བོན་སྐོར་སྙིང་ལྕགས་ཀྱིས་བསྒྱུར།

Homer, Alaska, United States --- Bald Eagle in mid-air flight over Homer Spit Kenai Peninsula Alaska Winter --- Image by © AlaskaStock/Corbis

གླག་ནི་བྱ་དེའི་རིགས་ལས་ཚེ་ཚད་ཆེས་རིང་ཤོས་དེ་ཡིན།

བྱ་གླག་ཅིག་ལོ་རྒན་བདུན་ཅུར་འཚོ་ཐུབ། འོན་ཀྱང་ལོ་ཚད་དེ་ལྟ་བུ་ཞིག་ལ་ཐོན་པར། བྱ་གླག་གིས་ངེས་པར་དུ་ཐག་གཅོད་དཀའ་མོ་ཞིག་བརྒྱུད་དགོས།

བྱ་གླག་ལོ་ཚོད་བཞི་བཅུའི་ནང་སོན་པའི་དུས་སུ། ཁོའི་མཉེན་ཞིང་རིང་པའི་སྡེར་མོ་ཡིས་ཁ་ཟས་བཏུ་མི་ཐུབ་པར་འགྱུར།

བྱ་གླག་གི་རྣོ་ཞིང་རིང་བའི་མཆུ་ཏོ་ནི་ཐུར་དུ་གུག་པར་འགྱུར།

གཤོག་སྒྲོའི་རྫོང་ཇེ་མཐུག་ཏུ་གྱུར་པ་དང་བསྟུན་ནས། ཁོའི་རྒས་ཉམས་བབ་ཅིང་ལྗིད་རྫོབ་ཆེ་བའི་གཤོག་ཟུང་གཉིས་ཀ་བྲང་ཁར་ལྷུང་ནས་ནམ་འཕང་གཅོད་དཀའ་བར་འགྱུར།

སྐབས་འདིར། བྱ་གླག་ལ་གདམ་གསེས་གཉིས་ལས་ཅི་ཡང་ལྷག་མེད། དང་པོ་ནི་འཆི་བདག་ལ་སྒུག་རྒྱུ་དང་ཅིག་ཤོས་ནི་ཉི་མ་དྲུག་བཅུའི་སྡུག་བསྔལ་གྱི་འགྱུར་ལྡོག་གི་འཕྲང་ལམ་ཞིག་ལ་བརྒྱུད་རྒྱུ་དེ་རེད།

བརྒྱུད་རིམ་འདི་ནི་བྱ་གླག་དེ་ཉིད་བྲག་རི་མཐོན་པོའི་རྩེ་མོར་སོང་ནས་རང་གི་བྱ་ཚང་དུ་བསྡད་དེ། གནས་དེ་ནས་རང་གི་རྒས་ཤིང་ཐུར་དུ་གུག་པའི་མཆུ་ཏོ་དེ་སར་ལྷུང་པའི་བར་དུ་བྲག་ལ་རྡེབ་པ་དང་།

མཆུ་ཏོ་སར་ལྷུང་རྗེས། བྱ་གླག་གིས་མཆུ་ཏོ་གསར་བ་ཞིག་སྐྱེས་པར་ཉིན་མང་པོར་ཁ་ཟས་མེད་པར་བསྒུགས་ནས་འདུག དེའི་རྗེས་སུ། བྱ་གླག་གིས་རང་གི་ནུས་མེད་དུ་གྱུར་ཟིན་པའི་སྡེར་མོ་དེ་དག་བྲག་ལ་བརྡབས་ནས་ལྷུང་དུ་འཇུག་པ་དང་སྡེར་མོ་གསར་བ་དག་ཐོགས་པར་ཡུན་རིང་དུ་བཟོད་སྲན་གྱིས་སྒུག་སྲིད།

སྡེར་མོ་གསར་པ་དག་ཕྱིར་ཐོགས་རྗེས། བྱ་གླག་གིས་རང་གི་རྒས་ཤིང་འཁོགས་པའི་གཤོག་སྒྲོ་ཡོད་ཚད་ཕྱི་ལ་འཐོག་འགོ་རྩོམ།

ཟླ་བ་ལྔའི་རྗེས་སུ། བྱ་གླག་གིས་ཁོའི་སྐད་གྲགས་ཆོད་པའི་བསྐྱར་གསོན་གྱི་གཤོག་ཟུང་བརྡབས་ནས་ནམ་འཕང་བསྟད་དེ། མུ་མཐུད་དུ་ལོ་ངོ་སུམ་ཅུའི་འཚོ་བ་གསར་པའི་འགོ་འཛུགས།

གཏམ་རྒྱུད་འདི་དང་འབྲེལ་བའི་བསླབ་བྱ།

ང་ཚོའི་མི་ཚེའི་ཁྲོད་རྒྱུ་མཚན་ཅི་ཞིག་གི་དབང་གིས་འགྱུར་བ་སྣ་ཚོགས་བྱུང་དགོས་པ་དང་དེ་ལ་གདོང་ལེན་བྱ་དགོས།

