སྐྱེས་ཆེན་དག་ནི་མི་རིགས་ཤིག་གི་ལམ་སྣ་འདྲེན་མཁན་དང་བཙན་གཉོམ་བར་ལ་འབྲེལ་ལམ་སྐྱོང་མཁན་རླབས་ཆེའི་གང་ཟག་ཁོ་ན་སྟེ། དུས་རབས་མི་འདྲ་བའི་སྒྲོན་མེ་དང་གནམ་འདེགས་ཀ་བ་ཡིན་ནོ། །

སྐྱེས་ཆེན་ཡོད་ཚེ་རང་ལ་དབང་བའི་ནམ་ཟླ་ཡོད་ལ་ཕྱི་རུ་འཁྲབ་རྒྱུའི་བྲོ་ཡོད་ཅིང་། ནང་དུ་སྤྱོད་རྒྱུའི་ནོམ་ཡོད་པའི་སྟེང་། འཆམ་མཐུན་ཟེར་བ་དང་བདེ་སྐྱིད་ཟེར་བ་དང་མཐུན་སྒྲིལ་ཟེར་བ་དང་སྤོབས་པ་ཟེར་བ་དེ་ཚོའང་།  ཞར་དང་ཞོར་ལ་ངང་གིས་འགྲུབ་ཡོང་བ་ཞིག་གོ །ལྷག་པར་སྐྱེས་ཆེན་ཟེར་བ་འདི་ཉིད་ཡོད་པར་གྱུར་བ་ལས། ནང་ལ་སྒྲིག་སྲོལ་ཚང་ཞིང་ཕྱི་རུ་འདབ་ཁ་བཙན་པ་ཞིག་གོ །

དུས་རབས་སྔོན་མའི་ནང་ལ་རང་རེར་གོད་ཆག་གི་ལོ་ཟླ་བསྟུད་མར་བྱུང་བ་ཡིན་མོད། དམིགས་བསལ་དུས་རིམ་གྱི་བསྐྱེད་འབྲས་ལས། སྐྱེས་ཆེན་གྱི་དུས་རབས་རིང་རྒྱུ་ཐུང་རྒྱུ་མེད་པ་ཞིག་བྱུང་མྱོང་སྟེ། ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་བཅུ་བ་མཆོག་དང་རྗེ་དམུ་དགེ་བསམ་གཏན་མཆོག ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག མཁས་དབང་དུང་དཀར་རིན་པོ་ཆེ་ལྟ་བུའི་སྐྱེས་ཆེན་དག་གི་གཤོག་པ་ཡོད་པས། བོད་མི་མང་བོ་བདེ་འབོལ་ལེར་ཁོང་ཚོའི་གཤོག་འོག་ནས་རང་ཚིས་ལྷུར་ལེན་ཆོག་པའི་སྐབས་བྱུང་བ་ཡིན་ལ། ད་ལྟ་བོད་མི་མང་བོ་འཚེར་འཚེར་དོགས་དོགས་ཀྱིས་འཚོ་བ་སྐྱེལ་དགོས་པ་ནི། དོན་ལ་སྐྱེས་ཆེན་གྱི་དུས་རབས་མཇུག་རྫོགས་ཀྱིན་པས་སོ། །

རྒྱ་ནག་ལ་མཚོན་ན། སྐུ་ཞབས་ཅི་ཞན་ལན་དང་རིན་ཅུ་དབྱི་ལྟ་བུའི་ས་ཆེན་པོ་བྱིན་གྱིས་ནོན་པའི་སྐྱེས་བུ་དག་འཕྲོ་རིམ་འཕྲོར་གཤེགས་པ་དང་། ཁོ་ཚོས་ད་ལྟ་སྐྱེས་ཆེན་གྱི་དུས་རབས་ཧ་ལམ་རྫོགས་ཟིན་པར་ངོས་འཛིན་བྱེད་བཞིན་ཡོད་ལ། འཁྲལ་འཁྲུལ་གྱི་དུས་རབས་ཤིག་འགོ་བརྩམས་ཟིན་པར་ཚོད་དཔག་ཀྱང་བྱེད་བཞིན་ཡོད། དེ་ནི་ཁོ་ཚོར་མཚོན་ན་དངུལ་ལོར་གྱི་འཇིག་རྟེན་བསྐྲུན་ཟིན་ནའང་། ཤེས་རིག་གི་ཁྱབ་ཁོངས་བག་ལ་ཞ་བར་གྱུར་བ་བསྟན་པ་ཞིག་རེད།

