ཨ་ནེ་ཐྲི་རེ་སྰ་(1)ལགས་ནི་༡༩༡༠ལོའི་ཟླ་༨པའི་ཚེས་༢༦ཉིན་སྐུ་འཁྲུངས་ཤིང་། རང་ལོ་བཅུ་གཉིས་ཀྱི་སྐབས་སུ་དང་བླངས་ཐོག་ཨ་ནེ་བྱས་པ་རེད། རང་ལོ་བཅུ་དགུའི་(2)སྟེང་ཡེ་ཤུའི་དགེ་སྒྲུབ་ཁང་དུ་སོང་ལ། མཚན་ལའང་ཨ་ནེ་ཐྲི་རེ་སྰ་ཞེས་སུ་ཐོགས། དེའི་ཕྱིས་སུ་ཁོ་མོ་རྒྱ་གར་ལ་བཏང་བ་རེད།

ཨ་ནེ་ཐྲི་རེ་སྰ་ལགས་རང་ལོ་བཅོ་བརྒྱད་ཀྱི་སྟེང་དུ་རྒྱ་གར་ལ་ཕེབས་པ་ནས་བཟུང་གནས་དེ་དང་གྱེས་མ་མྱོང་། ༡༩༥༢ལོའི་དབྱར་ཁར། དབུལ་པོ་རྣམས་ཀྱིས་བརྩེ་བ་དང་རྩིས་ཐང་རྙེད་པའི་ཕྱིར་དུ། ཁོ་མོས་རྒྱ་གར་གྱི་ཁེལ་ཌ་ཞེས་པའི་ཡུལ་དུ་འཆི་ཁའི་ཁྱིམ་གཞིས་བྱ་བ་ཞིག་བཙུགས་པ་རེད།

རང་ལོ་བཅོ་བརྒྱད་ལ་སོན་པའི་བུ་མོ་ཞིག་ལ་སྡོད་གནས་ངེས་གཏན་ཞིག་ཀྱང་མེད་ན་ཡང་། ཁོ་མོས་ནམ་རྒྱུན་སྒྲུབ་པའི་དོན་དག་ནི་གད་སྙིགས་ཀྱི་གཏོས་དང་ཆུ་ཡུར། ལྷ་ཁང་གི་སྒོ་འགྲམ། སྤྱི་བའི་ཁང་ཆེན་གྱི་སྐེས་འཛེགས་བཅས་ལས་དབུགས་ཆད་ལ་ཁད་པའི་ནད་པ་དང་། བདག་པོ་མེད་པའི་ཁྱེའུ་ཆུང་། འཆི་ལ་ཁད་པའི་རྒས་འཁོགས་བཅས་ལག་འདྲུད་འཁོར་ལོ་ནང་དུ་ཕྱིར་བསྡུས་པ་དང་། སླར་ཡང་ས་ཕྱོགས་ཀུན་ཏུ་སོང་ནས་ཟ་མ་བསྒྲུགས་ཏེ་ཁོང་རྣམས་གསོ་བ་དང་གསོས་སྨན་བཙལ་ནས་ཁོ་ཚོའི་ནད་བཅོས་པ། སྨན་པ་ལ་ཁོ་ཚོར་རོགས་རམ་བྱེད་པའི་ཞུ་བ་བྱེད་པ་ལ་སོགས་རེད།

མི་མང་པོས་ཨ་ནེ་ཐྲི་རེ་སྰ་ལགས་ཀྱིས་ཆུ་ཡུར་ནང་ནས་རྐང་པ་ཡ་གཅིག་སྐྱག་འབུས་ཟོས་ཟིན་པའི་སྤྲང་པོ་པང་ཐོག་ཏུ་ཕྱིར་བླངས་པ་དངོས་སུ་མཐོང་མྱོང་ལ། ཁོ་མོས་འཆི་ལ་ཁད་པའི་ནད་པ་གང་གི་མཁུར་ཚོས་ལ་ཐོད་པ་གཏུགས་པའང་མཐོང་མྱོང་། ཁྱིའི་ཁ་ནང་ནས་ངུ་སྒྲ་འབྱིན་བཞིན་པའི་ཁྱེའུ་ཕྱིར་འཕྲོག་ཡོང་བ་མཐོང་མྱོང་ལ། ཁོ་མོས་ཨེ་མཛེའི་ནད་པ་པང་པར་བསྡམས་ཏེ། དཀོན་མཆོག་ཡེ་ཤུ་ཁྱེད་རང་ལ་བརྩེ་འདང་ཆེ་བས། མཁའ་དབྱིངས་ནས་ཁྱེད་ཉིད་ལ་སྒུག་གནང་མཛད་ཡོད་ཅེས་གསུངས་པ་སོགས་མཐོང་མྱོང་ངོ་།

