སུ་ཞིག་གིས་ཕ་ཡུལ་ལ་བདག་པོ་རྒྱག་ན་དེ་ནི་མཁས་པ་ཡིན་ལ་དཔའ་བོའང་ཡིན།

ཕ་ཡུལ་གྱི་ལོ་རྒྱུས་དང་རིག་གནས་ལ་གསལ་ཆ་བདོག་པའི་མི་ནི་གཟོད་ཕ་ཡུལ་དེའི་མི་ངོ་མ་ཡིན།

ཁྱོད་ཀྱིས་རང་གི་བསམ་ཚུལ་དག་བཤད་ཕོད་པ་ཡིན་ན་ཁྱོའི(ཁྱོད་ཀྱི་ཞེས་པའི་བསྡུས་ཡིག)བསམ་ཚུལ་དེར་དབྱེ་ཞིབ་བྱེད་མཁན་ནི་ཇི་ལྟར་ཡང་འབྱུང་བ་ཡིན།

ང་ཚོ་ཏག་ཏག་བརྩེ་དུང་དང་ཕྲད་རྗེས། “བརྩེ་དུང”གི་ཚིག་འབྲུ་འདི་ཁ་ལ་ལེན་རྒྱུར་སྤྲོ་བ་ཅང་མེད་འགྲོ།

སྒུལ་རྐྱེན(动机)མེད་པའི་བྱ་སྤྱོད་ཅིག་མེད།

འཆི་ཁར་དཔའ་ན་དཔའ་ནི་ཡིན།

གཏན་དུ་འཚོ་བ་ནི་སྤྱིར་ན་འཚོ་མེད་པ་དང་འདྲ་ཚོད་ཡིན་ཡང་སྲིད།

ཕྱི་རོལ་གྱི་ཆ་རྐྱེན་གསར་བས་ང་ཚོར་སྐད་ཆ་གསར་བ་བསླབ་ཡོང་།

ཐེངས་བརྒྱར་འགྲམ་ལྕག་བཞུ་བ་ལས་བབ་བསྟུན་གྱི་བསྟོད་བསྔགས་ཐེངས་གཅིག་བྱས་པས་དགའ།
༡༠
ཞོགས་པའི་ལས་བྱ་དུས་ཚོད་དགུའི་སྟེང་ད་རུང་འགོ་བརྩམས་མེད་ན་ཁྱོད་ཀྱིས་ཞོགས་པར་ཅང་མ་འགྲུབ་པ་ཡིན་ལ་ཕྱི་དྲོའི་ལས་བྱ་དུས་ཚོད་གསུམ་སྟེང་ད་རུང་འགོ་བརྩམས་མེད་པ་ཡིན་ན་ཕལ་ཆེར་ཕྱི་དྲོར་ཁྱོད་ཀྱིས་ཅང་མ་འགྲུབ་ཚར་བ་རེད།
༡༡
སྨྲ་བརྗོད་རང་དབང་ནི་མ་གཞི་ནས་མདུན་ལམ་ཞིག་ཡིན།
༡༢
དགའ་རོགས་ནི་གནོན་ཤུགས་དང་སྐུལ་འདེད་སྣ་ཚོགས་ཀྱི་རྐྱེན་ལས་བྱུང་བའི་ལུས་སེམས་ཁེན་སའི་ཟླ་བོའོ།།
༡༣
གཞན་གྱིས་བལྟས་ཚར་བའི་དཔེ་ཆར་ཁྱོད་ཀྱིས་ད་སོ་མ་ལྟ་བཞིན་ཡོད་ལ། གཞན་དག་སོང་ཟིན་པའི་ལྗོངས་སུ་ཁྱོད་རང་ད་སོ་མར་འགྲོ་གྲབས་བྱེད་བཞིན་ཡོད་ན་དེ་ནི་སློབ་སྦྱོང་གི་རྗེས་ལུས་སོ།།
༡༤
མཛའ་དུངས་ཀྱི་ཁྲོད་ཚོང་གཏམ་གཏམ་བྱེད་རྒྱུ་དེ་ཡོང་མ་རེད།
༡༥
བརྩེ་དུང་དང་དམག་འཁྲུག་ལྟ་བུ་འགོ་བརྩོམ་སླ་ལ་མཇུག་བསྡུ་དཀའ། ཚོང་ལས་ལྟ་བུ་འགོ་བརྩོམ་དཀའ་ལ་མཇུག་བསྡུ་སླ།
༡༦
བོད་ཡིག་གི་སྔོན་འཇུག་དང་རྗེས་ཡང་འཇུག་རང་རང་གི་ཐོབ་ཐང་རྐྱང་བའི་ཐོག་ནས་གཞི་གཅིག་ཏུ་གྲུབ་ཐབས་མེད།
བོད་ཡིག་གི་སྔོན་རྗེས་ཡང་འཇུག་གང་ལའང་སོ་སོའི་ཐོབ་ཐང་གི་ཐོག་དབྱངས་སྦྱོར་ཐབས་མེད།
བོད་ཡིག་གི་ཕྲད་དང་རྣམ་དབྱེ་གང་ཡིན་ཡང་འཇུག་ཚུལ་གྱི་ཐོག་ནས་ཡི་གེ་གང་རུང་གི་རྗེས་དང་རྗེས་ཀྱི་གསལ་བྱེད་ལ་བལྟས་པ་འབའ་ཞིག་ཡིན།
བོད་ཡིག་ལ་མིང་གཞི་མེད་རྗེས་སྔོན་རྗེས་ཡང་འཇུག དབྱངས་འདོགས་མགོ་ཅན་གང་ཡང་གཞི་གྲུབ་ཐབས་ཡོད་པ་མིན།
༡༧
སློབ་གསོ་སློབ་གསོ་ཟེར་ན་གྲུབ་འབྲས་ཡོད་པའི་བྱ་འགུལ་ཞིག་ཡིན་འོས་པ་ལས་ལས་འགན་མང་ལ་གྲུབ་འབྲས་མེད་པའི་བྱ་འགུལ་ཞིག་ཡིན་ག་ལ་འོས།
༡༨
ཆེར་མི་འགོར་བར་ད་ལྟའི་ང་ཚོའི་སློབ་གསོའི་ཐབས་ལམ་འདི་ཡང་དུས་རབས་ཀྱི་དགོས་མཁོ་དང་མི་འཚམ། ཚན་རིག་དང་ཡང་མི་བསྟུན་པའི་རྗེས་ལུས་ཀྱི་བྱ་འགུལ་ཞིག་ཏུ་འགྱུར་ཁོ་ཐག་རེད།
༡༩
རང་མེད་ས་ཞིག་ལ་རང་གཤིས་ཤིག་ཇི་ལྟར་འབྱུང་།
༢༠
ལས་གནས་ཟེར་བ་འདིས་ང་ཚོ་ལ་བསླབ་པ་ཆེས་མང་ཨང་།
༢༡
