དེང་སང་ང་ཚོས་དུས་རབས་བརྒྱད་པ་དང་དགུ་པའི་ནང་ཡེ་ཤུའི་ཆོས་སྤེལ་མཁན་དང་ཚོང་པ་སྐོར་ཞིག་ཏུན་ཧོང་བྲག་ཕུག་ཏུ་ཕེབས་མྱོང་བའི་རྗེས་ཤུལ་ཙམ་མཐོང་བ་ལས། ཕྱི་གླིང་པ་དེ་དག་གིས་བོད་ཀྱི་གནས་ཚུལ་གང་དག་བྲིས་སྐོར་ཀྱི་རྩོམ་ཡིག་ད་དུང་མཐོང་རྒྱུ་མེད་པའི་གནས་སྟངས་འོག་ཡོད། ད་ལྟ་རང་ཅག་གིས་མཐོང་བའི་ Benjamin of Tudele (1130-1173) ཡིས་བྲིས་པའི་ལམ་ཡིག་ཏུ་གསལ་བའི་བོད་སྐོར་གྱི་གནས་ཚུལ་ཚིག་རྐང་རེ་ཟུང་ཡོད་པ་དེ་དག་ནི་ཕྱི་གླིང་པ་ཞིག་གིས་བོད་ཀྱི་གནས་ཚུལ་བྲིས་པ་ཐོག་མ་དེར་ངོས་འཛིན་བྱེད་ཆོག་པ་ཡིན། དེའི་རྗེས་སུ་ཨེ་ཤེ་ཡའི་དཀྱིལ་ཤར་དུ་འབྱོར་བའི་Jean du Plan Carpin (1182-1252) དང་། Guillaume de rubrouck (1215-1295) གཉིས་ཀྱིས་བྲིས་པའི་རྩོམ་ཡིག་ཏུའང་བོད་ཀྱི་གནས་ཚུལ་ཐོར་རེ་བ་འགའ་བྲིས་ཡོད་མོད། ནུབ་ཕྱོགས་པ་རྣམས་བོད་ལ་འཕྲུལ་སྣང་སྐྱེས་སུ་འཇུག་མཁན་ནི་མཱར་ཁོ་ཕོ་ལོ་ Marco Polo (1254-1324) ཡི་སྐད་གྲགས་ཅན་གྱི་ངོ་མཚར་དེབ་ཐེར་དུ་གྲགས་པ་དེའི་ནང་གི་བོད་ཀྱི་གནས་ཚུལ་དེ་དག་ཡིན་ལ། གནས་ཚུལ་དེ་དག་གིས་ནུབ་ཕྱོགས་པ་ཚོར་བོད་ཀྱི་ཟུར་དབྱིབས་ཤིག་བསྟན་པ་རེད། ཕྲན་གྱིས་བརྗོད་གཞི་དེ་དང་ཁྲག་རྒྱུན་གཅིག་པའི་རྩོམ་ཡིག་ཅིག་སྔར་བྲིས་ཟིན་པས་འདིར་བསྐྱར་ཟློས་བྱེད་པའི་དགོས་པ་མ་མཆིས། འོན་ཀྱང་། ཐེངས་འདིའི་རྩོམ་ཡིག་གི་བརྗོད་གཞི་གཙོ་བོ་ནི་བོད་དུ་དངོས་སུ་འབྱོར་བའི་ཕོར་ཆི་གྷལ་གྱི་ཡེ་ཤུའི་ཆོས་སྤེལ་མཁན་ཨང་ཁྲོ་ནཱས་ (Antonio de Andrade 1580-1634) དང་ཁོང་གིས་བྲིས་པའི་འཕྲིན་ཡིག་གི་སྐོར་ཡིན་ལ། འཕྲིན་ཡིག་དེ་དག་གི་ནང་དུ་དུས་རབས་བཅུ་བདུན་པའི་སྟོད་དུ་ཡེ་ཤུའི་ཆོས་སྤེལ་མཁན་ཁོང་དང་ཁོང་གི་ཆོས་གྲོགས་སྐོར་ཞིག་སྟོད་མངའ་རིས་ཀྱི་གུ་གེའི་ཡུལ་དུ་འབྱོར་རྗེས། གུ་གེ་རྒྱལ་པོས་ཡེ་ཤུའི་ཆོས་སྤེལ་མཁན་ཚོར་སྣེ་ལེན་གང་ལེགས་གནང་ཚུལ་ལས་འཕྲོས་ཏེ། ཡུལ་དེ་རུ་ཡེ་ཤུའི་ལྷ་ཁང་ཞིག་བཙུགས་པ་དང་། གནས་སྐབས་རིང་གུ་གེའི་ཡུལ་ནི་ཡེ་ཤུའི་ཆོས་སྤེལ་སའི་ཞིང་ཁམས་ཤིག་ཏུ་གྱུར་ཚུལ། ད་དུང་ཡུལ་དེའི་སྲོག་རྒྱུན་རིག་གནས་སོགས་ཀྱང་ཞིབ་འབྲི་བྱས་ཡོད་པ་རེད། ཕྲན་གྱིས་ཡེ་ཤུའི་ཆོས་སྤེལ་མཁན་དེས་བྲིས་པའི་གུ་གེའི་ཡུལ་གྱི་གནས་ཚུལ་དེ་དག་བོད་ཀྱི་ཡིག་ཚང་ཁག་ཏུ་བཀོད་འབྲི་བྱས་པ་མ་མཐོང་བས། བོད་མི་རྣམས་ཀྱིས་ཤེས་རྟོགས་ཡོང་ཆེད་གཤམ་དུ་ཁོང་གི་རྣམ་ཐར་མདོར་བསྡུས་ཤིག་དང་། འཕྲིན་ཡིག་ཁག་གི་ནང་དོན། དེ་ནས་རང་གི་ལྟ་ཚུལ་རེ་ཟུང་གསབ་སྦྱོར་བྱས་ཏེ་མདོར་བསྡུས་ཤིག་གླེང་བར་བྱའོ། །

