དེང་སྐབས་མི་མང་པོ་ཞིག་གིས་སྤྱི་ཚོགས་གང་རུང་ཞིག་གི་གནས་བབས་གླེང་སྐབས་རང་ཉིད་སྤྱི་ཚོགས་དེར་རྒྱུས་མངའ་ཡོད་ཁུལ་གྱིས་སྤྱི་ཚོགས་དེའི་དགེ་སྐྱོན་ཙག་ཙིག་དག་ནང་ཕན་ཚུན་གཞིབ་བསྡུར་ཕྲན་ཙམ་བྱས་ནས་བཤད་པ་ལས་སྤྱི་ཚོགས་དེ་དང་སྤྱི་ཚོགས་གཞན་གྱི་བར་ཞིབ་བསྡུར་དང་བསམ་གཞིག་རྣལ་མ་གཏོང་མཁན་ཧ་ཅང་ཉུང་། དེ་ཡང་ཁོང་ཅག་ལ་ཁག་མེད་དེ། ཁོང་ཅག་ནི་སྤྱི་ཚོགས་ཀྱི་གཏིང་རུམ་དུ་འཛུལ་ནས་སྐད་ཆ་ལྡབ་ལྡིབ་མོལ་བ་ལས་རང་ཉིད་གནས་སའི་སྤྱི་ཚོགས་ཀྱི་ཟུར་དུ་བུད་ནས་སྤྱི་ཚོགས་དེར་རྒྱང་ལྟ་ཡང་དག་ཅིག་བྱེད་མི་ཤེས་པས་སོ།། ད་སྐབས་བོད་ཡུལ་གྱི་སློབ་གྲྭ་དང་སློབ་མའི་གྲངས་འབོར་གྱི་ཡར་རྒྱས་གཅིག་པུར་བསམས་ན་གཞས་པ་གཞས་མ་དག་གིས་ཟེར་སྲོལ་བཞིན་སྣང་བ་སྐྱིད་པ་གཅིག་སྣང་བ་སྐྱིད་པ་གཉིས་ཟེར་ན་ཡང་སྐྱོན་ཆེ་ཞིག་མེད་ཚོད་འདུག གྲངས་འབོར་མི་གཙོ་སྤུས་ཀ་གཙོ་ཟེར་བའི་གནད་དོན་ལ་བསམ་བློ་ཞིབ་ཚགས་ཤིག་བཏང་ན་སྐྱ་ཆད་སྔོ་སྡུག་གི་གནས་བབས་སྐྱ་བོ་འདི་ལས་གཞན་ཞིག་གང་ན་ཡོད་སྙམ་པ་འདུག དགེ་རྒན་ཕལ་ཆེ་བ་ནི་སློབ་གསོའི་མན་ངག་གྲགས་ཅན་དག་རྣ་ཐོས་ཙམ་མེད་པར་མ་ཟད་རང་ཉིད་སློབ་སྦྱོང་གི་གོ་རིམ་ཆ་ཚང་ཞིག་བརྒྱུད་མྱོང་མཁན་ཧ་ཅང་དཀོན་པར་མ་ཟད་ཁོ་ཚོས་དགེ་རྒན་ཡིན་མིན་སུམ་རྟགས་ཚིག་འགྲེལ་ཙམ་རྒྱག་ཤེས་མིན་དང་དབྱུག་པ་ཅན་གྱི་དཔེ་བརྗོད་ཁ་ཤས་ལ་ལེགས་ཟློས་བྱེད་ཤེས་མིན་ལ་འཇོག་གི་ཡོད་པ་འདྲ། རབ་ཡིན་ན་དེ་ཚོའི་མཉམ་དུ་ལོ་རྒྱུས་རྩག་རྩིག་རེ་ཡོད་སྲིད། སློབ་ཚན་དེ་དག་ཀྱང་སློབ་མའི་རྒྱུད་ཚོད་དང་མཐུན་པའི་སྒོ་ནས་གོ་རིམ་མ་འཁྱོལ་བའི་ངང་འཁྲིད་ཤེས་མཁན་ག་ཚོད་ཡོད་དམ། ན་ཆུང་བློ་རིག་བཀྲ་བ་དག་གི་མི་ཚེ་དང་རྣམ་རིག་འདི་འདྲ་ཞིག་གི་ནང་དུ་ཐིམ་སོང་ན་མཇུག་འབྲས་གང་འདྲ་ཞིག་ཡིན་ནམ། མི་རིགས་ཤིག་གི་སྲོག་རྩ་མི་རིགས་དེའི་ཤེས་རིག་ཡིན་པ་བདེན་ཡང་ཁྱེད་ཅག་མང་པོ་ཞིག་གིས་ཤེས་རིག་ཟེར་བ་དེ་སུམ་རྟགས་དང་ལོ་རྒྱུས་ཐར་ཐོར་རེ་ལ་འཁྲུལ་ནས་ཡིད་ཚིམས་ནས་བསྡད་འདུག་པའི་