ལྷག་བསམ་ལ་དགའ་བའི་མི་ཚོགས་ཤིག་ལྷག་བསམ་གྱི་བསླུ་བྲིད་འོག་རྣམ་དཔྱོད་ཀྱི་མཁའ་མཐར་འཁྱམ་ནས་འགྲོ།
༢༢
རི་མགོར་བུད་ན་རླུང་གིས་འགྲམ་ལྕག་བཞུ་བ་ཆོས་ཉིད་ཅིག་ཡིན་སྟབས་དེར་དོ་སྣང་བྱས་པས་མཐའ་དག་པ་མེད།
༢༣
ཚད་དང་བསྟུན་མི་ཤེས་པ་ལས་ལྷག་པའི་གླེན་རྟགས་ཤིག་མེད།
༢༤
དབང་ཆ་ལས་འཇིགས་སུ་རུང་བ་མི་འདུག་སྟེ་མི་ཞིག་གི་ལག་ལ”དབང་ཆ”ཟེར་བའི་སྟོབས་ཤུགས་ཆེ་འབྲིང་ཆུང་བ། སྲ་ངར་རྙི་གཉོམ་གང་ཞིག་ཐོབ་རུང་དེས་མི་དེ་གཞན་ཞིག་ལ་རྩ་ནས་བསྒྱུར་འགྲོ་བ་མིག་མཐོང་ལག་ཟིན་ནོ།།
༢༥
ད་ལྟའང་ད་དུང་ང་ཚོའི་ག་ས་གང་ན་བཀས་བཀོད་རྒྱུད་འཛིན་གྱི་དྲི་མས་ཁྱབ་འདུག
༢༦
འུ་ཅག་གི་སློབ་མའི་ལགས་སོ་སློབ་སྦྱོང་དང་དགེ་རྒན་གྱི་འགྲམ་ལྕག་སློབ་ཁྲིད། དགེ་དཔུང་གི་རང་ལྟ་མཆོག་འཛིན་གྱི་འཐབ་རྩོད། སློབ་གྲྭའི་གཞོག་གཏུབ་སློབ་གསོ་འདིར་འཕོ་འགྱུར་ཞིག་འབྱུང་རྒྱུ་ཡོད་དམ།
༢༧
མི་ཞིག་གི་ཐོག་ལ་ཅི་ཞིག་སྨྲ་རྒྱུར་ཅི་ཡང་མི་འདོད་པའི་མི་སྐོར་ཞིག་ཡོད་པ་དེ་དག་གི་སྔུན་ནས་རྒྱས་པ་བྱས་ནས་འགྲོ་བ་ཐབས་མཆོག་ཅིག
༢༨
འཛུམ་མདངས་ནི་རྣམ་འགྱུར་ཞིག དེས་རང་དང་ཕ་རོལ་བོར་དགའ་བདེ་སྟེར་བ་ལས་ཅི་ཞིག་ལ་ཁག་ཐེག་ནི་བྱ་མི་ཐུབ། དེ་བས་གཞན་གྱི་འཛུམ་མདངས་མཐོང་བ་དང་རང་གི་དཔྱོད་ཤེས་གཡུགས་པར་མི་བྱ།
༢༩
ཁ་ལེན་ཚིག་བརྩི་བྱེད་དྲགས་ན་མི་སུས་ཀྱང་འགོ་བཅའ་འཇོག་པ་མ་ཟད། དོན་དག་གང་ལའང་ཐེ་གཏོགས་བྱེད་མཁན་འབྱུང་བ་རེད།
༣༠
མི་ཞིག་གི་ངོ་ལ་བལྟས་ནས་ཁ་ཡག་ངོ་དགའ་འཁྲབ་པ་ལས་ཁ་རོག་གེར་རང་གི་མཐའ་འཁོར་གྱི་མི་རེ་རེའི་གྲུབ་འབྲས་ལ་ཡི་རང་དང་འཇོན་ནུས་ལ་ཁ་མིག་ཡར་ལྟ། ལེགས་པའི་ཡོན་ཏན་ལ་སློབ་སྦྱོང་བྱས་པས་དགའ།—མི་ཚེ་གང་བོར་ས་གནས་གཅིག་ནས་འདུག་རྒྱུའི་རེ་བ་མ་རྒྱག
༣༡
འཚུབ་ཆའི་ནང་ན་འདྲེ་ཡོད།
༣༢
ཁྲིད་འགན་ཁུར་བའི་དགེ་རྒན་ཚོ་སོ་སོའི་འཛིན་གྲྭ་དེ་དང་འབྲེལ་བའི་དགའ་སྡུག་གི་མྱོང་བ་རྣམས་འཛིན་གྲྭ་དེའི་འཛིན་བདག་དགེ་རྒན་གྱི་སྔུན་ལ་ཡོང་ནས་བསྟོད་གླུ་འདྲ་འདྲ། སྡུག་སྨེ་འདྲ་འདྲ་གྱེར་འདོན་བྱ་རྒྱུར་དགའ་ཚོད་རེད། རྒྱུྱ་མཚན་རང་འགན་སུ་ཞིག་གི་མགོ་ལ་འཕེན་ཐབས་འཚོལ་བའམ་མ་མཐའ་ཡང་རང་གིས་རང་ལ་སེམས་གསོ་ཙམ་རྙེད་ཐབས་འཚོལ་བཞིན་ཡོད་ངེས་རེད། ཡིན་ཡང་འཛིན་བདག་དགེ་རྒན་གྱི་སྔུན་ལ་ཡོང་ནས་འཁྲབ་སྟོན་གྱི་བགྱི་བ་ལྷུར་ལེན་མཁན་དག་ལ་ཁོ་བོས་འདི་ལྟར་ལབ་འདོད་དེ། སྐུ་ཉིད་བསླབ་ཚན་དེ་འཁྲིད་པའི་དགེ་རྒན་ཡིན་ཆ་ནས་རང་གི་བསླབ་ཚན་དང་འབྲེལ་བའི་འཛིན་གྲྭ་དེའི་གནད་དོན་དག་ནི་རང་ཉིད་ཀྱི་གཟི་དཔལ་ངོམ་པའི་སྟེགས་བུ་ཡིན་པས་ཉིད་ཀྱི་དགའ་བ་ཉིད་ཀྱི་མྱོང་ལ་ཉིད་ཀྱི་སྡུག་བསྔལ་ཉིད་ཀྱིས་དགྲོལ་བར་ཞུ་སྟེ། དེ་ཡང་ཏག་ཏག་སྐུ་ཉིད་འཛིན་གྲྭ་དེའི་འགན་ཁུར་བའི་ཁྲོད་ཞུགས་པའི་དགེ་མཚན་ཉིད་གཅིག་ལགས་ཞེས་སྨྲ་འདོད་པ་ཡིན།
༣༣