དེང་སྐབས། བོད་ཀྱི་ས་གནས་ལ་ལར་སྐྱེས་ཆེན་ཡིན་འདྲའི་མི་སྣ་རེ་གཉིས་ཡོད་པར་སྣང་མོད། དེ་ཚོ་གྲགས་པས་ཁྱབ་པའི”སྐར་ཆེན”རང་བཞིན་གྱི་མི་སྣ་ཡིན་པ་མ་གཏོགས། སྐྱེས་ཆེན་གྱི་ཚད་གཞིའི་ངོས་ནས་བལྟ་རྒྱུ་མེད་ཅིང་། སྐྱེས་ཆེན་བྱ་བའི་རླབས་ཆེ་བའི་མཚན་ཉིད་འདིའི་གདགས་གཞིར་མི་རུང་བས། ལུང་པ་ཆུང་ངུའི་ཁ་འཛིན་དང་རང་ཤོང་སྤྱིལ་བུའི་མགོ་བདག་ཙམ་ལས། ཐུན་མོང་ཀུན་ལ་གཟི་རྔམ་ཧྲིལ་གྱིས་སྟེར་ནུས་པའི”རང་བྱུང”གི་ནུས་མཐུ་དེ་མེད། དེ་འདྲ་ཡིན་པས། མི་འདི་དག་ལས་ཁ་ཤས་ཤིག་བོད་མིའི་སྤྱི་ཚོགས་ཀྱི་ཤེས་རིག་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་མཁན་གྱི་ལས་སྣ་བར་འགྱུར་གྱིན་པའང་ཡོད་ལ། གབ་སྦེད་རང་བཞིན་ཧ་ཅང་ཆེ་སྟབས། དུས་ཡུན་ཐུང་ངུའི་ནང་རྟོགས་ཀྱང་དཀའ།

སྐྱེས་ཆེན་མེད་པར་གྱུར་བའི་མཇུག་འབྲས་ལ། མི་རྣམས་ཀྱིས་ཆ་རྐྱེན་དམའ་རུ་ཕབ་སྟེ”སྐར་ཆེན”དག་ལ་ངོ་སོ་བསྟོད་སྲིད་ཅིང་། དེ་ཚོ་སྐྱེས་ཆེན་གྱི་ཚབ་ཏུ་བཀུར་བའི་སྒེར་བའི་དད་མོས་རྟིང་གཞི་མེད་པ་དེར་ཕྱོགས་འགྲོ། དེ་འདྲ་བས་མི་རྣམས་ཀྱི་རིན་ཐང་ལྟ་བ་སྤྱིར་བཏང་ཅན་དུ་བྱས་པ་ཡིན་ལ། ཤེས་པ་རང་བཞིན་ཅན་མིན་ཞིང་སྟབས་ཉེས་ན་ཚོགས་སྤྱི་ཧྲིལ་བོ་ཉམ་ཉེས་པར་བྱ་སྲིད་དོ། །

དེར་བརྟེན་སྐྱེས་ཆེན་དད་མོས་དང་སྐར་ཆེན་དད་མོས་གཉི་ག་སོ་སོར་ཕྱེ་རྒྱུ་གལ་ཆེ་སྟེ། གཅིག་ནི་འཕེལ་བའི་སྒུལ་ཤུགས་དང་ཅིག་ཤོས་འཐོམ་སྦྲིད་ཀྱི་སྣང་ཚུལ་ལོ། །

སྐྱེས་ཆེན་ཞེས་པ་ནི། གཞུང་སྲོང་མཁན་ཤེས་རབ་གྱི་དེད་དཔོན་ཞིག་ལ་བྱ་སྟེ། སེམས་དཔའ་ཆེན་པོའི་ཟོལ་གྱིས་མི་འཇིགས་པའི་གདེངས་བརྙེས་ཤིང་ཡང་དག་ལམ་ཆེན་བཏོད་དེ་ཤར་ཤར་བསྐྱོད་པ་ཞིག་ཡིན། ནམ་ཞིག་ཡོད་ཚད་རྨོངས་པར་གྱུར་ཏེ་ལྡོག་སྣེ་མི་ཟིན་པའི་སྐབས་ལ། སྐྱེས་ཆེན་དག་གིས་སྒྲོན་མེ་ཐོགས་ཏེ་ཟབ་གསལ་ཡངས་པའི་ལམ་སྟོན་ངེས་པ་ཡིན།