རྒན་མིང་འཛིན་པ་དག་གིས་དེ་དག་བསམ་བློ་རེ་བཏང་ན་མི་འགྲིག་གམ། ཉག་ཕྲ་བའི་དུས་སྐབས་འདིར་སློབ་ཁང་ལེགས་ཙམ་རེ་དང་སློབ་མའི་གྲངས་ཀ་མང་ཙམ་རེ་ཡོད་ན་དེས་ཡོད་ཚད་འགྲུབ་སོང་བསམ་པ་ནི་ཅི་འདྲའི་ཉེན་ཚབས་ཅན་གྱི་བསམ་བློ་ཉི་ཚེ་བ་ཞིག་རེད་མི་འདུག་གམ། ཁྱེད་ཅག་གིས་བསྐྱངས་པའི་སློབ་མ་དེ་དག་གི་ཁྲོད་ཚུལ་མཐུན་རང་ཚུགས་ཅན་གྱི་བསམ་གཞིག་གཏོང་མགོ་ཚུགས་ཟིན་པའི་སློབ་མ་ཇི་ཙམ་ཡོད་དམ། མ་མཐར་ཡང་འུར་ཟིང་དང་རྙོག་འཛིང་མང་བའི་དུས་སྐབས་འདི་ལ་རང་ཚུགས་ཅན་གྱི་བསམ་གཞིག་རྣལ་མ་རེ་གཏོང་ཤེས་མཁན་ཆེས་གལ་ཆེ་བ་མ་ཡིན་ནམ། སློབ་གསོའི་མན་ངག་གི་མཛོད་དུ་གྱུར་པའི་ཡ་ཧུ་དཱ་པ་ཚོར་བཤད་སྲོལ་ཞིག་ཡོད་པ་ནི་བྱིས་པའི་གནས་སྐབས་སུ་ཁྱད་པར་ཅན་གྱི་བསམ་གཞིག་གཏོང་ཤེས་པ་ནི་རྒྱུད་ལ་ཤེས་རབ་འཁྲུངས་པའི་ས་བོན་དུ་བརྩི་བ་ཡིན་ཟེར་བ་ལྟར་ཁྱེད་ཅག་གིས་བསྐྱངས་པའི་སློབ་མ་དག་སློབ་མཐར་ཕྱིན་ནས་བྱིས་པ་ནས་རྒན་པོར་གྱུར་ཟིན་པ་དག་གི་ཁྲོད་དུ་ཡང་ཤེས་རབ་ཀྱི་ས་བོན་ཙམ་རྙེད་ཡོད་མཁན་གྱི་སློབ་མ་ནི་ཉིན་སྐར་བཞིན་ཡིན་སྐད་འདུག བསམ་གཞིག་དབུལ་བའི་མཚན་ཉིད་དང་དཔེ་བརྗོད་ཁ་ཤས་བློར་འཛིན་བྱས་ཡོད་པའི་སློབ་ཕྲུག་དག་གིས་འཚོ་གནས་དང་དུས་རབས་ཀྱི་འགྱུར་བ་དག་ལ་གདོང་ཇི་ལྟར་གཏོད་དགོས་སམ། མི་རིགས་གཞན་གྱི་ན་ཟླ་དག་དང་ལྷན་དུ་དཔུང་རྡང་མཉམ་དུ་གང་འདྲ་བྱས་ནས་གཤིབ་ཐུབ་བམ། དེ་དག་ལ་བསམ་གཞིག་གཏིང་ཟབ་རེ་བྱས་ནས་འབྱུང་འགྱུར་དགེ་རྒན་གྱི་སྤུས་ཀ་དང་སློབ་གསོའི་ཐབས་ལམ་སོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གནད་སྨིན་རེ་བཏང་ན་མི་ལེགས་སམ། ལར་དགེ་རྒན་གྱི་ཚད་གཞི་དང་སློབ་མའི་སྤུས་ཚད་སོགས་ནང་ཁུལ་ཁོ་ན་ནས་ཞིབ་བསྡུར་ཙམ་མ་ཡིན་པར་འཛམ་གླིང་གི་མིག་ལྟོས་སུ་གྱུར་པའི་ཁྱད་འཕགས་ཀྱི་སློབ་གྲྭ་ཁག་དང་ཕུལ་བྱུང་གི་སློབ་གསོའི་མན་ངག་དག་ལ་མིག་ཟུང་ཆེ་ཙམ་ཅེར་ནས་ལེགས་ཆ་དང་སྐྱོན་ཆ་དག་འདོར་ལེན་བྱེད་རྒྱུ་ནི་གཡོལ་མི་རུང་བའི་འགན་འཁྲི་གལ་ཆེན་ཞིག་གོ།