ང་ཚོས་ལོ་ཆུང་བྱིས་པའི་སྔུན་ནས་སྒོར་མོ་དང་འབྲེལ་བའི་གཏམ་རྒྱུད་སྤེལ་ཉེས་བྱེད་ཀྱིན་འདུག ནམ་ཞིག་རང་ཚོའི་བྱིས་པ་དག་ལ་སྒོར་མོ་ལས་མི་གཤིས་མེད་པ་ཆགས་ན་ཆེན་པོ་སྤྱི་ཚོགས་ལ་འཆམ་མཐུན་མེད་པ། མ་རྐང་ཁྱིམ་ཚང་ལ་བདེ་སྐྱིད་མེད་པ། བྱེ་བྲག་མི་སྒེར་ལ་འཚོ་བའི་སྙིང་བོ་མེད་པ་འབའ་ཞིག་ལས་འོང་རྒྱུ་མེད།
༣༤
དགོད་པ་དང་ངུ་བ་གང་ཡང་སྙིང་སྟོབས་ཤིག་ཡིན།
༣༥
ཁྱོད་ཀྱི་དབང་ཆས་ཁྱོད་རང་གི་དགའ་སྡུག་མཚོན་པར་བྱས་ན་དེ་ནི་སྒེར་གཅོད་ཅིག་མ་རེད་དམ།
༣༦
ང་རང་སེམས་ངོ་ཟིན་ལ་མི་ཟིན་པའི་བྱིས་ཕྲུག་ཅིག་ཡིན་དུས་སུ་ཉེ་དུ་དང་ཁྱིམ་མཚེས་ཚོའི་ལོ་ལོན་རྒན་རྒོན་དག་རི་ཆུ་ལུང་གསུམ་བརྒལ་ནས་ཁྱིམ་ཚང་རེ་རེར་ཕར་བཞུད་ཚུར་བཞུད་བྱེད་རྒྱུ་ཧ་ཅང་དགའ་བ་མ་ཟད། མེས་པོའི་ལོ་རྒྱུས་དང་གེ་སར་སྒྲུང་རབས། ལྷ་མོའི་རྣམ་ཐར། བླ་མ་དང་དཔོན་པོའི་མཛད་རྗེས། རང་ས་རང་ཡུལ་དང་འབྲེལ་བའི་བྱུང་རབས། གཏམ་རྒྱུད། མི་རྒོད་མཁས་པས་མཚོན་པའི་ཁ་བརྡ་གློད་རྒྱུ་དེ་བས་དགའ་ལ་ཉན་མཁན་ཉན་མཁས་པ་དང་འཆད་མཁན་འཆད་མཁས་པས་ཡིད་སེམས་རབ་ཏུ་དྲངས་འགྲོ་བ་ཡིན།
(ཁོ་བོའི་ཀླད་པར་ད་ལྟའང་ད་རུང་སྐབས་དེའི་ཡུལ་དངོས་གསོན་པོ་ལྟ་བུར་ཡལ་མྱོང་མེད་ལ་ཡལ་དུ་འཇུག་འདུན་ཡང་ཡེ་ནས་མེད་དེ། ངའི་འཆར་ཡན་གྱི་བཞི་ཆའི་གཅིག་གི་འབྱུང་ཁུངས་བག་ཆགས་དེའི་ཁྲོད་ན་གནས་ཡོད)
ཡིན་ན་ཡང་བགྲང་བྱ་བཅུ་ཕྲག་ཙམ་གྱི་དུས་ཚོད་འདིའི་ནང་བླ་ན་འགངས་པའི་གོམས་རྒྱུན་དེ་ཚགས་སུ་བླུགས་པའི་བྱེ་མ་བཞིན་རྣམ་པ་དང་གྲངས་ཀ སྤུས་ཀ་མཐའ་དག་མང་བ་ནས་ཉུང་བ། བཟང་བ་ནས་ངན་པ། ཞན་པ་ནས་མེད་པ་ཆགས་བཞིན་པའམ་ཆགས་ཟིན་པ། ཡང་ན་འཕྲོ་ནས་འཕྲོར་མཐུད་དེ་ཆགས་རྒྱུ་ཡིན་པ་དེའི་ལམ་དུ་ཞུགས་ཡོད་པ་ཙམ་མ་ཟད། ད་ལྟ་རུ་སྐོར་གཅིག་ཏུ་གནས་ཤིང་ཕན་ཚུན་གཤིབ་ནས་བསྡད་ནའང་སྤྱིར་བཏང་གི་ཁ་བརྡ་ཙམ་ཡང་མེད་པ་ཆགས་ནས་འགྲོ་བཞིན་པ་འདི་ནི་ངས་བསམ་ན་མི་རིགས་ཤིག་གི་རིག་གནས་ཀྱི་རྨང་གཞིའི་རྣམ་ཤེས་འབོར་བཞིན་པའི་སྣང་ཚུལ་ཞིག་རེད་འདོད།
༣༧
དང་ཐོག་ནུབ་བྱང་གི་རྒྱ་མིའི་ཤན་ཞུགས་པའི་མདོ་ལྷོའི་ཁོ་བོ་བྲེལ་འཚུབ་དང་ཁེར་བསྐྱོད་ཀྱི་འཚོ་བར་གོམས་དྲགས་པས་རྔ་ཁུལ་མཛོད་དགེ་ཕྱོགས་ཀྱི་སྐྱ་སེར་ཐམས་ཅད་ཇ་ཁང་དུ་འཛོམས་ཤིང་འདུས་ནས་སྤྱིར་བཏང་གི་ཇ་སྣ་རེ་འཐུང་བཞིན་དུས་ཚོད་གང་མང་གཏོང་བཞིན་པ་དེར་ཧ་ཅང་མི་གོམས་པ་ཙམ་མ་ཟད། གོམས་སྲོལ་དེར་ཞེན་ལོག་ཀྱང་སྐྱེ་མྱོང་། ཡིན་ནའང་ཁོང་ཚོའི་གོམས་སྲོལ་དེར་གོམ་གང་མདུན་སྤོས་ཀྱིས་རྒྱུས་ལོན་བྱུང་བ་དང་བསྟུན་ནས་ཁོ་བོ་འགྲོ་ལུགས་དེར་དགའ་བར་གྱུར་ཞིང་རང་གི་འཚོ་གནས་ལྟ་ཚུལ་ལའང་འགྱུར་བ་ཕྲན་ཙམ་བྱུང་བ་ནི་འཚོ་བ་ནི་བག་ཕེབས་དང་རྣམ་པ་ཀུན་ཏུ་རང་ཉིད་སྒེར་སྡོམ་བྱེད་པ་བསྐྱུར་ནས་ཚོགས་སྤྱི་སྐོར་ཁའི་ནང་ལ་ཟབ་ཞུགས་བྱས་ཏེ་བཟང་ངན་དགེ་སྡིག་གི་གོ་ཐོས་རིག་གསུམ། ལྟ་ཚུལ་མྱོང་ཚོང་ཕན་ཚུན་ལ་ཁ་བརྡ་གློད་རེས་བྱས་ནས་རོལ་བ་ནི་ཤེས་རབ་ཀྱི་བླང་བྱ་ཞིག་རེད་སྙམ་པ་བྱུང་།
