ངས་ད་ལྟའང་དྲན་ཡུལ་དུ་གསལ་བའི་འདས་དོན་ཞིག་ལ། སྐུ་པར་སྣ་ཚོགས་ཀྱི་པར་སྒྲོམ་ཉུང་བའི་ངེད་ཚང་གི་ཇ་ཁང་ནང་གི་ཀ་འགོར་བཀལ་བའི་པར་སྒྲོམ་ཞིག་གི་ནང་བརྗིད་ཅིང་བབས་ཆགས་པའི་བླ་མ་ཞིག་གི་སྐུ་པར་ཡོད་ལ། ཕ་དམ་པས་ནམ་རྒྱུན་དེ་ལ་ཧ་ཅང་གཙིགས་ཆེན་བྱེད། ལོ་རེའི་ལོ་སར་གྱི་སྐབས་སུ་པར་སྒྲོམ་དེར་རྡུལ་ཕྱིས་དལ་མོ་རེ་བྱེད་ཅིང་ལོ་གཅིག་གི་རིང་དུ་བསྒྲོན་ཞིང་དུད་དྲེགས་ཀྱིས་མདོག་ཅུང་ཟད་འགྱུར་ཟིན་པའི་ཁ་བཏགས་དེ་མར་ལེན་ནས་ཁ་བཏགས་གསར་པ་རེ་བསྒྲོན་བཞིན་ཡོད།

དེས་ནི་ཕ་དམ་པས་པར་སྒྲོམ་ནང་གི་སྐྱེས་བུ་དེར་དད་སེམས་ཀྱི་ངོས་ནས་མཆོད་པ་ཞིག་དང་རིགས་ཞེན་གྱི་ངོས་ནས་རྗེས་དྲན་རེ་བྱེད་ཀྱིན་པར་མཚོན། སྤྱིར་བོད་མི་རྒན་རབས་པ་ཚོར་མཚོན་ན་སོ་སོའི་གྲུབ་མཐའི་ཞེན་ཕྱོགས་ཀྱིས་དད་མོས་བརྩི་སྲུང་ལས་བླ་མ་སུ་ཡིན་ལ་དད་པ་བྱེད་མི་ཐུབ་པའི་རང་གཤིས་མཁྲེགས་པོ་རེ་ཡོད། འོན་ཏེ་ཕ་དམ་པའི་སེམས་ན་ཁོང་ནི་ལར་ཞེན་དང་དད་མོས་གཉིས་ཀའི་ངོས་ནས་ཧ་ཅང་གདན་ཐོབ་མཐོ་བའི་གྲལ་དུ་བཟུང་ཡོད། དེ་ནི་སྔོན་དུས་བོད་རང་མི་དག་གིས་ཀྱང་“མི་རིགས་ཀྱི་བླ་འཚོང”དང་“ཚོང་པ་ཤ་རྒྱགས”སོགས་སུ་འབོད་མྱོང་ལ་དེང་དུས་ཚང་མས་མི་རིགས་ཀྱི་དཔའ་བོ་ཞེས་གླེང་གིན་པའི་པཎ་ཆེན་བཅུ་པ་མཆོག་རེད།

མཚམས་དང་མཚམས་སུ་ཕ་དམ་པས་ཁོང་གི་མཛད་རྣམ་སྐོར་རེ་འཆད་ཀྱིན་ཡོད་ལ་དེ་དག་ལས་བདག་གི་སེམས་ན་ཆེས་དམིགས་བསལ་གྱི་བག་ཆགས་ཟབ་པའི་ལོ་རྒྱུས་དུམ་བུ་ཞིག་ནི། “ཁོང་ཉིད་ཉེས་མིང་སྣ་ཚོགས་ཀྱིས་མུན་ནག་གི་གནས་ལ་དེད་དེད་པའི་མཐར་ཨུ་ཡོན་ཀྲང་གི་གོ་གནས་བཞེས་ཟིན་པའི་སྐབས། བོད་ཁུལ་གྱི་ས་གནས་དག་ཏུ་གཟིགས་སྐོར་ལ་བྱོན་པའི་དུས་རྫོང་མཁར་ག་གེ་མོ་ཞིག་གི་ལས་བྱེད་པ་ཚོས་ཁོང་ཉིད་ལ་གསོལ་ཚིགས་སུ་རྒྱ་ལུགས་ཀྱི་ཚལ་སྣ་འདྲ་མིན་གྲ་རྒྱས་པས་གྲ་སྒྲིག་བྱས་པར་ཁོང་གནས་དེར་བྱོན་ཏེ་གཟིགས་མ་ཐག་ཧ་ཅང་ཐུགས་ངར་གྱིས་བཀྱོན་ཕབས་ཏེ་གསོལ་བ་ཡང་མ་མཛད་པར་བྱོན་སོང་བར་གྲགས་ལ། ས་ཚིགས་རྗེས་མའི་རྫོང་གི་ལས་བྱེད་པས་གནས་ཚུལ་དེ་ཐོས་འཕྲལ་ཤ་རྩམ་མར་ཐུད་སོགས་བོད་རང་གི་ཐུན་མིན་གྱི་ཟས་སྣ་ཚོགས་པས་གྲ་སྒྲིག་བྱས་ཏེ་སྒུག་པར་ཁོང་ཕེབས་སྐབས་ཐུགས་ཧ་ཅང་མཉེས་ཏེ་གསོལ་བ་ལྷོད་ལྷོད་ཀྱིས་གནང་སྟེ་བཀའ་སློབ་ལམ་སྟོན་དགྱེས་བསྩལ་བྱས་མྱོང་”བར་གྲགས།

ཐོག་དང་པོར་ཕ་དམ་པའི་ཞལ་ལས་ལོ་རྒྱུས་དེ་ཐོས་པའི་སྐབས་ཀྱི་བདག་ནི་མལ་ས་སྐམ་མ་མྱོང་བའི་བྱིས་པ་གཅིན་ཛར་གྱི་དུས་སྐབས་ཤིག་ཡིན་ལ། དེ་དུས་ཀྱི་ང་ནི་ཡུལ་ཚོའི་ཚོང་ཁང་བདག་པོ་དང་སློབ་གྲྭའི་ནང་གི་རྒྱ་མི་ཤིང་བཟོ་བ་ཚོའི་ཚལ་དྲི་ལ་འགྲམ་ཆུ་ཤོར་བཞིན་པའི་རིགས་དེ་ཡིན་པས། ཁོང་གིས་གྲ་རྒྱས་པའི་རྒྱ་ཟས་ལེའུ་བཅོ་བརྒྱད་བསྐྱུར་ཏེ་ང་རང་གིས་རྒྱུན་པར་ཟ་མ་འདོད་རུང་བཟའ་དགོས་པའི་མར་རྩམ་སོགས་ཀྱི་ཟས་དེར་མཉེས་པོ་བྱས་ཚུལ་ཐོས་དུས་ཧ་ཅང་གི་མཚར་སྣང་བྱུང་མྱོང་། དེ་བས་ངའི་སེམས་ན་ལོ་རྒྱུས་ཀྱི་དུམ་བུ་དེ་ནི་ནམ་ཡང་ཡལ་མ་མྱོང་ལ་ལྷག་ཏུ་ངེད་ཚང་གི་ཀ་ཐོད་ཀྱི་སྐུ་པར་དེ་མཇལ་ཐེངས་རེར་གཏམ་རྒྱུད་དུམ་བུ་དེ་ཡིད་ཡུལ་ན་ཇེ་གསལ་ནས་ཇེ་གསལ་དུ་གྱུར་ཡོད། རྗེས་སོར་ག་ལེར་བསམ་ཚེ་ཁོང་གི་གདམ་གསེས་དེ་ནི་དཔའ་བོའི་རང་ཚུགས་ལས་བླུན་པོའི་ཨུ་ཚུགས་མིན་པར་ཤེས་བྱུང་ལ། ཁོང་གི་མཛད་སྤྱོད་དེ་ནི་དེང་གི་རིས་མེད་དང་རུས་མེད་ནོར་བའི་ཅོལ་ཆུང་དག་གི་འཆོལ་སྤྱོད་དག་དང་རྦད་དེ་སོ་སོ་ཡིན་པར་རྟོགས་བྱུང་།

