ཆུ་རགས་ཀྱིས་གློག་ཤུགས་བཟོ་པ་ནི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་པའི་ཐབས་ཤེས་གཙོ་གྲས་དེ་ཡིན་པར་རློམ་ན། འཛུགས་སྐྲུན་དེ་ཡིས་ས་གནས་མང་ཚོགས་ཀྱི་འཚོ་གནས་ལ་འཕེལ་རྒྱས་ག་འདྲ་ཞིག་ཐོན་ཡོད་པ་དང་མེད་པ་ནི་ཁ་ཚ་དགོས་གཏུགས་ཀྱི་འདྲི་གཞི་དེ་རེད། ༼ལྗང་མདོག་གི་སྟག་ཕྲུག་དཀྲོག་པ་༽ཞེས་པའི་དངོས་བྲིས་གློག་བརྙན་འདི་ཡིས། རྒྱལ་མོ་རྔུལ་ཆུའི་ཁུག་པ་ཞིག་ནས་ཆུ་མཛོད་སྐྱིལ་པའི་ལས་གཞི་ཆེན་པོ་ཞིག་ལ། མང་ཚོགས་ཀྱིས་མཐའ་གཅིག་ཏུ་གདོང་གཏད་དེ་འགྲུབ་ཏུ་མ་བཅུག་པའི་གཏམ་རྒྱུད་སེམས་འགུལ་ཐེབས་པ་ཞིག་བརྗོད་ཡོད་ལ། དེ་ཡང་རྒྱལ་ནང་གི་ཆུ་གློག་ལས་གཞིའི་འཛུགས་སྐྲུན་ཐག་གཅོད་ཀྱི་གོ་རིམ་ཁྲོད། མང་ཚོགས་ཀྱི་སྨྲ་བརྗོད་ནུས་ཤུགས་ཐོན་པ་དང་། ནུས་པ་དེ་ཐོན་ནས་ཆེས་ཐོག་མའི་རྒྱལ་ཁ་ཆེན་པོ་ཡང་ཐོབ་པ་དེ་བསྟན་ཡོད། གློག་བརྙན་འདིས་བདག་ལ་དབང་མེད་ཀྱི་དྲན་པ་གསལ་པོ་ཞིག་བསྐྱེད་ཡོང་པ་ནི། ས་བཅུད་ཀྱི་ནོར་བུ་ལྟེམ་པའི་བདག་གི་ཕ་ཡུལ་གྱི་ཞིང་ཕྱུགས་ས་ཁུལ་ཀྱི་ཡ་གྱལ། བོན་པོའི་ཞིང་ཁ་ཞེས་པའི་རྨ་འགྲམ་གྱི་ཞིང་ལས་ས་ཁུལ་དེར། ༡༩༨༦ ལོར་མཚོ་བོད་མཐོ་སྒང་གི་ཆེས་ཐོག་མའི་རྨ་ཆུའི་ཆུ་མཛོད་ཚལ་རྔ་འགག་ཞེས་པ་གསར་བསྐྲུན་བྱས་ཏེ། མང་ཚོགས་ལ་སྨྲ་བརྗོད་ཀྱི་རང་དབང་དང་ནུས་ཤུགས་ཏིལ་ཙམ་ཡང་མེད་པར་གནས་སྤོར་མི་བྱེད་ཀ་མེད་བྱུང་པ་དེ་རེད། སྟོང་ལོ་བརྒྱད་ལོར། ཆུ་མཛོད་ཀྱི་ཆུའི་མཐོ་ཚད་འཕར་བ་དང་བསྟུན། ཡང་བསྐྱར་རྨ་ཆུའི་འགྲམ་རྒྱུད་ཀྱི་རུ་ཁག་མཐའ་མ་ཞིག་གནས་སྤར་ཏེ། སྐྱ་འཐིབས་ཤིང་ཟང་ཟིང་གི་ཆད་མཐའ་མེད་པའི་གྲོང་རྡལ་ཞིག་གི་སྐྱག་འདབས་ལ་བསྣུར་ནས།༼སྐྱེ་ཁམས་གནས་སྤོར་ཡུལ་མིའི་སྡེ་གསར་༽ཞེས་པའི་མིང་ཡག་འཛམ་བུ་གླིང་ལ་ངོམ་ཆོག་པ་འདྲ་ཞིག་བཏགས། བཤད་འདོད་པའམ་འདྲི་འདོད་པ་ནི། མཐོ་སྒང་གི་ཆུ་ཀློང་སྣ་ཚོགས་ལ་རགས་བརྒྱབ་ནས་གློག་ཤུགས་བསྐྲུན་པ་དེས། སྐྱེ་ཁམས་སྲུང་སྐྱོབ་དང་མང་ཚོགས་ཀྱི་འཚོ་བའི་འཕེལ་རྒྱས་ཐད་ལ་ནུས་པ་ག་འདྲ་ཞིག་ཐོན་གྱིན་ཡོད། ཉུང་ཙམ་ཐོན་པའི་དབང་དུ་བཏང་ན་ཡང་། འབྱུང་འགྱུར་ཀྱི་དུས་ཡུན་རིང་མོའི་ནང་གི་སྐྱེ་ཁམས་འགྱུར་ལྡོག་དང་དུས་རབས་འདིའི་གོ་ལ་དྲོད་འགྱུར་ཀྱི་གནས་སྟངས་ཛ་དྲག་འོག མཐོ་སྒང་འདིའི་ཡུལ་དང་མི་དག་ལ་དོན་གྱིས་ཅི་ཞིག་སྟོན་གྱིན་ཡོད། ལས་སྟངས་འདིར་བདག་གི་ཕ་ཡུལ་གྱི་ལོ་ལོན་ཚོའི་ངག་ལ་ཉན་ན། སྔོན་མའི་གཤིན་ས་བཟང་པོའི་ཞིང་ལས་ཀྱི་ས་ནས་ད་ལྟའི་བྱེ་འགྱུར་ཀྱི་མུག་སར་གནས་སྤར་པའི་ལོ་ཟླའི་ནང་། ཁོར་ཡུག་དང་ཞིང་ལས་དཔལ་འབྱོར་སོགས་ཀྱི་ངོས་ཐད་ལ་གཞིག་ན། མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ལ་ཉམས་རྒུད་ཆེན་མོ་བྱུང་དང་འབྱུང་བཞིན་ཡོད་པ་ཁོ་ཚོས་ནམ་ཡང་བརྗོད་ལ་ནམ་ཡང་ངུ། ༼ལྗང་མདོག་གི་སྟག་ཕྲུག་དཀྲོག་པ་༽ཞེས་པའི་དངོས་བྲིས་གློག་བརྙན་འདི་ལས། ཉམས་རྒུད་དེ་འདྲ་ལ་སྔོན་འགོག་བྱེད་ཐུབ་པའི་གཏམ་རྒྱུད་ཐུན་མོང་མ་ཡིན་པ་ཞིག་བསྟན་ཡོད་པ་ཀུན་གྱི་ཤེས་པའི་སྨན་དུ་འགྱུར་པར་སྨོན། – བོན་སྐོར་སྙིང་ལྕགས་རྒྱལ་གྱིས་སྦྱར།

༼ལྗང་མདོག་གི་སྟག་ཕྲུག་དཀྲོག་པ་༽ཞེས་པའི་དངོས་བྲིས་གློག་བརྙན་འདིར་གཟིགས་འདོད་ན་དྲ་ལམ་འདི་ནས་རིན་མེད་དུ་གཟིགས་ཆོག https://vimeo.com/69899937

Tiger Leaping Gorge, on the Jinsha River (aka the Upper Yangtze) in SW China is a famous landmark. The gorge and the valley above would be affected by a dam proposed in 2004. info@facetofacemedia.ca Gary Marcuse +1 604 251 0770

Tiger Leaping Gorge, on the Jinsha River (aka the Upper Yangtze) in SW China is a famous landmark. The gorge and the valley above would be affected by a dam proposed in 2004. info@facetofacemedia.ca Gary Marcuse +1 604 251 0770