ཉམ་ཆུང་རྣམས་ཀྱིས་སེམས་པ་གླན་ཆོག་ལ་དྲེགས་ལྡན་མཐའ་དག་རང་བཞིན་ངང་སྤ་བཀོང་པར་འགྱུར་བ་དེ་ལྟ་བུ་ནི། ད་གཟོད་སྐྱེས་ཆེན་ནོ། །རྒྱུན་ལྡན་དུས་ལ་རང་ས་མནན་ནས་འདུག་ཐུབ་ཅིང་གལ་ལ་ཐུག་དུས་འཇིགས་དངངས་མེད་པ་དེ་ཚོ་ནི། ད་གཟོད་སྐྱེས་ཆེན་ནོ། །དུས་ངན་སྲོལ་ངན་བརྟན་པོར་སྲོང་ནུས་ཤིང་རྨོངས་པའི་སྐབས་ལ་ལམ་སྟོན་ནུས་པ་དེ་ལྟ་བུ་ནི། ད་གཟོད་སྐྱེས་ཆེན་ནོ། །

དེ་བཞིན་སྐྱེས་ཆེན་ཞེས་པ་དེ་ནམ་ཡང་ག་ཤེད་ཅིག་ཏུ་འཛུལ་ཏེ་གཞན་གྱི་བདེ་སྡུག་ལ་དོ་ཁུར་ཁ་ཡ་མི་བྱེད་པར”སྒོམ་གྱི་གནས་སྐབས”ཁོ་ནར་གནས་པ་ཞིག་མིན་ལ། འབྲེལ་ཡོད་འབྲེལ་མེད་ཡོད་ཚད་ལ་ལག་བསྲིངས་ཏེ”གཞི་བདག”གི་སྐྱེས་པ་བླངས་ཡོད་པ་ཞིག་ཀྱང་མིན་པར། བརྟན་ཚུགས་པའི་འགྲོ་སྟངས་ལ་དཔྱིས་ཕྱིན་པའི་ཤེས་པས་ཕྱུག་ཅིང་གནད་འགག་ཧར་གྱིས་འབྱེད་ཐུབ་པའི་གཟབ་བརླིང་ཅན་དེ་ལྟ་བུ་ཡིན།

སྐྱེས་ཆེན་གྱི་དུས་རབས་རྫོགས་པ་ནི་སྒྲིག་སྲོལ་ལྡན་པའི་དུས་རབས་རྫོགས་པ་ཡིན་ཞིང་། སྤྱི་ཚོགས་ཟང་ཟིང་ངན་གཡོའི་དུས་རབས་སུ་བསྐྱོད་རྟགས་ཡིན་པས། ཀུན་གྱིས་ཚུལ་ལུགས་རྟོགས་ཏེ་གཟབ་པར་བྱ་རྒྱུ་འགངས་ཆེའོ། །

ས་པཎ་མཆོག་ནས་སྔ་དུས་ཤིག་ལ”གནའ་དུས་བཟང་བོ་ནུབ། ད་དུས་ངན་པ་ཤར། གནའ་མི་མཁས་པ་འདས། ད་མི་བླུན་པོ་སྐྱེས། ལྷ་ཆོས་དར་གྱི་མདུད་པ་གྲོལ། མི་ཆོས་སོག་མའི་ཕོན་ཐག་ཆད། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆག གཙོ་བོ་གྲོས་ཀྱི་རྒྱ་མཚོ་སྐམས། དཔའ་བོ་སྟག་གི་རི་མོ་ཡལ། མོ་བཙུན་ངོ་ཚའི་གཡང་ལུག་བུད། ཡ་རབས་ཀྱི་སྲོལ་མི་བསྲུང་བར་མ་རབས་ཀྱི་བྱ་སྤྱོད་བསྐྱང་། ཕུགས་ཀྱི་ཁེ་མི་བརྩི། འཕྲལ་གྱི་རྩིས་གཏང་། ལེགས་པའི་སྲོལ་མི་འཛིན། ཉེས་པའི་དཔེ་འདྲེན། མཁས་པའི་གཞུངས་མི་བསྲུང་། རྨོངས་པའི་རྗེས་སུ་འཇུག བཟང་པོའི་དོ་མི་ཕྱེད། ངན་པའི་ཡ་བ་བྱེད”ཅེས་དྲན་སྐུལ་གྱི་རྫ་རྔ་བརྡུངས་པ་བཞིན། དེང་སང་ནི་དངོས་གནས་དེ་བཞིན་གྱི་རྒུད་པའི་དུས་རབས་ཤིག་ལགས་པས། ང་ཚོར་སྐྱེས་ཆེན་ཅི་འདྲའི་མཁོ་ཨང་།

2016.2.2   ཟི་ལིང་།