ད་དུང་ཕ་དམ་པའི་ཞལ་ནས་པཎ་ཆེན་མཆོག་ཉིད་ཞལ་བཞུགས་པའི་སྐབས་སུ་བོད་ཁུལ་ན་ཡོད་པའི་རྒྱ་མི་ལས་བྱེད་པ་ཚོས་ཀྱང་བོད་ཡིག་དང་བོད་སྐད་སྦྱང་དགོས་རབས་སོགས་ཀྱིས་མཚོན་ངོ་མཚར་བའི་གཏམ་རྒྱུད་དང་། ད་དུང་༡༩༨༦ལོར་ཁོང་ཉིད་ཕ་ཡུལ་གོ་འཇོའི་རྩྭ་ཐང་དུ་བྱོན་པའི་སྐོར་སོགས་མང་དུ་གསུངས་པ་ཐོས་མྱོང་ལ། ད་དུང་སྐབས་དེར་གོ་འཇོའི་མི་མང་ལ་བསྩལ་བའི་བཀའ་སློབ་ཀྱི་སྒྲ་ཐག་གསུང་ཧ་ཅང་མི་དྭངས་བ་ཞིག་ཕ་དམ་པས་སྒམ་ཆུང་ཞིག་ཏུ་ཉར་ཚགས་བྱེད་ཅིང་མཚམས་དང་མཚམས་སུ་ཉན་གྱིན་ཡོད།

མི་ལོ་སུམ་ཅུའི་སྒོ་ཐེམ་ནས་བུད་པའི་ད་ལྟའི་ངས་ཕ་དམ་པས་གསུངས་པ་དེ་དག་ལས་གཞན་པའི་ཁོང་གི་རིན་ཐང་མང་པོ་ཞིག་རྟོགས་སོང་ལ། ད་དུང་ངས་ཤེས་པ་དེ་དག་ལས་མང་བའི་རིན་ཐང་གྲངས་མེད་ཅིག་ཁོང་གི་ཕྱི་ནང་ལ་ཡོད་ངེས་པར་ཡང་བསམ་བྱུང་། དེ་བས་ཁོང་གཤེགས་པའི་ཉིན་མོ་དེ་ནི་བོད་པའི་རུས་རྐང་ལ་གས་སྲུབ་ཤོར་བའི་འགོ་བཙུགས་པའི་དུས་ཡིན་ལ། ཁོང་བྱོན་པའི་དུས་ཚིགས་དེ་ནི་ཕུ་ནུའི་རྣམ་ཤེས་ལ་ཚེར་མས་བྲབས་པའི་དམྱལ་བའི་གྲོང་ཁྱེར་ཞིག་གསར་དུ་སྒོ་འབྱེད་པའི་སྐར་མ་དེའང་རེད།

ད་ལྟའི་འུ་ཚང་གི་དགོན་གྲོང་གཉིས་ཀའི་གོ་ཐོབ་ཅན་ཚོས། སྤྱི་པའི་མིང་ཐོག་ནས་སྒེར་གྱི་ཁེ་ཕན་བཙལ་བཞིན་ཡོད་ལ། རང་གི་མཚན་དོན་དུ་རོགས་ཀྱི་རུས་རྐང་གཅོག་བཞིན་མཆིས། དེ་བས་ཁྱེད་ཀྱི་རིན་ཐང་ནི་སེམས་ཀྱི་གྲུ་ཟུར་ན་ཉིན་རེ་ལས་ཉིན་རེར་ཡར་ངོའི་ཟླ་བ་ལྟར་ཇེ་ཆེ་ནས་ཇེ་ཆེ་ལགས། ཁོ་ཚོས་རྒྱུན་པར་ཤི་ཟིན་པའི་དོན་དུ་འུར་རྒྱག་པ་ལས་གསོན་བཞིན་པའི་རྐང་པ་ལ་སྐྱོར་ན་དགའ་ཞེས་ཟེར། འོན་ཀྱང་ཁོ་ཚོར་དབུགས་ཡོད་ཀྱང་སེམས་མེད་ཅིང་། རུས་ཡོད་ཀྱང་རྐང་མེད། ད་དུང་ཁོ་ཚོས་འབྱོར་བའི་ཆེད་དུ་ཕ་མ་བཙོང་ཡང་བག་ཚ་མེད་ལ། གྲགས་པའི་སླད་དུ་ཕུ་ནུ་གསོད་པར་ཐེ་ཚོམ་མེད་པས། ཁྱེད་ཀྱི་སྐུ་ཚེའི་སྐར་ཆ་གཅིག་གི་ཡུན་གྱི་བསམ་བློའི་ལྗིད་ཚད་ལ་ཡང་ཁོ་ཚོའི་སྐྱེ་བ་བརྒྱ་རེའི་གྲུབ་འབྲས་ཀྱིས་དོ་ཡ་ཡོང་མི་སྲིད།