༣༨
སྟག་དང་བར་ཐག་གོམ་པ་གསུམ་བཞི་ཙམ་ལས་མེད་ཅིང་སྐབས་དེར་སྟག་གི་མཐོང་ལམ་དུའང་ལྷུང་བ་ཡིན་ན་འབྲོ་བ་ལས་སྲོག་དང་བསྡོས་ནས་རྒོལ་བ་བཟང་།
༣༩
གྲོག་མ་གཅིག་གིས་གླང་ཆེན་གྱི་ལམ་འགག་མི་ཐུབ། ཡིན་ན་ཡང་། གྲོག་མའི་དཔུང་ཁག་ཆེན་པོ་ཞིག་གིས་གླང་ཆེན་གྱི་ཚེ་སྲོག་ཀྱང་གཞོམ་ཐུབ་རེད།
༤༠
བུད་མེད་ཚོར་ཁྱད་ཆོས་རང་བཞིན་གྱི་གཤིས་ཀ་རིགས་ཤིག་ཡོད་པ་ནི་སོ་སོའི་གནས་སྐབས་ཀྱི་དགའ་སྡུག་དང་འབྲེལ་ནས་མཐའ་འཁོར་གྱི་མི་ལ་ལྐོག་ནས་ངན་བཤད་བྱེད་རྒྱུར་དགའ་བ་དེ་ཡིན། ཡིན་ཡང་དེ་ལ་དོ་སྣང་བྱེད་པའི་དགོས་པ་མེད་དེ་གཏིང་སེམས་ན་འཛིན་པ་སྲ་མོ་ཅང་མེད་པས་དུས་ཚོད་ཐུང་ཐུང་གི་ནང་དུ་རླུང་ཁ་གཞན་ཞིག་ཏུ་ལོག་འགྲོ་བ་ཡིན་ལ། ཕྱོགས་གཞན་ཞིག་ནས་བཤད་ན་དེ་ནི་ཁོ་མོ་ཚོ་སྙིང་ཉེ་བའི་འདྲེན་ཤུགས་ཤིག་ཀྱང་ཡིན་ནོ།།
༤༡
སློབ་སྦྱོང་ནི་ལུས་སེམས་ཀྱི་སྦྱོང་བརྡར་རོ།།
༤༢
སློབ་གྲྭར་ཅིའི་ཕྱིར་ཡོང་བ། ཡོང་བའི་དགེ་མཚན། ཇི་ལྟར་ཡོང་དགོས་པ(སེམས་ཁམས་འཛིན་སྟངས་ཀྱི་ཆ) སློབ་སྦྱོང་ཅིའི་ཕྱིར་བྱེད་པ། སློབ་སྦྱོང་བྱས་པའི་དགེ་མཚན། ཇི་ལྟར་བྱེད་དགོས་པའི་དམིགས་གནད་དག་གཞིར་བཟུང་ནས་སློབ་མར་སློབ་སྦྱོང་ལྟ་བ་ཡག་པོ་ཞིག་བཟོ་བསྐྲུན་བྱེད་རྒྱུ་ཧ་ཅང་གལ་འགངས་ཆེ་བ་སློབ་མའི་ངོས་ཐད་དང་སློབ་གསོ་ཅིའི་ཕྱིར་སྤེལ་བ། སྤེལ་བའི་དགེ་མཚན། ཇི་ལྟར་སྤེལ་རྒྱུ་ཡིན་པ། སློབ་ཁྲིད་ཅིའི་ཕྱིར་བྱེད་པ། བྱས་པའི་དགེ་མཚན། ཇི་ལྟར་བྱེད་རྒྱུ་ཡིན་པ་སོགས་ཀྱི་ཐོག་ནས་དངོས་ཐོག་བདེན་འཚོལ་སྒོས་རང་ལ་སློབ་གསོ་སློབ་ཁྲིད་ལྟ་བ་བཟང་བོ་ཞིག་གི་གཞི་རྟེན་ཡོད་པ་བྱེད་རྒྱུ་དགེ་རྒན་གྱི་དངོས་ཐད་དུ་གལ་འགངས་ཆེ་བ་གཉིས་ནི་སློབ་གསོའི་ལས་དོན་ཁྲོད་ཀྱི་ཆེས་རྩ་བའི་བསམ་བློའོ་ཐོག་གི་གལ་འགངས་ཆེ་བ་རིགས་གཉིས་སོ།།
༤༣
བློས་བཏང་བ་མེད་ན་ཐོབ་པའང་མེད།—འཇིག་རྟེན་གྱི་ཡོད་ཚད་ཆ་རྐྱེན་ཅི་ཡང་མེད་པར་རང་ལ་ཐོབ་འདུན་གྱི་རེ་སྟོང་མ་རྒྱག
༤༤
ཁྱི་ཚོགས་ཀྱི་རྗེས་སུ་རྒྱུག་པས་ནམ་ཡང་ཁྱི་ཚོགས་ཀྱི་སྔོན་དུ་སླེབས་མི་ཐུབ། རྒྱུ་མཚན་རྗེས་སུ་རྒྱུག་པའོ།།
༤༥
སློབ་གསོ་ཅི་འདྲའི་དར་རྒྱས་ཤིག་ཡོད་པ་དེ་ཙམ་གྱི་སྤྱི་ཚོགས་ཤིག་ཡོད་ལ་སྤྱི་ཚོགས་ཅི་འདྲའི་དར་རྒྱས་ཤིག་ཡོད་པ་དེ་ཙམ་གྱི་སློབ་གསོ་ཤིག་ཀྱང་ཡོད་དོ།།
༤༦
ངོ་ཚར་མི་འཛེམ་པའི་འགྲན་རྩོད་ཅིག་གིས་ལེགས་པའི་གྲུབ་འབྲས་སམ་མི་འབྲེལ་སྙོམས་སྒྲིག་གི་མདུན་སྐྱོད་ལེགས་པོ་བྱ་ཐུབ་བམ།—འགྲན་རྩོད་གལ་ཆེ་བ་བཞིན་ངོ་ཚར་ཡང་གོ་བ་ལོན་དགོས་སོ།།
༤༧
ཟས་ཆང་གང་ཡང་ཁོ་རང་གི་རྒྱུ་སྤུས་བྲོ་བ་ལས་གཞན་ད་རུང་གལ་ཆེ་བ་ཞིག་ནི་ཟ་རོགས་འཐུང་རོགས་སྐྱིད་པོ་ཞིག་ཐོབ་མིན་ཏེ། ཟ་རོགས་འགྲིག་ན་ཡི་ག་ཡོད་ལ་འཐུང་རོགས་བཟང་ན་སྣང་བ་བསོད།
༤༨