༡༩༧༩ལོར།ཨ་ནེ་ཐྲི་རེ་སྰ་ལགས་ལ་ནོ་པེལ་ཞི་བདེའི་གཟེངས་རྟགས་ཐོབ། ཁོ་མོས་ཌོ་ལོར་གཅིག་ལས་མི་རི་བའི་རྒྱ་གར་གྱི་སེང་ལྭ་ཞིག་མནབས་ཏེ་མདུན་སྟེགས་སྟེང་ཕེབས་གནང་བ་རེད། སྲིད་འཛིན་དང་ཞལ་འཕྲད་གནང་པའམ་དབུལ་པོ་ལ་སྲི་ཞུ་སྒྲུབ་པ་གང་ཡིན་ཡང་རུང་སྟེ། ཁོ་མོས་ཆས་གོས་འདི་ཁོ་ན་མནབས་པ་ལས། གྱོན་ཆས་གཞན་གཅིག་ཀྱང་མེད། མདུན་སྟེགས་འོག་ཏུ་གཟི་འོད་ཆེམ་ཆེམ་བྱེད་པའི་མི་དྲག་དཔོན་དྲག་གང་མང་བཞུགས་ཡོད་ཀྱང་། ཁོ་མོས་མིག་ནང་ལ་རྩ་བ་ནས་མ་བཞག་སྟེ། ཁོ་མོའི་མིག་ནང་ལ་དབུལ་པོ་མ་གཏོགས་སུ་ཡང་མེད། དེ་བས་དེར་བཞུགས་ཀྱི་མི་ཚང་མ་དེ་འཕྲལ་ཁུ་སིམ་མེར་གྱུར་སོང་།

དེ་ནས་ཁོ་མོ་ན་རེ།གཟི་བརྗིད་འདི་ང་རང་སྒེར་ལ་བབ་མེད། དེ་བས་ངས་དེ་རིང་འཛམ་གླིང་ཐོག་གི་དབུལ་པོ་དང་ནད་པ། བདག་པོ་མེད་པའི་མི་མཐའ་དག་གི་ཚབ་བྱས་ཏེ་གཟེངས་རྟགས་འདི་བླངས་པ་ཡིན། གང་ལ་ཞེ་ན།ཁྱེད་རྣམ་པས་ང་ལ་གཟེངས་རྟགས་འདི་གནང་བ་དང་འབྲེལ་ནས། དབུལ་པོའི་རྩིས་ཐང་ལ་ཁྱེད་རྣམས་ཀྱིས་ངོས་ལེན་བྱས་པའི་ཡིད་ཆེས་ང་ལ་ཡོད་ཅེས་གསུངས་སོ།

ཁོ་མོས་དབུལ་པོའི་མིང་ཐོག་ནས་གཟེངས་རྟགས་བཞེས་པ་དེ་ཡང་། ཁོ་མོས་མི་ཚེ་ཧྲིལ་པོ་དབུལ་པོའི་མིང་ཐོག་ནས་འཚོ་གཞེས་གནང་བས་ཀྱང་རེད།