རྣམ་ཐར་མདོར་བསྡུས།

ཐོག་མར་ཨང་ཁྲོ་ནཱས་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་གླེང་ཁུལ་བྱས་ན། ཁོང་སྤྱི་ལོ་༡༥༨༠ལོར་ཕོར་ཆི་གྷལ་དུ་སྐྱེས་ཤིང་། ལོ་བཅུ་དྲུག་གི་སྟེང་ཡེ་ཤུའི་ཆོས་སྒོར་ཞུགས་ཏེ་དགེ་སློང་གི་སྡོམ་པ་ཞུས། དགུང་ལོ་ཉི་ཤུའི་སྟེང་རྒྱ་གར་གྱི་ས་ཆ་རྒོ་བར་བསྐྱོད་དེ་མཚན་ཉིད་རིག་པ་དང་། ལྷའམ་དཀོན་མཆོག་གི་གནས་ལུགས་སྐོར་སྦྱངས། སྐབས་དེར་ཡུལ་དེའི་ཡེ་ཤུའི་ཆོས་ལུགས་ཀྱི་དགོན་སྡེ་ཞིག་གི་སློབ་གཙོའི་འགན་བཞེས་ཏེ། མོང་གོལ་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་ཚོགས་པའི་ཆོས་དཔོན་གྱི་འགན་ཡང་བཞེས། བར་སྐབས་དེར་ཁོང་གིས་རི་བོ་ཧི་མ་ལ་ཡའི་རི་རྒྱུད་དུ་ཡེ་ཤུའི་ཆོས་ལ་དད་པ་བྱེད་མཁན་གྱི་མི་སྡེ་ཞིག་ཡོད་པའི་བཤད་ཡམས་ཤིག་གོ་ཐོས་བྱུང་བར་བརྟེན། ཁོང་གིས་མི་སྡེ་དེ་ལྟ་བུ་ཞིག་ཡོད་མེད་བརྟག་ཆེད་ཧི་མ་ལ་ཡའི་རི་རྒྱུད་དུ་འགྲོ་རྒྱུར་ཐག་བཅད་པ་དང་། སྤྱི་ལོ་༡༦༢༤ལོའི་ཟླ་༣པའི་ཚེས་༣༠ཉིན་ཁོང་དང་མཱ་ཉོལ་མར་ཁུ། ད་དུང་ཡེ་ཤུའི་གྲྭ་པ་གཉིས་བཅས་ཁྱོན་བསྡོམས་མི་བཞི་[1] ལམ་ལ་ཆས་ཏེ། སྤྱི་ལོ་༡༦༢༤ལོའི་ཟླ་བརྒྱད་པའི་ནང་སྟོད་མངའ་རིས་གུ་གེའི་ཡུལ་དུ་འབྱོར་འདུག ཡུན་རིང་མ་འགོར་བར་གུ་གེ་རྒྱལ་པོ་ཁྲི་བཀྲ་ཤིས་གྲགས་པ་དང་བཙུན་མོ་གཉིས་ཀྱིས་སྣེ་ལེན་གང་ཡག་བྱས་པ་མ་ཟད། རྒྱལ་པོས་ཡུལ་དེར་ཡེ་ཤུའི་ལྷ་ཁང་ཞིག་བཞེངས་སྐྲུན་བྱེད་ཆོག་པའི་བཀའ་འཁྲོལ་སོགས་ཀྱང་གནང་། ཨང་ཁྲོ་ནཱས་གུ་གེའི་ཡུལ་དུ་ཉིན་གྲངས་ཉི་ཤུ་ལྷག་བསྡད་རྗེས་ཕྱིར་རྒྱ་གར་དུ་ལོག་ཡོད་ཅིང་། དེ་ནི་རྒྱ་གར་དུ་ཡོད་པའི་ཡེ་ཤུའི་ཆོས་སྤེལ་མཁན་གཞན་དག་ཀྱང་གུ་གེར་གཏོང་ཆེད་ཡིན་པར་བཤད།