འུ་ཚོའི་ཁྱིམ་བདག་ཕལ་མོ་ཆེས་སློབ་གསོ་གཏོང་བའི་རྒྱུན་ཤེས་ལེགས་པོ་ཆགས་མི་འདུག་པས་རང་ཚོའི་བྱིས་པ་ཚོར་ཁ་ཏ་བསླབ་བྱ་གཏོང་སྐབས་སོ་སོའི་དགའ་སྡུག་དང་ལྟ་ཚུལ་འདོད་བློ་ཉིད་འབའ་ཞིག་གི་དབང་དུ་འགྲོ་བ་ལས་ཏག་ཏག་བློ་རྩེ་རྣལ་དུ་ཕབ་ནས་རང་དང་བྱིས་པའི་བར་གྱི་སློབ་གསོ་གཏོང་མཁན་དང་གཏོང་ཡུལ། གཏོང་དགོས་པའི་རྒྱུ་མཚན། བཏང་བའི་དགེ་མཚན། གྲུབ་འབྲས་སོགས་ལ་ཁ་གཏད་དེ་རང་ཁོ་ནའི་དགའ་ཁ་འཁྱེར་སོའི་དབང་དུ་མ་སོང་བར་སྐབས་ཐོག་གང་དུའང་བྱིས་པའི་ཕྱོགས་དང་བྱུང་བའི་དོན་དག་གི་ཕྱོགས་ཏེ་སྣེ་གསུམ་ནས་འཐུས་ཚང་བབ་བསྟུན་བྱ་ཐུབ་ཀྱིན་མི་འདུག དཔེར་ན། ཕ་མ་གཉིས་ཀ་དགའ་བའི་སྐབས་དང་ཁེལ་ན་ནོར་འཁྲུལ་ཅུང་ཚབས་ཆེན་ཞིག་བཟོས་ཀྱང་བྱིས་པར་ཀུ་ཡངས་ཐོབ་པ་དང་གཉིས་ཀ་ཁམས་མི་དྭངས་པའི་སྐབས་དང་ཁེལ་ན་ངན་པ་གཉིས་ལོག་གིས་ཁ་རྡུང་གཏོང་བ། དེ་བཞིན་ཕས་སློབ་གསོ་གཏོང་སྐབས་མས་བྱིས་པའི་ནོད་བྱས་ཏེ་ཁྱོ་གར་རྒོལ་མཚང་འདྲི་བ་དང་མས་སློབ་གསོ་གཏོང་སྐབས་ཕས་ནོད་བྱས་ཏེ་ཆུང་མར་ཟུར་ཟ་བ་ལྟ་བུ་སྟེ་སོ་སོའི་དགའ་ཁ་འཁྱེར་སོའམ་དགའ་སྡུག་གི་དབང་དུ་འགྲོ་བ་ལས་བྱིས་པའི་བསླབ་བྱ་ཐེག་པའི་ཆུ་ཚད་དང་ཐེག་འོས་པའི་དམིགས་ཚད། ནོར་འཁྲུལ་བཟོས་པའམ་དོན་བཟང་སྒྲུབ་པ་དེ་དང་འབྲེལ་བའི་དོན་དག་དབྱེ་ཞིབ། ཕྱོགས་སྡོམ། རང་གིས་སློབ་གསོ་གཏོང་ཚུལ། གཏོང་སྐབས་ཀྱི་སྨྲ་བརྗོད། རྣམ་འགྱུར་སོགས་ལ་བསམ་བློ་གང་ཡང་མི་འཁོར་བ་ཆགས་འདུག་པ་ནི་སློབ་གསོའམ་མི་གསོ་སྐྱོང་བྱེད་པའི་གནད་དོན་ཞིག་ཡིན་པ་ཙམ་མ་ཟད་སྤྱི་ཚོགས་དེའི་སྲིད་འབྱོར་རིག་གསུམ་ལའང་ཤན་ཞུགས་ཚད་ཐུ་བའི་གནས་ཚུལ་ཚབས་ཆེན་ཞིག་རེད།
༤༩
ཚོགས་སྤྱི་འདི་ནི་སྐད་ཆ་མེད་ཅིང་གྲག་འགུལ་མེད་པའི་མི་ལ་དགའ་བ་འདྲ་གཤིས་སློབ་གསོས་ཀྱང་མི་ཞིག་རྒོད་པོ་ནས་གཡུང་མོ་དང་པྲ་ཚག་ནས་འཇམ་ཅག་གེར་སྡོད་པའི་དམིགས་འབྲས་ཟ་ཟུར་གང་མང་ནས་བཟོ་བཞིན་ཡོད་ལ། དེ་ཡི་སྟོབས་ཀྱིས་ད་ལྟ་མི་ཆེ་ཆུང་མཁས་བླུན་གྲངས་མེད་པས་ཉིན་རེའི་འཚོ་བའི་ཁྲོད་སྤྱོད་པའི་ཆེས་སྤྱིར་བཏང་གི་སྐད་ཆ་སྟབས་བདེ་དམ་དུམ་དང་ཆེས་ཕལ་བའི་གྲག་འགུལ་ཐན་ཐུན་ལས་ཐོད་བརྒལ་བྱེད་ཐུབ་ཀྱིན་མེད་ལ་བྱེད་པའི་སྙིང་སྟོབས། བྱེད་སའི་ཁོར་ཡུག་ཀྱང་མེད་དེ། གཟུགས་ཅན་དུ་བླངས་ནས་བལྟས་ན་དམག་འཁྲུག་དང་མུ་གེའི་ཁྲོད་ཀྱི་མི་སེར་དཀྱུས་མའི་འཆི་བདག་ལ་སྒུག་པའི་རྣམ་པ་དང་ཨ་ན་པ་ན་རེད།
༥༠
མི་བཟང་གང་མང་ཞིག་བསམ་ངན་སྦྱོར་ངན་དག་གི་ལག་ནས་ཕམ་ཞིང་རིག་འོག་ཏུ་ཚུད་དགོས་པའི་འགག་རྩ་ནི་མི་དེ་དག་གིས་མི་བཟང་གི་སྟེགས་བུར་གནས་པ་དེ་དག་གི་སེམས(ཧ་ཅང་དགའ་ཞིང་སྤྲོ་ས། གཅེས་ཤིང་དུང་ས། མེད་ཐབས་མེད་པ། དེའི་དོན་དུ་སྲོག་འབུལ་ཐུབ་ས)གང་ན་ཡོད་པ་ཤེས་པའི་རྒྱུ་མཚན་གྱིས་རེད་དེ། ནམ་རྒྱུན་ཁོ་ཚོའི་སེམས་གང་དུ་གནས་པར་བརྟག་ཅིང་དཔྱད། བཙལ་ཞིང་རྙེད་པས་ན་མི་བཟང་ཚོ་དབང་མེད་ཁག་མེད་དུ་མངའ་འོག་ཏུ་བསྡུས་ཏེ་ཇི་ལྟར་བརྙས་བཅོས་དང་དམའ་འབེབས། གནོད་འཚེ་བཟོས་ཀྱང་མི་བཟང་དེ་དག་མཐོང་ཡང་མ་མཐོང་ཁུལ། ཤེས་ཀྱང་མ་ཤེས་ཁུལ། ཀླད་པ་ཡོད་རུང་བཀོལ་ཐབས་མེད། ལག་པ་ཡོད་རུང་འགུལ་ཐབས་མེད་པ་དེ་འདྲའི་ངང་གནས་དགོས་པའི་ཕྱོགས་ལ་སྐྱེལ་འགྲོ་བའོ།།
