ཅལ་འདྲོགས།

“ས་པཎ་གྱིས་རྒྱུ་མཚན་མེད་པར་གཞན་དག་རྒྱུག་ཅེས་པར་གོ་བ་ལེན་དགོས་པ་འདྲ། ཚིག་གོང་མ་དེ་དྲན་མ་སོང་།”

ང་ཚོས་ན་ནིང་ནས་བཟུང་ཉེ་བའི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བའི་སྨད་དུ་རང་ཅག་དང་ཞལ་གྱེས་པའི ༧ ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དུས་ཚོད་ནམ་ཞིག་ལ་འདས་པར་རྙོག་དྲ་བཟོ་བཞིན་འདུག་པར་བལྟས་ན། ང་ཚོ་ཆེས་བར་ཐག་རིང་བའི་ལོ་རབས་མང་བོའི་སྔོན་སོང་ལོ་རྒྱུས་དག་ལ་ཉོག་དྲ་ཡོད་པ་ནི། འོས་པ་ཞིག་ཅི་ལ་མ་ཡིན།

གླེན་ནག་སྐོར་ཞིག་གིས་གཙང་བཀྲ་ཤིས་ལྷུན་པོ་དགོན་གཞུང་དང་འབྲེལ་བའི་སྐད་འཁྱར་ཞིག་སྟེ། དགོན་པ་དེ་གར་ཟླ་བ་གཅིག་རིང་བླ་ཆེན་གཉིས་ཀྱི་དགོངས་རྫོགས་བསྒྲུབས་ན། མི་འོས་པའམ་ངན་ལྟས་སུ་མཐོང་ནས་རྟེན་འབྲེལ་ལ་དཔྱད་དེ། ཟླ་ངོ་གཅིག་གིས་ཕྱིར་བསྣུར་བ་རེད་ཟེར། གང་ལྟར་ལོ་རྒྱུས་ནི་ལོ་རྒྱུས་ཏེ། བཟང་ངན་གྱི་ལྟས་ནི་བྱུང་ཚར་བ་ཡིན་པས། སྐབས་གང་དག་ཏུ་བྱུང་བའི་ལོ་རྒྱུས་དངོས་ནི། དེ་འདྲ་མ་བྱུང་མདོག་མདོག་བྱེད་པ་ནི་ལོ་རྒྱུས་ལ་ནག་སུབ་གཏོང་མཁན་དག་གི་ལས་ཤིག་རེད། དཔེར་ན། ཁ་ཤས་ནས་ང་བརྒྱད་ལོར་བསྐལ་ངན་དེ་འདྲ་མ་བྱུང་བར་ལབ་པ་དང་མཚུངས་སོ། །

མི་རིགས་གཞན་དག་གིས་ང་ཚོའི་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ལས་ཉོག་འདི་མཐོང་ན་དགོད་བྲོ་བ་ལས་ཅི་ཡང་མིན་མོད། ཕུགས་རུལ་བ་ནི་ང་ཚོའོ། །

འུ་ཅག་ནི་ཉེ་རབས་སུ་ང་ཚོ་དང་ཞལ་གྱེས་པའི་བླ་ཆེན་འདི་བའི་དགོངས་རྫོགས་འདས་སྐར་ལའང་མགོ་རྨོངས་པ་ནི་ཡིད་སྐྱོ་བའི་གནས་རེད་ཅེས་སྒང་བ་བོད་ཀྱི་མྱི་ཆེན་གྱིས་ཤར་མར་བྲིས།