སྤྱི་ལོ་༡༦༢༥ལོར་ཁོང་དང་ཡེ་ཤུའི་ཆོས་པ་གཉིས་སླར་ཡང་གུ་གེར་འབྱོར་ཏེ། སྤྱི་ལོ་༡༦༢༦ལོར་རྒྱལ་པོས་སྦྱིན་བདག་བགྱིས་ཏེ་ཡུལ་དེར་ཡེ་ཤུའི་ལྷ་ཁང་ཞིག་དང་། ལོ་གཅིག་གི་རྗེས་སུ་རུ་ཐོག་ཏུའང་ཡེ་ཤུའི་ཆོས་ཚོགས་ཤིག་བཙུགས། ཁོང་གུ་གེའི་ཡུལ་དུ་ལོ་ཤས་བསྡད་རྗེས། སྤྱི་ལོ་༡༦༣༡ལོར་རྒྱ་གར་དུ་ཕྱིར་ལོག་གནང་སྟེ། ཁོང་གིས་མུ་མཐུད་དུ་ཡེ་ཤུའི་ཆོས་གྲོགས་རྣམས་གུ་གེར་བཏང་མོད། སྐབས་དེར་གུ་གེའི་རྒྱལ་རབས་གློ་བུར་དུ་འཇིག་པའི་རྐྱེན་གྱིས་ཁོ་ཚོས་ཡུལ་དེར་ཡེ་ཤུའི་ཆོས་སྤེལ་བཞིན་པར་ལམ་ལྷོངས་མ་བྱུང་བས། ཁོང་གི་ཆོས་གྲོགས་མཱ་ཉོལ་མར་ཁུ་བཙོན་དུ་བཅུག་པའི་ལོ་རྒྱུས་ཡོད་ཅིང་། Francisco de Azevedo (1578-1660) གུ་གེའི་ཡུལ་དུ་གནས་མ་ཐུབ་པར་ལ་དྭགས་ཕྱོགས་སུ་ཕྱིན་པ་རེད། ཕྱིས་སུ་གུ་གེའི་གནས་སྟངས་ཇེ་འཇམ་དུ་ཕྱིན་པ་དང་བསྟུན་ནས་ཁོང་གིས་ཡང་བསྐྱར་ཆོས་གྲོགས་དྲུག་བསྡུས་ཏེ་གུ་གེར་འགྲོ་རྩིས་བྱས་ཡོད་ནའང་། སྤྱི་ལོ་༡༦༣༤ལོར་འཇུའི་མི་རིགས་ཤིག་གིས་ངན་སྐུལ་བྱས་ཏེ་སྔོན་ཆད་ཁོང་ཡེ་ཤུའི་ཆོས་ལུགས་ཀྱི་དགོན་སྡེ་ཞིག་གི་སློབ་གཙོར་བསྡད་མྱོང་སའི་ཡེ་ཤུའི་ཆོས་གྲོགས་ཤིག་གིས་དུག་སྤྲད་དེ་བཀྲོངས་འདུག[2]

ཁོང་གིས་བོད་དུ་ཡེ་ཤུའི་ཆོས་སྤེལ་བའི་སྲོལ་བཏོད་ནས་བཟུང་། ཡེ་ཤུའི་ཆོས་སྤེལ་མཁན་གྱིས་གཙོས་པའི་ཕྱི་གླིང་གི་ལྗོངས་རྒྱུ་བ་དང་། གསང་ལས་པ་སོགས་གཞིས་ཀ་རྩེ་དང་། ལྷ་ས། ཕྱིས་སུ་མདོ་སྟོད་སྨད་ཕྱོགས་སུ་འབྱོར་ཏེ་ཁོ་ཚོས་དངོས་སུ་མཐོང་བ་དང་མ་མཐོང་བའི་བོད་ཀྱི་ལྐོག་གྱུར་གྱི་གནས་ཚུལ་གང་མང་རང་སྐད་དུ་བྲིས་པ་དེས་ནུབ་ཕྱོགས་ཀྱི་མི་མང་པོའི་དོ་སྣང་དྲངས་པར་གྱུར་ཅིང་། ཁོ་ཚོ་ནི་མདོ་དབུས་མཐོ་སྒང་གི་གནས་ཚུལ་ནུབ་ཕྱོགས་སུ་འཁྱེར་མཁན་གྱི་ཕོ་ཉ་ཡིན་པ་རེད།

ཨང་ཁྲོ་ནཱས་ཀྱི་འཕྲིན་ཡིག

ཨང་ཁྲོ་ནཱས་གུ་གེའི་ཡུལ་དུ་ཐེངས་དང་པོར་འབྱོར་ཏེ་ཕྱིར་རྒྱ་གར་དུ་ལོག་རྗེས། སྤྱི་ལོ་༡༦༢༥ལོའི་ཟླ་༡༡ཚེས་༦་ཉིན་འཕྲིན་ཡིག་ཅིག་བྲིས་ཡོད་ཅིང་། དེ་ནི་སྤྱི་ལོ་༡༦༢༦ལོར་Le Libraire Lisbonnin Mateus Pinheiro ཞེས་པའི་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་འདུག འཕྲིན་ཡིག་དེའི་མིང་ལ“སླར་ཡང་གསར་རྙེད་བྱུང་བའི་ཁཱ་ཐིས་ཆེན་པོ་(Le Grand Cathay)དང་བོད་ཀྱི་རྒྱལ་ཁམས”ཞེས་པ་དེ་ཡིན་ནའང་། “ཁཱ་ཐིས་ཆེན་པོ་”ཞེས་པའི་ཡུལ་དེ་ནི་ས་ཆ་གང་ཞིག་ཏུ་ངོས་འཛིན་བྱེད་དགོས་མིན་ད་དུང་དོགས་པའི་ངོར་ཡོད།[3] ཡུལ་མིང་དེ་ནི་མཱར་ཁོ་ཕོ་ལོའི་ངོ་མཚར་དེབ་ཐེར་དུ་འབྱུང་བ་མ་ཟད། ཡེ་ཤུའི་ཆོས་སྤེལ་མཁན་གཞན་དག་གི་ཟིན་བྲིས་ནང་དུའང་ཐོན་ཡོད། གང་ལྟར། ཁོང་གི་འཕྲིན་ཡིག་འདི་པར་སྐྲུན་བྱས་རྗེས། ཡུ་རོབ་ཀྱི་ཡེ་ཤུའི་དགོན་སྡེ་ཆེ་ཁག་དག་གིས་སྐད་ཡིག་འདྲ་མིན་གྱི་སྐད་དུ་བསྒྱུར་པར་གྲགས། ཨང་ཁྲོ་ནས་ཀྱིས་འཕྲིན་ཡིག་གཉིས་པ་ནི་སྤྱི་ལོ་༡༩༢༦ལོའི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་གུ་གེའི་ཡུལ་དུ་བྲིས་ཡོད་ཅིང་། འཕྲིན་ཡིག་དེ་ཡང་ལོ་དེར་པར་སྐྲུན་བྱས་ཏེ་ཡུ་རོབ་ཀྱི་རྒྱབ་ཁབ་སི་པན་དང་། འཇར་མན། ཨི་ཊ་ལི་སོགས་ཀྱིས་གཙོས་པའི་སྐད་རིགས་འདྲ་མིན་གྱི་སྐད་དུ་བསྒྱུར་པ་མ་ཟད། དེབ་དེ་ཧ་ཅང་བྲིན་པོ་བྱུང་སྐད། སྤྱི་ལོ་༡༦༢༨ལོར་འཕྲིན་ཡིག་གཉིས་པ་དེ་ཧྥ་རན་སིའི་སྐད་དུ་བསྒྱུར་ཡོད་ཅིང་། འགྱུར་དེ་ནི་སྐད་ཡིག་གཞན་དག་གི་འགྱུར་དང་མི་འདྲ་བའི་ཁྱད་པར་ཞིག་ཡོད་པར་བཤད་[4]ལ། སྐད་རིགས་གཞན་གྱི་འགྱུར་དག་ཀྱང་ཕན་ཚུན་གཤིབ་བསྡུར་བྱས་ཚེ་ཆུ་ལ་ཆུ་བཞག་ཅིག་མིན་པར་གྲགས།