ནོ་པེལ་བྱ་དགའ་སྟེར་བའི་ཚོགས་ཆེན་ཀྱི་གསོལ་ཚིགས་ལ་ཌོ་ལོར་བདུན་སྟོང་གིས་འགྲོ་སོང་གཏོང་གྲབས་ཡོད་པ་ཤེས་འཕྲལ། ཁོ་མོས་ཚོགས་ཆེན་གཙོ་གཉེར་བར་གསོལ་ཚིགས་ཕྱིར་འཐེན་བྱེད་རྒྱུའི་རེ་བསྐུལ་ནན་ཞུ་བྱས། ཁོ་མོ་ན་རེ།ཁྱེད་རྣམས་ཀྱིས་སྒོར་མོ་འདི་དག་གིས་མི་མགོ་༡༣༥ལ་མ་གཏོགས་མགྲོན་བགྱི་མི་བཏུབ་མོད། འོན་ཀྱང་སྒོར་མོ་འདི་དག་མི་མགོ་༡༥༠༠༠གིས་ཉིན་གཅིག་ལ་བཟས་ཀྱང་འདང་ངེས་ཡིན་ཞེས་གསུངས་སོ། དེའི་ཕྱིར་གསོལ་ཚིགས་ཕྱིར་འཐེན་བྱས་ཤིང་སྒོར་མོ་དེ་དག་ཨ་ནེ་ཐྲི་རེ་སྰ་ལགས་ལ་རག་པ་རེད་ལ། དེ་དང་དུས་མཚུངས་སུ།ཁོ་མོ་ལ་ཛི་ཝི་ཛེར་གྱི་སྒོར་མོ་ཁྲི་བཞི་བཅུའི་ཞལ་འདེབས་ཀྱང་རག་ཡོད། མི་ཚང་མ་ཡིད་སྨོན་འཆོར་བའི་ནོ་པེལ་གཟེངས་རྟགས་དེ་ཡང་ཁོ་མོས་བཙོང་སྟེ།བྱ་དགའི་སྒོར་མོ་དང་བཅས་པ་ཚང་མ་དབུལ་པོར་ལེགས་སྐྱེས་ཕུལ་གནང་བ་རེད། ཁོ་མོ་རང་ངོས་ལ་ཆ་བཞག་ན། གཟེངས་རྟགས་དེ་སྒོར་མོ་དང་བརྗེས་ཏེ་དབུལ་པོ་ལ་སྲི་ཞུ་སྒྲུབ་མ་ཐུབ་ན་དེ་ལ་རིན་ཐང་ཅི་ཡང་མེད།

༡༩༢༨ལོར་ཨ་ནེ་ཐྲི་རི་སྰ་ལགས་གཅིག་རྐྱང་རྒྱ་གར་ལ་ཕེབས་པ་ནས་༡༩༨༠ལོའི་བར། ཁོ་མོ་ལ་འཛམ་གླིང་ས་ཕྱོགས་ཀུན་ཏུ་ཁྱབ་པའི་ལས་རོགས་ཁྲི་13.9བརྒལ་བ་བྱུང་། ཁོ་མོའི་ལས་རོགས་ལ་གླ་ཆ་ཅི་ཡང་མེད་ལ། མཐའ་ན་དཔང་ཡིག་ཅིག་ཀྱང་ཡོད་པ་མ་རེད། འོན་ཀྱང་ཁོང་ཅག་ལ་འདི་དག་མི་དགོས་ཏེ། ཁོང་ཅག་གི་བགྱི་བ་ནི་བློས་གཏོང་དང་སྲི་ཞུ་འབའ་ཞིག་རེད།

ཁོ་མོས་བཙུགས་པའི་ཆོས་བརྒྱུད་བྱམས་བརྩེ་ཨ་ནེ་ཚོགས་པ་ཟེར་བ་དེར་ཌོ་ལོར་དུང་ཕྱུར་བཞི་ལྷག་གི་མ་རྩ་ཡོད་མོད། འོན་ཀྱང་ཁོ་མོ་ཚེ་གང་དབུལ་ཕོངས་ལ་ཕྱོགས་པ་རེད། ཁོ་མོའི་སྡོད་གནས་སུ་གློག་ཆས་གཉིས་ཏེ།གློག་སྒྲོན་དང་ཁ་པར་ལས་ཅི་ཡང་མེད། ཁོ་མོའི་རྒྱུ་ནོམ་ཚང་མ་ནི་ཡེ་ཤུའི་སྐུ་འདྲ་ཞིག་དང་གྱོན་པ་གསུམ། ལྷམ་ཆ་གཅིག་བཅས་ཡིན། དབུལ་པོ་རྣམས་ལ་སྲི་ཞུ་སྒྲུབ་ཕྱིར། ཁོ་མོས་རང་ཉིད་དབུལ་པོ་ཆགས་ཅི་ཐུབ་བྱེད་བཞིན་ཡོད་ལ། ཁོ་མོའི་དགེ་སློང་དང་དགེ་མ་མཐའ་དག་གིས་ཀྱང་རང་ཉིད་དབུལ་པོར་བསྒྱུར་དགོས།དེ་ལྟར་བགྱིས་པ་ཁོ་ནས་ད་གཟོད་ཁོང་ཅག་གིས་སྲི་ཞུ་སྒྲུབ་པའི་དབུལ་པོ་རྣམ་པས་རང་ངོས་ཀྱི་རྩིས་ཐང་ལ་རྙེད་བཀུར་བགྱི་བཏུབ་པ་རེད། ཁོ་མོའི་སྣང་ངོར། བརྩེ་བ་དང་རྩིས་ཐང་སྦྱིན་པ་ནི་ཟ་མ་དང་གྱོན་ཆས་སྤྲད་པ་ལས་ཀྱང་གལ་འགངས་ཆེ་བར་དགོངས་སོ།

