ཡུན་རིང་མ་འགོར་བའི་སྔོན་དེར་མགོ་ལོག་ཏུ་དུས་འཁོར་དབང་ཆེན་ཞིག་འཚོགས། བདག་གིས་ཨ་ཕྱི་དང་ཨ་མྱེ་གཉིས་ཁྲིད་དེ་ཉིན་གཅིག་ལ་དེ་རུ་བསྡད་པ་ཡིན། ཨ་ཕྱི་ཨ་མྱེ་གཉིས་ཀྱི་གམ་དུ་བསྡད་དེ་ཆོས་དོན་ལ་གོ་བ་ཉུང་ཙམ་རེ་ཨེ་ལོན་འདོད། ཏག་ཏག་ཉིན་དེ་ནི་སྔོན་འགྲོ་སེམས་བསྐྱེད་ཀྱི་སྐོར་རེད། བླ་མ་དེས་སྔོན་འགྲོ་སེམས་བསྐྱེད་ཀྱི་སྐོར་ལ་བློ་སྦྱོང་དོན་བདུན་མ་གསུངས་བཞིན་འདུག   སྔོན་བདག་གི་དྲིན་ཆེན་རྩ་བའི་བླ་མ་མཆོག་གིས་དུས་འཁོར་དབང་ཆེན་གསུངས་སྐབས་ཁོང་གིས་སྔོན་འགྲོའི་སྐོར་ལ་ཡོན་ཏན་གཞིར་གྱུར་མ་གསུངས་བ་དྲན་སོས་འདུག་པས་དེ་དང་ཐོད་གཏུགས་ཏེ་ཉན་པ་ཡིན།  སྐབས་དེ་དག་ལ་སྤྲོང་བོ་མང་བོ་གཅིག་རྗེས་གཉིས་མཐུད་ཀྱིས་ཡོང་ནས་སྒོར་མོ་སློང་བཞིན་འདུག་ལ་ཡར་དཀོན་མཆོག་ལ་མཆོད་པ་དང་མར་དབུལ་ཕོངས་ལ་སྦྱིན་པ་གཏོང་བ་ནི་བསོད་ནམས་ཀྱི་ཚོགས་ཁྱད་པར་ཅན་བསགས་པའི་རིམ་པ་ཞིག་ཏུ་བསམ་ནས་རུམ་དུ་ཡོད་པའི་ཁེར་ཤོག་ཚང་མ་རེ་རེ་བཞིན་བྱིན་ཚར་སོང་།  བྱིན་ཚར་རྗེས་སྤྲང་པོ་ཚོས་མཐེ་བོང་བསྟན་ཡོང་དུས་མགོ་རྔ་གཅིག་ཀྱང་མེད་པར།མེད།མེད།མེད་ཅེས་བཤད་པ་ཡིན་མོད།  འགའ་རེར་མེད་ཅེས་བཤད་པས་མི་དགའ་བར་གྱུར། ལ་ལ་ནི་ཚད་ལས་བརྒལ་ཏེ་ཁྱེད་ལ་སྒོར་རྡོག་གཅིག་ཀྱང་མེད་དམ་ཟེར་ནས་སྡང་མིག་བསྟན།  ཡིན་ནའང་།  ཁ་རོག་གེར་འདུག་པ་ལས་ཐབས་གཞན་ཅི།   ཁ་རྩང་དེ་རིང་མགོ་ལོག་གི་དགའ་བདེ། དར་ལག  པདྨ། གཅིག་སྒྲིལ་རྫོང་སོགས་དང་ཁམས་དཀར་མཛེས་ཀྱི་གསེར་རྟ་སོགས་སུ་ཉུལ་དུ་སོང་།  ཆེས་མང་དུ་མཐོང་བ་ནི་སྤྲང་བོ་ཚོ་དང་ཁོང་ཚོའི་མཐེ་བོང་ནག་གེར་རོ་རེད། ཁོང་ཚོའི་མཐེ་བོང་ནག་ན་ནག་ཏུ་ཆུགས་མོད།  ཆེས་མི་དགའ་ས་ནི་ཁོང་ཚོ་ཚང་མ་བོད་མི་ཡིན་པ་དང་སྒོས་སུ་མང་ཆེ་བ་ཤ་དར་ཁྲག་དར་གྱི་གཞོན་སྐྱེས་འབའ་ཞིག་ཡིན་པ་དེ་རེད། དེ་ནི་བྲན་གཤིས་ཤིག་རེད།  དེ་ནི་སྒྱིད་ལུག་གི་གཤིས་ཀ་ཞིག་རེད། དེ་ནི་ངོ་ཚ་མེད་པའི་རྟགས་མཚན་ཞིག་རེད། ཐ་ན་སྤྱི་ཚོགས་ཧྲིལ་བོ་ཤུགས་རྐྱེན་ངན་པ་བསྐྲུན་བྱེད་ཀྱི་བྱ་སྤྱོད་ཅིག་རེད།  དེ་བས་བདག་གིས་དེ་རིང་དབང་བོ་སྐྱོན་མེད་ཀྱི་ཤ་དར་ཁྲག་དར་གྱི་སྤྲང་པོ་ཚོ་གྱེས་བརྡ་གཏོང་གི་ཡིན། རེ་བ་ཡིན་ན་ཁྱེད་ཀྱིས་གྱེས་བརྡ་གཏོང་རོགས།  རྒྱུ་མཚན་ནི་འདི་ལྟ་སྟེ།