ལོ་ཤས་ནས་བཟུང་། ཕྲན་ལ་ཐོབ་པའི་ཨང་ཁྲོ་ནཱས་ཀྱིས་བྲིས་ཤིང་ཧྥ་རན་སིའི་སྐད་དུ་བསྒྱུར་བའི་འགྱུར་དེའི་དཔར་གཞི་ཧ་ཅང་རྙིང་པ་ཞིག་རེད་ལ། དེབ་འདིའི་དཔེ་སྐྲུན་ཁང་དང་། པར་སྐྲུན་བྱས་པའི་ལོ་ཚིགས་སོགས་ཀྱང་མི་གསལ། འོན་ཀྱང་། ཉེ་ཆར་ཕྲན་གྱིས་སྐད་ཚོམས་ཤིག་ཏུ་ཨང་ཁྲོ་ནཱས་དང་ཁོང་གི་འཕྲིན་ཡིག་སྐོར་ངོ་སྤྲོད་བྱེད་སྐབས་དཔར་གཞི་དེའི་ནང་གང་ཞིག་འཁོད་ཡོད་པ་དག་བཤད་པའི་ཁུལ་ཡིན་མོད། ཁེ་ཉིན་ཨང་ཁྲོ་ནཱས་ཀྱི་འཕྲིན་ཡིག་གཉིས་ལ་ཧྥ་འགྱུར་གསར་པ་ཞིག་ཡོད་པ་ཤེས་ཏེ་འགྱུར་དེབ་དེ་བླུས་པ་ཡིན། འགྱུར་དེབ་ཀྱི་མིང་ལ་“བོད་དུ་བསྐྱོད་པའི་ཕོར་ཆི་གྷལ་གྱི་མི།”ཞེས་པ་དེ་རེད་ལ། འགྱུར་དེབ་དེའི་ནང་གོང་དུ་གླེང་ཟིན་པའི་འཕྲིན་ཡིག་གཉིས་སྤེལ་འདུག་པ་མ་ཟད། ཨང་ཁྲོ་ནཱས་ཀྱིས་གུ་གེའི་ཕྱོགས་ཀྱི་མཐོང་ཐོས་དང་འབྲེལ་བའི་འཕྲིན་ཡིག་གཞན་ཞིག་ཀྱང་སྤེལ་ཡོད་པ་མཐོང་། འཕྲིན་ཡིག་དེ་ནི་སྤྱི་ལོ་༡༦༢༧ལོའི་ཟླ་༨པའི་ཚེས་༢ཉིན་གུ་གེའི་ཡུལ་དུ་བྲིས་པ་ཞིག་རེད། འགྱུར་དེབ་སྒྲིག་མཁན་གྱིས་འཕྲིན་ཡིག་དེ་ནི་དུས་རབས་ཉི་ཤུ་པའི་ཡར་སྔོན་དུ་རྒྱལ་ཁབ་སུ་གཅིག་གིས་ཀྱང་པར་སྐྲུན་བྱས་མེད་ཚུལ་[5] གསུངས་འདུག ཡ་མཚར་བ་ནི་གོང་གི་འགྱུར་ཡིག་དེ་གཉིས་གཤིབ་བསྡུར་གྱིས་བལྟ་ཀློག་བྱེད་སྐབས་དེ་གཉིས་ལ་མི་འདྲ་བའི་གནད་དོན་མང་པོ་མཆིས་ཤིང་། གནད་དོན་གཙོ་བོ་ནི་འགྱུར་རྙིང་དེའི་ནང་གུ་གེའི་ཡུལ་གྱི་གནས་ཚུལ་མང་པོ་ཞིག་ཁུ་བསྡུ་བྱས་ཡོད་པ་དེ་རེད།