འཚོ་སྡོད་བྱེད་པའི་ཆེད་དུ། ང་ཚོས་འགྱུར་ལྡོག་གི་གོ་རིམ་ཞིག་ངེས་པར་དུ་འགོ་བརྩམས་ཏེ་བརྒྱུད་དགོས། སྐབས་ལ་ལར། ང་ཚོས་ལོ་ཟླས་བསྐྱལ་ཟིན་པའི་དྲན་པ་རིང་མོ་དང་གོམས་གཤིས་ངན་པ། རྙིང་རུལ་དུ་གྱུར་པའི་ལུགས་སྲོལ་སྣ་ཚོགས་དོར་རན། འདས་ཟིན་པའི་ཁུར་བོ་ལྕི་མོ་ལས་ཐར་དུས། ང་ཚོས་ད་གཟོད་སྐབས་སུ་བབས་པའི་ད་ལྟའི་དུས་ཚོད་ཀྱི་དགེ་མཚན་ལོངས་སུ་སྤྱོད་ཐུབ། མི་ཚེའི་འགྲུལ་བཞུད་གསར་པ་ཞིག་གི་འགོ་རྩོམ་དགོས་ན། ང་ཚོས་དཀའ་བ་སྟོང་ཕྲག་གི་ལམ་ཁ་ནས་སྙིང་རུས་ཆེན་པོ་བསྐྱེད་དེ། བྱ་རྒོད་ཀྱིས་མཐའ་ཡས་པའི་མཁའ་དབྱིངས་བརྟོལ་བ་ནང་བཞིན། རང་ཉིད་ཀྱང་རྨི་ལམ་གྱི་གཤོག་པར་འཇུས་ཏེ་ཆེས་མཐོ་སའི་ཞིང་ཁམས་ལ་འཕུར་ཆོག

གཏམ་རྒྱུད་འདི་ཁེ་ལས་སྤྱི་གཉེར་ཁང་ཞིག་དང་དཔེ་བཞག་ན། ལས་ཁུངས་དེ་ཉིད་ཀྱིས་ཐོན་རྫས་དང་ཞབས་ཞུ་གསར་པའི་འགོ་བརྩམས་ཏེ་ལོ་ཤས་འགོར་པའི་རྗེས་ལ། ཐོན་རྫས་དང་ཞབས་ཞུའི་རྣམ་པ་དང་རྣམ་གྲངས་སོགས་ལ་གསར་གཏོད་དང་བསྒྱུར་བཅོས་མངོན་གསལ་མ་ཐོན་ཚེ། ཁེ་ལས་དེ་ཉིད་མ་གཞི་ནས་རྡིབ་སྐྱོན་བྱུང་པའི་ཉེན་ཁ་ཡོད་པས་དུས་ཡུན་རིང་པོར་རྒྱུན་འཁྱོང་བྱེད་དཀའ་བའི་གནས་སུ་ལྷུང་ངེས། དེ་བཞིན་དུ་དུས་ཡུན་རིང་པོར་གནས་དགོས་པ་དང་གྲུབ་འབྲས་ལེགས་པོ་འབྱུང་དགོས་པའི་ཚེ། རྣམ་པ་གསར་པའི་འགྱུར་བ་གཏོང་རྒྱུ་ནི་ཁ་ཕྱོགས་གཅིག་པུ་ཡིན་ལ། འགྱུར་བཅོས་དེ་ལས་བྱུང་པའི་དཀའ་ངལ་ལ་ཡང་ཉིན་རྒྱུན་གྱི་གདོང་ལེན་དང་བརྩོན་པ་གང་ལེགས་བྱེད་དགོས།

བྱ་གླག་མགོ་དཀར་ནི་ཨ་མེ་རི་ཀའི་གསར་བརྗེའི་རྗེས་ཀྱི་ལོ་༡༧༨༢་ནས་བཟུང་རྒྱལ་ཁབ་དེའི་བྱའི་རྟགས་མཚན་དུ་གྱུར། དེ་ཡང་རྒྱུ་མཚན་གཙོ་བོ་ནི་བྱ་གླག་མགོ་དཀར་གྱི་ཡོང་ཁུངས་བྱང་ཨ་རི་ཡིན་པ་དང་། བྱ་དེ་ཡི་དཔུང་མཐོ་བའི་གཟི་ཉམས་དང་འགྲན་ཟླ་བྲལ་བའི་སྟོབས་ཤུགས། ད་དུང་འགྲན་ཟླ་བྲལ་བའི་ཚེ་ཚད་བཅས་ཀྱིས་ཡིན་ལ། ཨ་རིར་མཚོན་ན་བྱ་གླག་གིས་ད་དུང་འགན་ཁུར་ཅན་གྱི་རང་དབང་མཚོན་པ་དང་སྐབས་ལ་ལར་དཀའ་སྤྱད་འབད་བརྩོན་དང་ (endurance) རང་རྐྱ་ཐུབ་པ། (independence) ད་དུང་བློ་སྤོབས་ཆེ་བ་ (courage) བཅས་མཚོན་པ་རེད།

གཏམ་རྒྱུད་འདི་དབྱིན་ཡིག་ནས་བསྒྱུར། མཇུག་གི་བསླབ་བྱའི་དཔེ་བརྗོད་ནི་ཟུར་སྣོན་བྱས་པ་ལགས། རྩོམ་ཁུངས། (http://www.powershow.com/view/12dbcf-OGJjY/The_story_of_the_eagle_powerpoint_ppt_presentation). པར་རིས་ཆ་ཚང་སྒོལ་སྒོ་བརྙན་རིས་དྲ་ངོས་ནས་བླངས།