ཁོ་མོས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་༡༢༧ནང་དུ་ཡན་ལག་ལས་ཁུངས་དྲུག་བརྒྱ་ལྷག་བཙུགས་ཡོད་ལ། ཁོ་མོས་མགྱོགས་ཚད་མྱུར་ཞིང་ཕན་ནུས་མཐོ་བའི་ཐོག་ནས་འཛམ་གླིང་ཡོངས་སུ་ཕན་བདེའི་ལས་ཁུངས་འཕེལ་རྒྱས་བཏང་གནང་མཛད་པ་སྟེ། ༡༩༦༠ལོ་དེ་རང་ལ་ཁོ་མོས་རྒྱ་གར་དུ་མི་འཁྱམ་བསྡུ་ཉར་ལྟེ་གནས་དང་བྱིས་པའི་ཁྱིམ་གཞིས་ཉེ་ཤུ་རྩ་དྲུག་བཙུགས་པ་རེད།

འོན་ཀྱང་ཁོ་མོའི་སྤྱི་ཁྱབ་ཁང་དུ་ཨ་ནེ་གཉིས་དང་ཡིག་དཔར་འཕྲུལ་ཆས་རྙིང་པ་ཞིག་ལས་ཅི་ཡང་མེད། ཁོ་མོའི་གཞུང་ལས་ཁང་དུ་ ཅོག་ཙེ་གཅིག་དང་ཨོང་སྟེགས་གཅིག་ལས་གང་ཡང་མེད། ཁོ་མོས་འཛམ་གླིང་ས་ཕྱོགས་ཀུན་གྱི་ལྟ་སྐོར་པ་ཡོངས་ལ་ལས་གནས་ཐོག་ནས་སྣེ་ལེན་ཞུ་གི་ཡོད་དེ། དཀྱུས་དམངས་ཁུལ་དང་ཁྱེའུ་ཆུང་བསྡུ་ཉར་ཁང་། འཆི་ཆོད་ནད་པའི་སྨན་ཁང་། མཛེ་ནད་ཁང་། མི་འཁྱམ་བསྡུ་ཉར་ཁང་། ཨ་མཛེའི་ནད་པ་བསྡུ་ཉར་ཁང་སོགས་སོ། ཁོ་མོར་རོགས་རམ་བྱེད་མཁན་དུ་དངུལ་ཁང་ལས་གཉེར་པ་དང་ཁེ་ལས་མཁས་པ། ཆབ་སྲིད་པ། སློབ་ཆེན་པ། འཁྲབ་སྟོན་པ། མོ་ཌོལ། ཕྱུག་བདག་བུ་མོ། ཨ་རིའི་མངའ་སྡེའི་དབུ་ཁྲིད་སོགས་ཡོད།

ཐེ་ཝན་སློབ་ཆེན་གྱི་སློབ་གཙོ་ལི་ཅྰ་ཐུང་གིས་ས་ཐག་རིང་པོ་འཕྲེད་ཀྱིས་བཅད་དེ་ཡུལ་དེར་ཕྱིན་ནས་ཁོ་པས་ཚེ་གང་ལ་ལས་མ་མྱོང་བའི་ལས་ཀ་སྟེ། ཕོར་པ་བཀྲུ་བ་དང་ནད་པ་ལ་གྱོན་གོས་བསྐོན་པ། ཟ་མ་སྤྲད་པ། ཆུ་བླུད་པ། སྨན་སྐྱེལ་བ། རོ་དབོར་བ་སོགས་བྱས་མཐར། ཁོང་ན་རེ། ང་རང་འགྲོ་མིའི་དོན་དངོས་ཀྱི་དབུལ་ཕོངས་དང་བར་ཆད་ལས་ཡོངས་སུ་བྱོལ་ནས་ཡོང་བ་ངས་ཤེས་སོང་། དོན་དངོས་སུ་ངས་སུ་དང་གང་ལའང་དོན་དམ་གྱི་བརྩེ་བ་ཞིག་བཅངས་མྱོང་མི་འདུག་ཅེས་ཟེར་རོ།