འདིར་དཔེ་མཚོན་ཁ་ཤས་ཤིག་ཞུས་ན། དཔར་གཞི་རྙིང་པའི་ནང་ཨང་ཁྲོ་ནཱས་དང་ཁོང་གི་ཆོས་གྲོགས་གཉིས་ཐོག་མར་གུ་གེར་འབྱོར་རྗེས། ཁོང་གཉིས་ཀྱིས་གུ་གེ་རྒྱལ་པོ་དང་མཉམ་དུ་གླེང་མོལ་བྱས་པའི་གནས་ཚུལ་དང་། ཨང་ཁྲོ་ནཱས་གུ་གེར་འབྱོར་ནས་ཕྱིར་རྒྱ་གར་དུ་ལོག་ཁར་ཁོང་གིས་རྒྱལ་པོར་ཡེ་ཤུའི་སྟོན་པའི་བརྐོས་རིས་ཤིག་ཕུལ་བ་མ་ཟད། རྒྱལ་མོ་དང་སྲས་སོགས་ལའང་ལེགས་སྐྱེས་ཕུལ་ཚུལ། ཁོང་རྒྱ་གར་དུ་འབྱོར་རྗེས་སེ་རི་ན་གྷར་(Srinager)གྱི་རྒྱལ་པོས་གུ་གེའི་མཐའ་མཚམས་སུ་དམག་དཔུང་འདྲེན་པའི་སྟ་གོན་བྱེད་ཀྱིན་ཡོད་པ་སོགས་བྲིས་མེད་ལ། ད་དུང་དཔར་གཞི་རྙིང་པའི་ནང་ཨང་ཁྲོ་ནཱས་དང་མཱ་ཉོལ་མར་ཁུ་གཉིས་རྒྱ་གར་ནས་བོད་དུ་ཐེངས་དང་པོར་འབྱོར་སྐབས་ཀྱི་ལམ་བར་གྱི་གནས་ཚུལ་ཁག་ཅིག་མི་གསལ་བ་མ་ཟད། ཁོང་གཉིས་གུ་གེར་འབྱོར་རྗེས་རྒྱལ་པོས་ཉིན་ཤས་རིང་བཀག་འགོག་བྱས་པའི་གནས་ཚུལ་སྐོར་བྲིས་མེད། དེ་བཞིན་དུ་གུ་གེའི་དགོན་སྡེ་དང་གྲྭ་བཙུན་ཁག་གི་གནས་ཚུལ་ཁག་ཅིག་ཀྱང་མི་གསལ་བས། འདི་དག་ལ་བསམས་སྐབས་སྐད་ཡིག་གཞན་གྱི་འགྱུར་ཡིག་དེ་དག་ཀྱང་ཕན་ཚུན་མི་མཐུན་པའི་དཀའ་ངལ་ཞིག་ཡོད་པ་དེ་ཡང་བདེན་པ་ཡིན་པའི་ཚོར་སྣང་སྟེར་རོ། །

དེར་བརྟེན། ཕྲན་གྱིས་དཔར་གཞི་རྙིང་པ་དང་གསར་པ་གཉིས་ལས་དཔར་གཞི་གང་ཞིག་གི་འགྱུར་དག་མིན་གྱི་ཁ་ཚོན་གཅོད་ཐབས་བྲལ་མོད། དཔར་གཞི་གསར་པའི་ནང་དུ་དཔར་གཞི་རྙིང་པའི་ནང་མི་གསལ་བའི་གནས་ཚུལ་མང་པོ་ཞིག་ཞིབ་འབྲི་བྱས་འདུག་པས། གཤམ་དུ་དཔར་གཞི་གསར་པར་གཞི་བཅོལ་ཏེ་ཨང་ཁྲོ་ནཱས་ཀྱིས་མཐོང་བའི་གུ་གེའི་ཕྱོགས་ཀྱི་གནས་ཚུལ་ཁག་ཅིག་ཁོལ་དུ་ཕྱུང་སྟེ་འགྲེལ་བརྗོད་ཞུ་རྒྱུ་ཡིན།