ད་ཆར་བདག་གི་ཕ་དམ་པ་ནི་ཕྱིར་ཡོང་མེད་པའི་གནས་སུ་གཤེགས་ཟིན་ལ། ངེད་ཚང་གི་ཀ་བ་ཡང་ངེད་ཚང་ལ་མ་དབང་མོད། ཀ་ཐོད་ཀྱི་པར་སྒྲོམ་དང་སྒམ་ཆུང་ནང་གི་སྒྲ་ཐག་ནི་ང་རང་གི་གྲྭ་ཤག་ཏུ་ཁྱེར་ཡོང་ཡོད་ལ། པར་སྒྲོམ་ནང་གི་སྐྱེས་བུ་དེའི་རིན་ཐང་ནི་ནར་སོན་པའི་བདག་གི་སེམས་ན་གསལ་པོར་རྟོགས་ཤིང་བརྟན་པོར་གནས། དེ་བས་དེ་རིང་ཁོང་གི་འདས་དུས་འདིར་ངས་ནི་དྲན་འོས་པའི་པཎ་ཆེན་མཆོག་དྲན་བཞིན་ཡོད་ལ་ངའི་ཕ་དམ་པ་ཡང་ཧ་ཅང་དྲན་བཞིན་འདུག། གཅིག་བྱས་ན་རྒྱུ་མཚན་ནི་བདག་གི་སྙིང་ན་དོད་པའི་ཁོང་ཉིད་ཀྱི་གཟུགས་རིས་དེ་ཐོག་དང་པོར་ཕ་དམ་པས་བརྐོས་པའི་རྒྱུ་མཚན་གྱིས་ཡིན་སྲིད། དེ་བས་དེ་རིང་གྲྭ་ཚོགས་ཀྱི་འདུ་ལོང་རབ་ཏུ་བདོ་བའི་གནས་འདི་ནས་བསམ་བཞིན་བསམ་བཞིན་ང་རང་ནི་ཧ་ཅང་ཁེར་རྐྱང་ཡིན་པའི་ཚོར་སྣང་ཞིག་བྱུང་ལ། ངའི་ཁོར་ཡུག་ནི་འོད་སྣང་མེད་པའི་ནག་རྐྱང་ཞིག་ཡིན་པར་སྙམ། འོན་ཀྱང་ངས་ནི་དཔའ་བོ་ཁོང་གི་བསམ་བློའི་སྙིང་སྟོབས་ལ་བླ་འབོད་ཀྱིས་བདེན་པའི་སླད་དུ་མྱི་སྐད་རྒྱག་ཅིང་། གནས་ལུགས་ཀྱི་དོན་དུ་བློས་གཏང་མང་པོ་ཞིག་ཀྱང་བྱེད་པར་སྤོབས།

པཎ་ཆེན་ལགས།
མི་རིགས་ཀྱི་ཀ་བ།
བླ་སྲོག་གི་རྟེན་ཕུར། དེ་རིང་ཧ་ཅང་དྲན་བྱུང་།

༢༡༤༢།༡༢།༢༡ཉིན།