ཕྱིས་སུ་ཡུའུ་གྷོ་སི་ལྰ་སྦིད་(Yugoslavia)དུ་ཁོ་སོ་ཧྥོ་(kosova)ནང་འཁྲུག་བྱུང་དུས་ཨ་ནེ་ཐྲི་རེ་སྰ་ལགས་ཀྱིས་གཡུལ་འཁྲུག་འགན་ཁུར་བའི་བཀོད་འདོམས་དཔོན་ལ། གཡུལ་སའི་ནང་གི་བུད་མེད་དང་བྱིས་པ་ཚང་མ་ཕྱིར་བྲོས་ཐར་མི་འདུག་ཅེས་གསུང་སྐབས་སུ། བཀོད་འདོམས་དཔོན་གྱི་འདི་སྐད་དུ། ཨ་ནེ་ལགས།ང་ཚོས་འཁྲུག་མཚམས་བཞག་ན་འདོད་རུང་། ཕ་རོལ་བས་མཚམས་འཇོག་མི་བྱེད་ཨང་།དེ་བས་བྱ་ཐབས་མི་འདུག་ཅེས་ཟེར།ཨ་ནེ་ཐྲི་རེ་སྰ་ན་རེ། འོ་ན་ང་རང་འགྲོ་རྒྱུ་ལས་བྱ་ཐབས་མེད་པ་རེད་ཟེར་ནས་གཡུལ་སའི་ནང་ལ་ཕྱིན། ཨ་ནེ་ཐྲི་རེ་སྰ་ལགས་གཡུལ་སའི་ནང་ལ་ཕེབས་པ་ཐོས་རྗེས།ཕྱོགས་གཉིས་ཀས་དེ་མར་འཐབ་མཚམས་བཞག་ལ། ཁོ་མོས་གཡུལ་སའི་ནང་གི་བུད་མེད་དང་བྱིས་པ་ཕྱིར་འཁྲིད་ཚར་རྗེས། སླར་ཡང་ཕྱོགས་གཉིས་ཀ་ནས་དམག་འཁྲུག་བྱས།

གཏམ་འདི་མཉམ་འབྲེལ་རྒྱལ་ཚོགས་སུ་ཁྱབ་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲང་ཨན་ནན་གྱིས་དེ་སྐད་ཐོས་དུས་དབུགས་དབྱུང་ཞིག་དང་བཅས་ན་རེ། དོན་དག་འདི་ངས་ཀྱང་སྒྲུབ་མི་ཐུབ་ཟེར། དེའི་སྔོན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བར་འདུམ་ཐེངས་མང་བྱས་རུང་། ཡུའུ་གྷོ་སི་ལྰ་སྦིད་ཀྱི་ནང་འཁྲུག་རྩ་བ་ནས་མཚམས་བཞག་མེད། ཨ་ནེ་ཐྲི་རེ་སྰ་ལགས་གཡུལ་སའི་ནང་ལ་སོང་མཐར་ཕྱོགས་གཉི་ཀས་དེ་མར་འཐབ་མཚམས་བཞག་པ་དེས། ཨ་ནེ་ཐྲི་རེ་སྰ་ལགས་ཀྱི་མི་གཞིའི་གཟི་མདངས་མཚོན་ཐུབ་ཨང་། ཨ་ནེ་ཐྲི་རི་སྰ་ལགས་རྒྱ་གར་ལ་སྐུ་གཤེགས་རྗེས། ཁོ་མོའི་མེས་རྒྱལ་སུར་སྦི་ཡྰ་(Serbia)ནས་ཁོ་མོ་ཕྱིར་རྒྱལ་ནང་དུ་འདས་མཆོད་གནང་བའི་རེ་བ་ཞུས་ཀྱང་། རྒྱ་གར་གྱི་བློན་ཆེན་ནས་དོན་འདིར་ཆེད་དམིགས་ཀྱིས་སུར་སྦི་ཡྰའི་དབུ་ཁྲིད་ལ་ཞལ་པར་ཕུལ་ཏེ། ཁོ་མོ་རྒྱ་གར་ནས་འདས་མཆོད་གནང་དུ་བཅུག་པས། ཕྱིས་སུ་སུར་སྦི་ཡྰ་ནས་ཁོ་མོ་རྒྱ་གར་དུ་འདས་མཇུག་བྱེད་རྒྱུའི་ཡིད་འཐད་བྱུང་བ་རེད། ཁོ་མོ་འདས་སོང་བ་ནི་རྒྱ་གར་བ་དག་གིས་ཨ་མ་གྲོངས་སོང་བར་བརྩི་བཞིན་ཡོད། རྒྱ་གར་གྱི་བློན་ཆེན་ན་རེ། ཁོ་མོ་ནི་གླིང་ན་དཀོན་པའི་སྙིང་རྗེའི་བདག་མོ་ཞིག་ཡིན་ཞིང་། འོད་སྣང་དང་རེ་བའི་རྟགས་མཚན་ཡིན། ཁོ་མོས་མི་ཁྲི་སྟོང་མང་པོའི་དཀའ་སྡུག་གི་མཆི་མ་ཕྱིས་ཤིང་། ཁོ་མོས་རྒྱ་གར་ལ་གཟི་བརྗིད་བླ་ན་མེད་པ་བསྐྲུན་གནང་མཛད་ཡོད་པ་རེད་ཅེས་ཟེར་རོ།