གུ་གེ་རྒྱལ་པོ།

ཨང་ཁྲོ་ནཱས་ཀྱི་འཕྲིན་ཡིག་[6]ལྟར་ན། ཁོང་དང་ཁོང་གི་ཆོས་གྲོགས་གཉིས་གུ་གེར་མ་འབྱོར་བའི་ཉིན་གསུམ་གྱི་ཡར་སྔོན་ལ། གུ་གེ་རྒྱལ་པོ་ཁྲི་བཀྲ་ཤིས་གྲགས་པས་ཡེ་ཤུའི་ཆོས་སྤེལ་མཁན་གཉིས་ཚོང་པ་ཡིན་ཤག་གིས་བཞོན་རྟ་གསུམ་མངགས་ཏེ་བདག་སྐྱོང་བྱེད་དགོས་པ་དང་། གུ་གེའི་ཕྱོགས་ནས་དགོས་མཁོ་བསྒྲུབ་རྒྱུ་ཡིན་ཚུལ་གསུངས་འདུག་ཀྱང་། ཁོང་གཉིས་གུ་གེར་འབྱོར་ནས་ཡོང་དོན་ངོ་མ་རྒྱལ་པོར་ཞུས་སྐབས་ཁོང་གིས་ཐུགས་ཕམ་དང་བཅས་ཏེ་མི་དགའ་བའི་རྣམ་འགྱུར་ཕྲན་བུ་བསྟན་ཡོད་ནའང་། ཨང་ཁྲོ་ནཱས་ཀྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་རྒྱལ་པོར་ཡེ་ཤུའི་ཆོས་ལུགས་ཀྱི་དགེ་མཚན་དང་། ཆོས་ལུགས་དེའི་ཟབ་དོན་སོགས་ངོ་སྤྲོད་བྱས་ཏེ་གུ་གེ་རྒྱལ་པོ་ཡེ་ཤུའི་ཆོས་འོག་ཏུ་འགུག་ཐབས་བྱས་ཡོད། རིམ་བཞིན་རྒྱལ་པོས་ཀྱང་ཡེ་ཤུའི་ཆོས་པ་གཉིས་ལ་གཟིགས་སྐྱོང་གནང་མགོ་བརྩམས་ཏེ། ཡེ་ཤུའི་ཆོས་ལུགས་ལའང་དོ་སྣང་ཡོད་མཁན་ཞིག་ཏུ་གྱུར་འདུག ཡེ་ཤུའི་ཆོས་པ་གཉིས་གུ་གེར་འབྱོར་ནས་ཉིན་ཤས་ཀྱི་རྗེས་སུ། རྒྱལ་པོས་ཡེ་ཤུའི་སྟོན་པའི་ཡུམ་དང་ཡེ་ཤུའི་སྟོན་པའི་འདྲ་སྐུ། ཡེ་ཤུའི་ཆོས་པ་དག་གི་ཕྱག་མཚན་བེ་ཅོན་སོགས་མཐོང་རྗེས། ཁོང་གིས་དངོས་པོ་དེ་དག་ཁོང་དང་། བཙུན་མོ། རྒྱལ་སྲས། ད་དུང་ཚ་བོ་སོགས་ལ་སྤྲོད་དགོས་པའི་རེ་བ་བཏོན་ཡོད་པ་དང་། ཨང་ཁྲོ་ནཱས་ཀྱིས་ཀྱང་རྟེན་སྐལ་དེ་དག་ལེགས་སྐྱེས་ཤིག་གི་ཚུལ་དུ་བཙུན་མོ་དང་རྒྱལ་སྲས་སོགས་ལ་འདོགས་སུ་བཅུག་ཅིང་། ཁོ་ཚོས་ཀྱང་ལེགས་སྐྱེས་དེ་དག་ལ་དགའ་སྣང་ཆེན་པོ་གནང་འདུག དེ་ནས་རྒྱལ་པོས་ཡེ་ཤུའི་ཆོས་སྤེལ་མཁན་གཉིས་རྒྱལ་པོའི་ཕོ་བྲང་གི་ཕྱི་ནང་དང་གུ་གེའི་ས་ཆ་གང་དུའང་འགྲོ་ཆོག་པའི་ཆོག་མཆན་གནང་བ་མ་ཟད། ལུག་ཤ་དང་། འབྲས། གྲོ་ཕྱེ། ནས་ཆང་། རྒུན་འབྲུམ་སྐམ་པོ་སོགས་ཀྱིས་གཙོས་པའི་བཟའ་བཏུང་གི་རིགས་ཀྱང་ཕངས་མེད་དུ་སྩལ་སྐད།

ཨང་ཁྲོ་ནཱས་ཀྱིས་གུ་གེ་རྒྱལ་པོའི་གཟིགས་སྐྱོང་ཡག་པོ་དེའི་གོ་སྐབས་དང་བསྟུན་ནས་ཕྱིར་རྒྱ་གར་དུ་ལོག་སྟེ་ཡེ་ཤུའི་ཆོས་གྲོགས་གཞན་པ་བོད་དུ་གཏོང་བར་འཆར་གཞི་སྒྲིག་མགོ་བརྩམས་ཏེ། རྒྱལ་པོར་རེ་འདུན་ལྔ་བཏོན་ཡོད་པ་འདི་ལྟར། གཅིག གུ་གེའི་ཡུལ་དུ་ཡེ་ཤུའི་གསུང་རབ་བམ་འཕྲིན་བཟང་གི་ཆོས་སྤེལ་ཆོག་པ། དེར་སུས་ཀྱང་འགོག་རྐྱེན་བཟོ་མི་ཆོག གཉིས། གུ་གེའི་ཡུལ་དུ་ཡེ་ཤུའི་ལྷ་ཁང་ཞིག་དང་མཆོད་ཁང་ཞིག་འཛུགས་སའི་ས་ཆ་སྤྲོད་རྒྱུ། གསུམ། རྗེས་ཕྱོགས་ཡེ་ཤུའི་ཆོས་པ་ཚོས་ཚོང་ཟོག་ཅི་ཡང་འཁྱེར་མི་ཡོང་བའི་ཁས་ལེན་བྱེད་རྒྱུ། བཞི་པ། འབྱུང་འགྱུར་ཕོར་ཆི་གྷལ་གྱི་ཚོང་པ་རྣམས་ཡུལ་འདི་གར་ཚོང་རྒྱག་ཏུ་འབྱོར་ཚེ། ཡེ་ཤུའི་ཆོས་པ་ཚོའི་ངོས་ནས་ཚོང་པ་དག་ལ་ས་ཆ་གཡོར་དགོས་པའི་འགན་མེད་ཅིང་། བར་ཁེ་བའི་ཚོང་ལས་ཀྱང་གཉེར་རྒྱུ་མིན་པ། ལྔ། རྒྱལ་པོས་ཁ་ཆེའི་ཆོས་ལ་མི་གསན་རྒྱུ། དེ་ནི་ཁ་ཆེ་པ་ཚོས་ཡེ་ཤུའི་ཆོས་ལ་རྒོལ་བཞིན་ཡོད་པས་རེད། རྒྱལ་པོས་ཨང་ཁྲོ་ནཱས་ཀྱིས་བཏོན་པའི་རེ་འདུན་ཁག་ལྔ་ཁས་ལེན་གནང་ཞིང་། བཙུན་མོས་ཀྱང་ཁ་ཆེའི་ཆོས་ལུགས་ལ་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་པོ་བསྟན་པ་བཤད་ཡོད། དེ་ནས་རྒྱལ་པོས་རྒྱ་གར་གྱི་རྒྱལ་ཕྲན་ཁག་གི་རྒྱལ་པོ་དག་ལ་ཕྱག་འཕྲིན་སྩལ་ཏེ་ཡེ་ཤུའི་ཆོས་པ་གཉིས་ལ་གཟིགས་སྐྱོང་གནང་དགོས་པ་དང་། ཁོང་གཉིས་ངེས་པར་དུ་ཕྱིར་ལོག་དགོས་ཚུལ། ལྷག་པར་དུ་རྒྱལ་པོས་གསང་བའི་སྒོ་ནས་ཤ་དང་། མར། འབྲས་སོགས་ལམ་བྲོ་གནང་སྟེ། ཉིན་ལམ་གསུམ་གྱི་མཚམས་སུ་ལམ་གྲོགས་མངགས་ནས་སྐྱེལ་མ་བྱས་ཚུལ་སོགས་འཁོད་ཡོད་ལ། འདི་ནི་འཕྲིན་ཡིག་དང་པོའི་བརྗོད་བྱའི་དཀྱིལ་སྙིང་ལྟ་བུ་ཡིན་པ་རེད།