༥༡
མི་ཞིག་ལ་ཕན་འདོགས་པའམ་གནོད་འཚེ་བཟོ་བར་འདོད་པ་གང་ཞིག་ཡིན་ཡང་ཐོག་མར་ཡུལ་དེའི་སེམས་གང་ན་ཡོད་མེད་ཤེས་རྒྱུ་ནི་གནད་ཀྱི་དོན་པོ་ཡིན་ཏེ། ཚོད་ཚོད་ལ་ཁ་གཏད་ཡུལ་དེ་འབྲེལ་གྱི་བྱ་འགུལ་སྤེལ་བ་ནི་ས་སྟོང་བར་འཕངས་པའི་མེ་མདའ་དང་གཉིས་སུ་མེད།—མི་འབྲེལ་དུ་བྱ་བ་གང་ཞིག་སྒྲུབ་ཀྱང་ཐོག་མར་རང་གཞན་གཉིས་ཀྱི་སེམས་གང་ན་གནས་པ་ཤེས་རྟོགས་བྱེད་པ་ནི་སྔོན་འགྲོ་དང་དེ་ཤེས་རྟོགས་ཀྱི་རྗེས་ཕན་ཚུན་ལ་དང་ལེན་དང་བརྩི་བཀུར། རོགས་རེས། མཐུན་འབྲེལ། བློ་དཀར། ཕྱི་ཐག་རིང་བར་འབྲེལ་གཏུག་འོང་རེས་བྱེད་ཐུབ་པ་བྱུང་བ་ནི་ཕན་ཚུན་གྱི་སེམས་རྟོགས་པའི་དགེ་མཚན་ནོ།།
༥༢
ཕྱོགས་རེས་མེད་པར་འཚོ་བ་ནི་ཆེས་དཀའ་ཚེགས་ཆེ་ལ་ཆེས་ཕུལ་དུ་བྱུང་བའི་འཚོ་ཐབས་དེ་ཡིན།
༥༣
གལ་སྲིད་ཁྱོད་ཀྱིས་མི་གཞན་པ་དེ་བཀག་ནས་འགྲོ་རུ་མི་འཇུག་པ་ཡིན་ན་ཁྱོད་ཀྱིས་ཀྱང་མི་གཞན་པ་དེ་དང་མཉམ་དུ་དུས་ཚོད་བརླག་དགོས་པ་ཡིན། ཏག་ཏག་སྐབས་དེར་མི་གསུམ་པ་ཞིག་འོང་བར་མི་འགྱུར་བའི་སྨོན་ལམ་ཏེ་ཐོན་ན་ནི་ཁྱེད་གཉིས་ལའང་ཅི་ཡང་མ་ཐོབ་ཚར་བའོ།། དེ་བས་ལག་ཡ་དང་མཉམ་དུ་ཐིག་ལམ་གཅིག་གི་སྟེང་ནས་རྒྱུག་དུས་ཁོའི་སྔོན་དུ་ཨེ་སླེབས་ལྟ་རྒྱུ་ལས་ཁོའི་སྔུན་འགག་པ་ནི་རང་གཞན་གཉིས་ཀ་བརླག་ངེས་ཀྱི་ནོར་འཁྲུལ་ལོ།།
༥༤
ང་ཚོས་རང་གི་ཕ་མའི་བདེ་ཐང་ལ་སེམས་ཁུར་བྱེད་བཞིན་པའི་སྐབས་ནི་ཏག་ཏག་རང་གི་ཕ་མར་ཤ་ཚ་བཞིན་པའི་སྐབས་ཡིན་པ་འདྲ།
༥༥
ཡོན་ཚད་བདོག་ན་དཀའ་བ་སླ་བར་གཏོང་བ་ལས་སླ་བ་དཀའ་བར་གཏོང་མི་འོས་སོ།།
༥༦
སེམས་རྒྱ་ཇི་ལྟར་ཆུང་ན་ཨ་ཐང་དེ་ལྟར་ཆད་སླ།
༥༧
དབང་ཆ་རྒྱལ་བོའི་ལག་ན་ཡོད། བཀོད་པ་བློན་པོའི་ལག་ན་ཡོད། འདུར་རྒྱུག་ལས་མའི་ལག་ན་ཡོད།
༥༨
མཛེས་པ་ནི་འཇའ་ཚོན་ཏེ། ཁ་དོག་སྣ་ལྔ་གཞུ་དབྱིབས་ཀྱི་ལམ་ཞིག་ཏུ་བར་སྣང་ནས་གྲུབ་ཏེ་ཐ་ན་ཁྱོད་རང་ཉིད་ཀྱིས་ཀྱང་ལོངས་སྤྱད་མ་མྱོང་བའི་རང་སེམས་ཀྱི་འགུལ་སྤྱོད་དེ་འཕུར་ལྡིང་བྱེད་དུ་འཇུག་ཅིང་ཟུག་གཟེར་དེས་ཁྱོད་ཀྱི་ཡོད་ཚད་ལྷ་སྒྲུང་ཁྲོད་ཀྱི་དག་ཞིང་དུ་འབོད་པ་དེར་སྣེ་ལེན་བྱས་འགྲོ་བའོ།།
༥༩
བོད་ཀྱི་གཏམ་དཔེ་ནི་བོད་ཀྱི་མི་ཆོས་རིག་པའི་ཀུན་བཏུས་གླེགས་བམ་སྟེ་དེ་རུ་བོད་དང་བོད་ཀྱི་མི། བོད་ཀྱི་མིའི་འདུ་ཤེས། སེམས་ཁམས། ཆགས་སྡང་། རྣམ་དཔྱོད། ལོ་རྒྱུས། དད་མོས་ཡོད་ལ། བོད་ཀྱི་རི་ཆུ་ལུང་གསུམ། བྱ་བྱེའུ་འབའ་འབུ། རི་དྭགས། གཅན་གཟན། སྒོ་ཕྱུགས། རི་ར་བ་ཁང་ཁྱིམ། རྩྭ་རྩི་ཤིང་། ཆུ་གནས་ཉ་རིགས་མཐའ་དག་ཡོད་པ་མ་ཟད། ད་དུང་དེ་དག་སྙན་ངག་འདྲ་འདྲ། རོལ་དབྱངས་འདྲ་འདྲ། གཏམ་རྒྱུད། རྒྱ་མཚོ། གད་རྒྱངས། གངས་རི། ལུང་བསྟན། རི་མོ། གློག་བརྙན། ཉི་འོད། ཆབ་རོམ། ཆུ་མིག་འདྲ་འདྲར་བཞེངས་ནས་ཡོད་པས་དེས་མི་ཞིག་མེད་པ་ནས་ཡོད་པ། ཐ་ནས་འགོ ངན་ནས་བཟང་། བླུན་པ་ནས་མཁས་པར་གཏོང་ལ་དེའི་ལུགས་ལྡོག་གི་འབར་བ་ནས་ཞུ་བ། འཕུར་བ་ནས་ནུར་བའང་བྱེད་ཐུབ་སྟབས་དེ་ནི་བོད་ཀྱི་ཁྲིམས་དང་སྤྱོད་ལམ། རིན་ཐང་ལྟ་བ། བསམ་བློའི་སྡོམ་ཚིག་དང་གན་རྒྱ། བཅའ་ཡིག མནའ་ཚིག་ཀྱང་ཡིན་ནོ།།
༦༠
གནད་དོན་ལ་ལ་ཞིག་ལ་དེ་འདྲའི་འདང་མང་བོ་མ་བརྒྱབས་ན་བཟང་སྟེ་དཔེར་ན་རྣམ་ཤེས་དང་སྐྱེ་བ་སྔ་ཕྱི། སྐྱེ་ཁུངས་ལྟ་བུའི་གནད་དོན་དག—མི་ཡང་རང་བྱུང་ཁྲོད་ཀྱི་རང་བྱུང་ཞིག་ཡིན་པ་དེ་ཙམ་པས་མི་དང་འབྲེལ་བའི་གནས་ཚུལ་ཐམས་ཅད་ལ་དགུ་དགུ་གྱ་གཅིག་གི་རྒྱུ་མཚན་ཆིག་ཐུབ་ཅིག་ཡོད་པའི་ངེས་པ་མེད།
༦༡
རིག་གནས་ནི་འཚོ་བ་རོལ་སྟངས་ལས་བྱུང་ཞིང་ཕྱིར་འཚོ་བ་རོལ་སྟངས་ལ་ཞབས་ཞུ་སྒྲུབ་བཞིན་པའོ།།
༦༢
རོལ་མྱོང་བ་ཞིག་གི་ཆའི་ཀྲུང་གོའི་གློག་བརྙན་གྱི་མི་འདང་ས།
༡.ཕྱོགས་ཞེན་གྱི་རྣམ་པས་བཀང་ཡོད་པ། (ཟ་ཟུར་གང་སར་ཀྲུང་གོའི་མི་ནི་འཕགས་ཚུལ་དང་དེ་ལས་གཞན་པའི་མི་ངན་པའམ་གཞན་པར་གོ་ས་ཅི་ཡང་མི་འཇོག་པ། ཡང་ན་ཀྲུང་གོ་དར་རྒྱས་ཡོད་ཚུལ་སོགས་ངན་པ་རང་བསྟོད་ཏག་ཏག་བྱེད་པ)
༢.མཉམ་ལས་ཀྱི་རྣམ་པ་རྩ་བ་ནས་དཀོན་པ། (དུས་དང་རྣམ་ཀུན་ཡང་ན་མི་ཁེར་མགོ་ཞིག་གི་རྟོགས་བརྗོད་དམ་ཡང་ན་ཟུར་སྣེ་རང་ག་བ་དེ་འབའ་ཞིག་གི་གནས་ཚུལ། ཡང་ན་མི་སེམས་ཀྱི་འགྱུར་ལྡོག་ཡན་གར་བ་ཞིག་བསྐྱར་ཟློས་ཡང་ཟློས་ཀྱིས་རྐྱེན་དང་རིམ་པ། མཇུག་འབྲས་ཏག་ཏག་བཤད་ནས་གཙོ་མི་དེ་རྩ་བར་བཟུང་ཐོག་མི་སྣ་གཞན་པར་བླ་སྲོག་མི་འཇོག་པ་དང་ཟུར་སྣེ་གཞན་པའི་བློ་རྩེ་མི་སྐྱེད་པ། གུ་ཡངས་པའི་བར་སྟོང་མེད་པར་བྱས་པ)
༣.གནས་ལུགས་དམར་རྗེན་ལབ་རྒྱུར་དགའ་བ། (ཞིབ་འཇུག་བགྲོ་གླེང་ཞིག་དང་འདྲ་བར་འཇིག་རྟེན་གྱི་ཡོད་ཡོད་ཚད་ཚད་རྟོགས་ཅིང་གཞལ་བ་ལྟ་བུའི་སྐད་ཆ་སྐམ་པོ་མང་བ)
༤.མི་སྣར་རང་གཤིས་མེད་པ། (སྐད་ཆ་དང་རྣམ་འགྱུར་གང་ལའང་རང་ཆིག་ཐུབ་ཀྱི་གཤིས་ཀ་ཞིག་མེད་པར་ཁ་བསགས་དང་ཚུལ་འཆོས་ཀྱི་རྣམ་པས་བཀང་ཡོད་པ)
༥.རྩེད་མཚར་གྱི་རྣམ་པ་མང་དྲགས་པ། (བཞད་གད་མང་བ། དགོས་མེད་ཀྱི་ཆོ་འཕྲུལ་མང་བ། མི་མཛའ་བའི་རྟོག་བཟོ་མང་བ། ངུ་འོས་དུས་དགོད་ཅིང་དགོད་འོས་དུས་ངུ་བ)
༦.ཟུག་གཟེར་སློང་བྱེད་ཀྱི་རྣམ་པ་ཉུང་བ། (འགོ་ནས་འཇུག་བར་དོན་གྱི་བྱུང་རིམ་དེ་འབའ་ཞིག་ལས་ཟུར་སྣེ་སྣ་ཚོགས་ལ་བློ་ཁ་མི་འཕེན་ཞིང་དོན་གྱི་བྱུང་རིམ་དེ་ཉིད་ཀྱང་གནད་དོན་གཙོ་བོ་དེ་གཅིག་ལ་བརྟེན་ཡོད་པ)
༧.འགུག་ཤུགས་མེད་པ། (མགོ་རིག་དུས་ནས་མཇུག་ཚོད་དཔག་བྱེད་ཐུབ་པ་སྟེ་དོན་གྱི་བྱུང་རིམ་ལ་འགྱུར་ཁུགས་མེད་པ)
༨.ཟློས་གར་གྱི་ཆེད་དུ་ཟློས་གར་འཁྲབ་བཞིན་པའི་རྣམ་པ་མང་བ། (མི་སྣའི་རྣམ་འགྱུར་དང་དོན་གྱི་གཙོ་གནད། བྱུང་རིམ། མཇུག་འབྲས་དང་བཅས་པས་མི་ལ་རང་བྱུང་གི་བག་ཆགས་ཤིག་མི་འཇོག་པར་བཟོ་བསྐྲུན་གྱི་རྣམ་པ་མང་བ)