རྒྱ་གར་ནས་ཨ་ནེ་ཐྲི་རེ་སྰ་ལགས་ལ་རྒྱལ་ཁབ་ཀྱི་འདས་མཇུག་གནང་། སྤུར་སྒམ་འདོན་འདྲེན་གྱི་ཉིན་མོ་དེར། ཁོ་མོའི་སྐུ་ཕུང་རྒྱ་གར་གྱི་རྒྱལ་དར་གྱིས་གཡོགས་ཤིང་། མི་བཅུ་གཉིས་ཀྱིས་བཀྱགས་ནས་ཕེབས་སྐབས་སུ། སྐབས་དེའི་རྒྱ་གར་གྱི་བློན་ཆེན་ཚུད་པའི་དེར་བཞུགས་ཀྱི་མི་ཚང་མས་པུས་མོ་ས་ལ་བཙུགས་པ་རེད། སྐུ་ཕུང་རྒྱ་སྲང་ལ་བཀྱགས་ནས་ཡོང་སྐབས་སུ། རྒྱ་སྲང་གཡས་གཡོན་གྱི་རྒྱ་གར་བ་ཚང་བ་ཐང་ལ་བབས་ཤིང་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ། བྱམས་བརྩེའི་བདག་མོ་འདི་ཉིད་ལ་ཆེས་མཐོའི་གུས་འདུད་ཞུས་གནངས་སོ།   ། 

རྩོམ་མཁན་མི་གསལ།
གོ་ཙི་ཙིས་བསྒྱུར།


མ་ཡིག་གི་སྦྲེལ་ཐགhttp://mp.weixin.qq.com/s?__biz=MjM5MTY0Njg0MA==&mid=402869235&idx=8&sn=a947f6683d0fb98f149214c55871c266&scene=0#wechat_redirect 

སྒྱུར་པོའི་མཆན།

(1)དབྱིན་ཡིག་ཏུ་ཁོ་མོའི་མཚན་ལ་Teresa-of-Calcuttaཟེར་ལ།མང་ཤོས་ཀྱིས་ཡུམ་ཆེན་ཐྲི་རེ་ྰསྰ་སྟེ།mother-Teresaཞེས་ཞུ་སྲོལ་ཡོད་རུང་།རྩོམ་ཡིག་འདིར་དེའི་དོད་དུ་ཨ་ནེ་ཐྲི་རེ་སྰ་ཞེས་བྲིས་འདུག་པས་དེ་བཞིན་སོར་བཞག་བྱས་པ་ཡིན།ཨ་ནེ་ཟེར་ན་ནི་བཙུན་མོའི་ནང་དོན་དང་མཚུངས་ཤིང་།ལྷ་སའི་སྐད་དུ་རྒྱུན་ཆགས་སུ་ཡོད་ལ་ཚིགས་མཛོད་ཁག་ནས་ཀྱང་བཙལ་རྙེད་ཐུབ་བོ།

(2)འོག་ནས་སྐབས་ཐོག་དེའི་དོན་དག་ཚང་མ་རང་ལོ་༡༨ཁོ་ནར་འཆད་འདུག་ཕྱིར།ཧ་ལམ་འདི་ནས་རང་ལོ་༡༨ཡིན་པ་འདྲ་རུང་།མ་ཡིག་སོར་བཞག་བྱས་པ་ཡིན།