འོན་ཀྱང་། སྐབས་དེའི་གུ་གེར་མཚོན་ན་གུ་གེའི་ཆབ་འབངས་ཚང་མས་དགེ་ལུགས་པ་དང་བཀའ་བརྒྱུད་པའི་གྲུབ་མཐའ་ལ་དད་པ་བྱེད་ཀྱིན་ཡོད་ལ། གུ་གེ་རྒྱལ་པོས་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གུ་གེའི་ཡུལ་དུ་གདན་འདྲེན་མཛད་ནས་དགེ་ལུགས་པའི་གྲུབ་མཐའ་སྤེལ་བཞིན་པའི་དུས་སྐབས་ཤིག་ཡིན་པར་བརྟེན། རྒྱལ་པོས་ཡེ་ཤུའི་ཆོས་པ་ཚོར་གཟིགས་སྐྱོང་གང་ལེགས་གནང་སྟེ་ཡེ་ཤུའི་ཆོས་ལུགས་ལ་རྒྱབ་སྐྱོར་གནང་བ་ནི་ཡ་མཚན་པའི་གནས་ཤིག་ཀྱང་ཡིན།

གང་ལྟར། འཕྲིན་ཡིག་གཉིས་པའི་ནང་དོན་ལྟར་ནའང་། གུ་གེ་རྒྱལ་པོས་མུ་མཐུད་དུ་ཡེ་ཤུའི་ཆོས་ལུགས་ལ་གུས་བརྩི་དང་། ཡེ་ཤུའི་ཆོས་པ་ཚོར་ཡག་པོ་གནང་ཡོད་པ་མ་ཟད། ཁོང་དང་བཙུན་མོ་གཉིས་ཡེ་ཤུའི་ཆོས་པ་ཚོའི་སྡོད་གནས་སུ་ཡང་ཡང་ཕེབས་ནས་ཡེ་ཤུའི་ཆོས་ལུགས་སྐོར་ལ་དྲི་བ་དྲིས་ཏེ། རྒྱལ་པོས་རང་ཉིད་ཡེ་ཤུའི་ཆོས་ལ་ཞུགས་རྒྱུའི་འདུན་པ་ཡོད་སྐོར་བརྗོད་འདུག་ལ། ཨང་ཁྲོ་ནཱས་ཀྱིས་གོ་སྐབས་དེ་དང་བསྟུན་ནས་རྒྱལ་པོ་དང་བཙུན་མོ་གཉིས་ལ་ཡེ་ཤུའི་ཆོས་ལུགས་ཀྱི་ཟབ་དོན་བཤད་པས། ཁོང་གཉིས་ཀྱིས་དགའ་ཚོར་ཆེན་པོས་གསན་བཞེས་གནང་བའི་ཐོག ཡེ་ཤུའི་ཆོས་གཞུང་དུ་གསལ་བའི་ལྷ་ཡུལ་དང་འབྲེལ་བའི་གནས་ཚུལ་སྐོར་ལ་སུན་པ་མི་འདུག་ཅེས་ཀྱང་གསུངས་པར་གྲགས། རིམ་གྱིས་གུ་གེ་རྒྱལ་པོ་དང་ཨང་ཁྲོ་ནཱས་ཀྱི་འབྲེལ་བ་ཇེ་བརྟན་དང་ཇེ་ལེགས་སུ་གྱུར་པ་དཔེར་ན། གུ་གེའི་དུས་ཆེན་ཞིག་གི་སྐབས་སུ། རྒྱལ་པོས་ཁོང་གི་སྲས་ཕྱག་གཡས་པ་དང་། ཡེ་ཤུའི་ཆོས་པ་ཁོང་ཕྱག་གཡོན་པ་ནས་བཞུགས་དགོས་ཚུལ་གསུངས་སྐབས། ཨང་ཁྲོ་ནཱས་ཀྱིས་རྒྱལ་པོས་བཀའ་དེ་ལྟར་གནང་ན་མི་འོས་ཚུལ་ཞུས་འདུག་མོད། རྒྱལ་པོས་ཁྱོད་ནི་བདག་ཅག་གི་ཡེ་ཤུའི་ཆོས་པ་ཡིན་པ་དང་། བླ་མའང་ཡིན་ཞེས་ཀྱང་གསུངས་སྐད། འོན་ཀྱང་། རྒྱལ་པོའི་ནུ་བོ་ལྷ་བཙུན་དང་ཁུ་བོ་ལྷ་བཙུན་ཞིག་ཡོད་པ་གཉིས་ཀྱིས་གུ་གེ་རྒྱལ་པོའི་ཕྱག་ལས་གནང་སྟངས་མཁྱེན་པར་གྱུར་ནས་ཁོང་མཐོ་ལྡིང་དགོན་པར་གདན་འདྲེན་ཞུས་ཤིང་། རྒྱལ་པོས་ཡེ་ཤུའི་ཆོས་ལ་རྒྱབ་སྐྱོར་གནང་ན་མི་ལེགས་པ་དང་། རྒྱལ་ཕྲན་གསུམ་གྱིས་མཐའ་མཚམས་ན་གུ་གེར་གྱེན་ལོག་བྱེད་བཞིན་ཡོད་པ། གུ་གེའི་ཕྱོགས་ཀྱི་ནང་པའི་གྲྭ་བཙུན་མང་པོ་རྒྱལ་པོར་བློ་ལོག་ངེས་ཡིན་ཚུལ། ལྷག་པར་དུ་སྲིད་གཞུང་ལ་སྟངས་འཛིན་གནང་མི་ཐུབ་པའི་གནས་སྟངས་སོགས་ཞུས་ཡོད་པ་མ་ཟད། བོད་ཀྱི་བླ་མ་གྲགས་ཅན་ཁ་ཤས་གདན་དྲངས་ནས་རྒྱལ་པོར་ནང་ཆོས་ཀྱི་དགེ་མཚན་གླེང་འདུག་ནའང་། དེ་དག་གིས་ཕན་རླབས་ཆེན་པོ་ཐོགས་མེད་ཚུལ་བྲིས་ཡོད།