མདོར་བསྡུས་ན། ཀྲུང་གོའི་གློག་བརྙན་གྱི་མི་འདང་ས་ནི་གློག་བརྙན་གྱི་བཟོ་བསྐྲུན་ལ་མཁོ་བའི་ཡུལ་ལྗོངས་དང་མི་སྣ། ལག་རྩལ། སྒྲིག་ཆས། འཁྲབ་གཞུང་། རོལ་དབྱངས་སོགས་ཀྱི་ཆ་རྐྱེན་གང་གིས་ཀྱང་མ་འདང་བ་མིན་པར་ཏག་ཏག་ཀྲུང་གོའི་མི་ལ་རང་གཤིས་མེད་པ་སྟེ། འཁྲབ་སྟོན་པ་དང་འཁྲབ་ཁྲིད་པ། འཁྲབ་གཞུང་རྩོམ་པ་བོ། སྒྲིག་སྦྱོར་བ། རོལ་མོ་བ་ཐམས་ཅད་ལ་མིའི་ཡིད་འགུག་གི་རང་གཤིས་ཤིག་མེད་སྟབས་ཁོ་ཚོས་སྤྱོད་པའི་ལག་ཆ་དང་ཁོ་ཚོས་བཟོས་པའི་ཐོན་རྫས་མཐའ་དག་ལ་མིའི་ཡིད་སེམས་འཁྱེར་ཞིང་དབང་བོ་སྒུལ་བའི་རྣམ་དཔྱོད་ཅི་ཡང་མེད་པ་རེད།
༦༣
སྟག་རིག་ན་ཝ་འབྲོ་འབྲོ། ཝ་རིག་ན་སྟག་འགྱིང་འགྱིང་།
༦༤
སློབ་གྲྭ་ངན་པའི་གཙང་སྦྲར་ཚར་རྒྱུ་མེད།
༦༥
གོ་སྐབས་ནི་རང་གིས་བཙལ་ན་འཚོལ་རྒྱུ་ཡོད་པ་ལས་སུ་ལ་སློང་ན་སྟེར་རྒྱུ་མེད།
༦༦
མིག་ཤེལ་སེར་བོ་གོན་ན་འཇིག་རྟེན་ཡང་སེར་བོ་ཡིན་ལ་མིག་ཤེལ་ནག་པོ་གོན་ན་འཇིག་རྟེན་ཡང་ནག་པོ་ཡིན། རེད་དེ་མིག་ཤེལ་མ་གོན་པའམ་མདོག་མེད་ཅིག་གོན་ན་འཇིག་རྟེན་ནི་འཇིག་རྟེན་ཏེ་མི་འདྲ་བ་ཅི་ཡང་མེད་དོ།།
༦༧
སྐྱེ་བ་ནས་ཁ་ངོ་ཡོད་པའི་མི་རེ་གཉིས་ལས་མེད། དཔེར་ན། རྒྱལ་སྲས་དང་སྤྲུལ་སྐུ་ལྟ་བུ།
༦༨
བྱ་དངོས་ཤིག་གིས་རང་དང་རང་གི་གལ་ཆེ་བ་སུ་ལ་རང་བཀུར་གྱི་བསམ་པ་ཁྱེར་ཡོང་ཐུབ་པ་དེ་འདྲ་ཡིན་ན་བྱ་དངོས་དེ་ཉོ་སྒྲུབ་བྱེད་འོས་པ་མ་ཟད་དེའི་དོན་དུ་རིན་ཐང་གཏོང་དགོས་པ་ཞིག་ཀྱང་རེད།
༦༩
ཁྱི་ལ་སུས་ལྟོ་བླུད་པ་བཟང་ཞིང་མང་ན་མི་དེ་ལ་ཁྱི་དེའི་རྔ་མ་གཡུག་གྲངས་ཆེས་མང་བ་དེ་ཐོབ་པ་ཡིན།
༧༠
འཇིག་རྟེན་དགྲ་རུ་ལངས་ཀྱང་རང་གཤིས་མ་འདོར།
༧༡
འགོ་བ་ལ་གཞུང་དྲང་ཞིག་མེད།
༧༢
བརྒྱགས་ཆེ་བའི་ཞི་ལས་ཙི་གུ་མི་འཛིན།
༧༣
རང་ལ་མི་དགའ་བ་ཐམས་ཅད་རང་གི་དགྲ་བོ་ཡིན་ཚེ་རང་ཡང་རང་གི་མཉམ་གནས་མེད་པའི་དགྲ་བོ་དམར་འབྱར་ཞིག་ཡིན་ཡང་སྲིད།
༧༤
ཁྱོད་རང་ལ་དགའ་འམ། (ཁྱོད་རང་གི་གང་ལ་དགའ། ཇི་ལྟར་དགའ། ཅིའི་ཕྱིར་དགའ།) (ཁྱོད་རང་གི་གང་ལ་མི་དགའ། ཇི་ལྟར་མི་དགའ། ཅིའི་ཕྱིར་མི་དགའ)
ང་ཚོ་རང་ལ་རྣམ་པའམ་རྨང་གཞི། ཨུ་ཚུགས་ཀྱི་ཐོག་ནས་དགའ་བ་ནི་འུ་ཐུག་ཐབས་ཟད་ཅིག་གི་གདམ་གསེས་ཀྱི་དབང་གིས་ཡིན་པ་ལས་གལ་སྲིད་གདམ་ཀ་གཞན་ཡོད་ཚེ་ང་ཚོ་རང་ལ་དགའ་སྟངས་དེར་བློ་ཡུལ་ལས་འདས་པའི་ལྟད་མོ་འབྱུང་སྲིད།
༧༥
ཁོམ་ནས་བསྡད་ན་དྲན་རྒྱུ་མང་།
༧༦
སྒོ་དང་དྲ་མ་མེད་པའི་ཁང་བ་ནི་བཙོན་ཁང་ཡིན།
༧༧
མིང་ཚིག་ཅིག་ཐེངས་བརྒྱ་ཕྲག་ལ་ཀློག་བྲི་བློར་འཛིན་བྱེད་པ་ལས་ཉིན་ཐོ་དང་རྩོམ་ཡིག ཁ་བརྡ་ལྟ་བུའི་ཁྲོད་ཐེངས་འགར་བེད་སྤྱོད་བྱས་པས་དགའ།
༧༨
ལག་པ་ཅན་ལ་གཤོག་པ་མེད། གཤོག་པ་ཅན་ལ་ལག་པ་མེད།
༧༩
མི་གཅེས་དགོས། ཅ་ལག་བཀོལ་དགོས།
༨༠
གཅིག་གྱུར་མེད་ཚེ་ཅི་ཡང་མེད།
༢༠༡༥་༧་༡—༡༢་༣༡ཉིན་བར།