སློང་མོ་བ།

སློང་མོ་བ།

བདག་གིས་ནམ་རྒྱུན་བོད་མི་རྣམས་ནི་སྒྱིད་ལུག་གི་མི་རིགས་ཤིག་རེད་འདུག་བསམ་ཡོད།རང་གི་འཚོ་བ་ལའང་འགན་མི་ཁུར་བའི་མི་རིགས་སྒྱིད་ལུག་ཅིག་རེད་བསམ་ཡོད།  དེ་ཡང་ཞིབ་མོར་བསམ་བློ་བཏང་ན་སྤྱིར་བཏང་གི་སྤྱི་ཚོགས་ཀྱི་འཕེལ་འགྲིབ་ཆོས་ཉིད་བཞིན་གཅིག་ལ་གཅིག་རྟེན་གྱིས་བྱུང་བར་འདོད།  དབུལ་ཕྱུག་ཐེངས་གསུམ་བསྙམས་ཞེས་པའི་བདག་ཅག་གི་ལོ་རྒྱུས་སུ་བཙན་པོ་གང་གི་མཛད་པ་ཡ་མཚན་ཞིག་ལ་བརྩི་བའི་ལོ་རྒྱུས་འདི་འདྲ་ཞིག་བྱུང་མྱོང་སྟེ། དེ་ནི་བདག་གིས་བཙན་པོ་ཞིག་གིས་འབངས་རྣམས་སྒྱིད་ལུག་ཏུ་ཐེངས་གསུམ་ལ་སྐུལ་ཞེས་འབོད་འདོད། སྒྱིད་ལུག་ཚོ་གཉིད་བསྡད་ན་བརྩོན་པ་ཅན་ཚོས་ཁོང་ཚོ་གསོ་བས་སྔར་བཞིན་སྒྱིད་ལུག་ལ་སྐུལ་བ་དང་།བརྩོན་པ་ཅན་ཚོས་འབད་འབད་འབུང་འབུང་གིས་རྒྱུ་ནོར་རེ་བསགས་པ་ཁོང་ཚོའི་ལག་ནས་འཕྲོག་སྟེ་སྒྱིད་ལུག་ཚོར་བྱིན་ནས་བརྩོན་པ་ཅན་ཚོ་སྒྱིད་ལུག་ཏུ་སྐུལ་བ། སྒྱིད་ལུག་བྱས་ཀྱང་ཐོབ་ཡོང་བ་ཞིག་ཡོད་པ་དང་བརྩོན་པ་ཇི་ལྟར་བྱས་ཀྱང་སྒྱིད་ལུག་ཚོར་ཐོབ་པ་ཞིག་ལས་ཅི་ཡང་མི་ཐོབ་ན་བརྩོན་པ་ཅན་ཚོ་ཇི་ལྟར་གླེན་ཡང་གཉིད་བསྡད་ན་ཟས་གོས་རང་འགྲུབ་ཡིན་ན་དེའི་སྐྱིད་པ་མི་ཤེས་པ་སུ་ཡོད། དེ་ལྟར་བཙན་པོ་དྲིན་ཅན་པོ་གང་གིས་དེ་ལྟར་སྒྱིད་ལུག་ལ་སྐུལ་བ་དང་སྨོན་པ་ནི་ད་ལྟ་མངོན་འགྱུར་བྱུང་འདུག

