛིན་མང་པོ་ཞིག་སྔར་བཞིན་ཕྱིར་མི་ལྡོག་པའི་ཁྲེལ་འདས་ཀྱི་ལམ་དུ་ཞུགས་བཞིན་ཡོད། དེ་ནི་ཏག་ཏག་སྐུ་ཞབས་མོ་ལགས་ཀྱིས་གསུངས་བ་ཇི་བཞིན“དབང་མཐའ་སྒེར་གཅོད་རིང་ལུགས་པས་གཟུགས་པོ་སྐམ་རིད་དུ་གྱུར་ཅིང་འཚེ་མེད་བསྟུན་མེད་ཀྱི་སྦྱོར་བ་རྩོམ་པའི་གན་དྷི་དང་། དུས་ཡུན་རིང་པོར་ཁྲི་མུན་བཙོན་དུ་བཅུག་ཅིང་ལག་ན་མཚོན་ཆ་ཁབ་སྐུད་ཙམ་ཡང་མེད་པའི་མན་དྷི་ལ། ད་དུང་ཤེས་རབ་དང་བྱམས་བརྩེའི་མཛེས་སྡུག་གིས་ཁེངས་ཤིང་། སྡིག་པའི་གོ་མཚོན་གྱི་སྟོབས་ལ་ཞེན་པ་ལོག་པའི་ཨང་སན་སི་ཁེ་སོགས་ལ་འདི་འདྲའི་ཟིལ་ཤུགས་ཆེན་པོ་ཞིག་དང་སྣེ་ཁྲིད་ཀྱི་དེད་དཔོན་དུ་ཇི་ལྟར་གྱུར་སོང་བའི་ཚུལ་ལ་དུས་གཏན་དུ་བློས་དཔོག་ཐབས་མེད་ལ། དབང་མཐའ་སྒེར་གཅོད་རིང་ལུགས་པས་མིའི་ནང་སེམས་ནི་འཇིག་རྟེན་འདིའི་ཆེས་ཆེ་བའི་སྟོབས་ཤུགས་དེ་ཡིན་པ་ཁྱོན་ནས་རྟོགས་མི་སྲིད་དོ།།”

རེད་ལགས། ཨང་སན་སུའུ་ཅིའི་ཚེ་སྲོག་ནི་མཛེས་སྡུག་ལྡན་པ་ཞིག་ཡིན་ངེས་ཏེ། ཁོ་མོས་ཡ་གླིང་གི་མི་ལ་དམངས་གཙོ་དང་རང་དབང་གཏན་ནས་མི་འཚམ་པར་བསྙད་པའི་བཤད་ཡམས་དེ་ཉིད་ཡོ་བསྲང་བྱས་པ་དང་།  ཁོ་མོས་རང་གི་མི་དམངས་རྣམས་སྡུག་བསྔལ་གྱི་བཙོན་ར་ནས་གཟི་བརྗིད་ཀྱི་ལམ་དུ་ཁྲིད་པ་དང་། བྲན་གཡོག་ནས་རང་དབང་ཐོབ་དུ་བཅུག་པ་རེད།