དེ་བཞིན་བརྩོན་པས་བསགས་དང་མ་བསགས་གང་ལས་བྱུང་བའི་སྒོར་མོ་རྣམས་སྒྱིད་ལུག་མྱིག་རྫོད་དེ་ཚོར་དེ་ལྟར་བྱིན་པ་ནི་མཐར་དེད་ན་ཁོང་ཚོ་སྒྱིད་ལུག་ལ་སྐུལ་བའི་རྣམ་པ་ཞིག་རེད་འདོད། སྦྱིན་པ་གཏོང་དང་མི་གཏོང་གཉིས་ལས་མི་གཏོང་ལ་དགེ་མཚན་ཆེ་བར་བསམ། བོད་འདི་བྱམས་དང་སྙིང་རྗེའི་བདག་ཉིད་ཆེན་པོ།དེ་ལྟ་བུའི་བསོད་ནམས་ཀྱི་ཚོགས་བཟང་བོ་བསགས་པའི་ཞིང་མཆོག་ཁྱད་པར་ཅན་ཡོད་པས་ཨེ་མ་ཧོ་རྨད་བྱུང་བསྐལ་བ་བཟང་ཞེས་དགའ་སྤྲོ་ཡོད་པ་དག་ཡིན་ཟེར་ན་མ་གཏོགས། སྤྲང་པོ་བྱས་ཏེ་ཡ་མཚན་ཞིག་ཏུ་གྱུར་སོང་བའི་མི་གཅིག་ཀྱང་ད་སྔོན་འཇིག་རྟེན་དུ་འཁྲུངས་མ་མྱོང་བ་ལྟ་བུར་སྣང་། རྗེས་ནས་ཀྱང་བྱུང་མི་སྲིད་པ་རེད། སྦྱིན་གཏོང་ལ་དགའ་བའི་བོད་ལའང་སྔོན་ཆད་མ་བྱུང་ལ་རྗེས་མ་ཡང་བྱུང་ག་ལ་སྲིད་ཨང་སྙམ། དེ་ལས་ཁོང་ཚོར་སྦྱིན་པ་མ་བཏང་ནའང་ཁོང་ཚོས་ཁོང་ཚོ་རང་ཉིད་རིག་རིག་མཐོང་མཐོང་གིས་འཆི་རུ་ག་ལ་འཇུག  བརྩོན་པ་བྱེད་ཁོ་ཐག་ཡིན་རེད། བརྩོན་པའི་སྟོབས་ལ་རྟེན་ཏེ་འཇིག་རྟེན་དུ་སྐྱེས་བུ་བསམ་གྱི་མི་ཁྱབ་མང་བོ་འཁྲུངས་མྱངས།  དེ་བས་ཁོང་ཚོའང་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་ཞིག་ཏུ་འགྱུར་མི་སྲིད་པའི་ངེས་པ་ག་ལ་ཡོད། སྤྲང་པོ་ཚོ་གྱེས་བརྡ་གཏོང་རོགས།

གསལ་བཤད།

༡ སློང་མོ་བྱེད་པའང་རང་གི་འཚོ་བར་འགན་མ་ཁུར་པ་རེད་ག་ལ་ཟེར་ཕོད། མི་ཕོད་ལ། མ་ཟད།སློང་མོ་བྱེད་པ་ལས་ཀ་ཞིག་མ་རེད་ཀྱང་ཟེར་མི་ཕོད་མོད། དེ་ནི་བྲན་གཤིས་ཤིག་དང་སྤྱི་ཚོགས་ཧྲིལ་བོ་སྒྱིད་ལུག་ཏུ་སྐུལ་བའི་སྤྱོད་ངན་ཞིག་རེད་ཟེར་སྤོབས་སོ།

༢ འདིར་སྒྱིད་ལུག་ནི་འཇིག་རྟེན་གྱི་བྱ་བ་ལ་མི་སྤྲོ་ཞིང་འཇུག་པ་ལྷོད་པར་བྱེད་པ་ལ་གོ་ན་འགྲིག་གོ།

ཁམས་གསེར་རྟ་བླ་རུང་སྒར་གྱི་ཉེ་འདབས་སུ་ཕྱི་ཟླ་བདུན་པའི་ཚེས་ཉེར་གཅིག་གི་མཚན་མོར་བྲིས།