དེ་བཞིན་དུ། བཙུན་མོ་དེ་ཡང་ཡེ་ཤུའི་ཆོས་སྤེལ་མཁན་ཚོར་ཡག་པོ་ཡོད་པ་དང་། ཡེ་ཤུའི་ཆོས་ལ་དད་པ་དག་སྣང་ཡོད་ཚུལ་བཤད་ཡོད། འདིར་དཔེར་མཚོན་ཞིག་དྲངས་ན། ཉིན་ཞིག་བཙུན་མོས་ཡེ་ཤུའི་ཆོས་པ་ཞིག་ལ་ན་ཚ་ལྗིད་མོ་ཞིག་ཕོག་པ་ཤེས་འཕྲལ། བཙུན་མོ་ཁོ་ཚོའི་སྡོད་གནས་སུ་ཕེབས་ཏེ་སྐྱོ་གདུང་དྲག་པོས་མིག་ཆུ་བཞུར་བ་དང་། ཡེ་ཤུའི་ཆོས་པ་ཁོང་ནི་མོའི་ཕ་ལགས་ལྟ་བུ་ཡིན་ཚུལ་གསུངས་འདུག རྒྱུ་རྐྱེན་དེ་ལ་བརྟེན་ནས་རྒྱལ་པོའི་ཁུ་བོ་ལྷ་བཙུན་དེས་རྒྱལ་པོར་བཙུན་མོ་གཞན་ཞིག་བསུ་དགོས་པའི་རྒྱུ་མཚན་ཞུས་ཡོད་ནའང་། ཨང་ཁྲོ་ནཱས་ཀྱིས་རྒྱལ་པོར་ཡེ་ཤུའི་ཆོས་ལུགས་པ་རྣལ་མ་ཞིག་ཡིན་ཕྱིན་ཆུང་མ་གཅིག་ལས་བླངས་མི་ཆོག་ཚུལ་བརྗོད་དེ་བཙུན་མོ་གཞན་ཞིག་བསུ་བར་བཀག་འགོག་བྱས་ཡོད་པ་དང་། རྒྱལ་པོས་ཀྱང་ཁུ་བོ་ལྷ་བཙུན་གྱི་ཁ་ལ་མ་ཉན་པར་ཨང་ཁྲོ་ནཱས་ཀྱིས་ཅི་བཤད་དང་དུ་བླངས་འདུག དེ་ནས་རྒྱལ་པོས་བོད་མི་ཁྱིམ་པ་བ་རྣམས་རབ་བྱུང་སྒྲུབ་ཏུ་མ་བཅུག་པར་གྲྭ་བཙུན་རྣམས་ཕྱིར་སྐྱ་སེར་ཕབས་ཏེ་ནང་བསྟན་བསྣུབས་པའི་སྤྱོད་ངན་ལག་ཏུ་བསྟར་བ་དང་། སྔར་གྱི་གྲྭ་པའི་གྲངས་འབོར་ལྔ་སྟོང་ཙམ་ནས་བརྒྱ་ལ་མི་ལོངས་ཙམ་དུ་བཟོས་ཤིང་། དེ་དག་ལ་རྒོལ་རྡུང་དང་། མནར་གཅོད་སོགས་བཏང་བ་རེད། མཐར་གུ་གེ་རྒྱལ་པོའི་གཟིགས་སྐྱོང་དང་རྒྱབ་སྐྱོར་འོག་ཏུ། སྤྱི་ལོ་༡༦༢༦ལོའི་ཟླ་༨པའི་ཚེས་༡༡ཉིན་གུ་གེའི་ཡུལ་དུ་ཡེ་ཤུའི་ལྷ་ཁང་ཞིག་གསར་དུ་བཙུགས་པ་དང་། དེའི་མཛད་སྒོའི་ཉིན་མོར་ཡེ་ཤུའི་ཆོས་སྤེལ་མཁན་ཚོས་རྒྱལ་པོ་ལྷ་ཁང་གསར་པའི་ནང་གདན་ཞུས་ཀྱིས་མཆོད་འབུལ་རྒྱ་ཆེན་ཞིག་བྱས་པར་བརྟེན། ཨང་ཁྲོ་ནཱས་ཀྱིས་གུ་གེར་ཡེ་ཤུའི་ཆོས་ལུགས་ཀྱི་རྐང་བཙུགས་ཤིང་། ཡེ་ཤུའི་ཆོས་ལུགས་དེ་དངོས་སུ་དར་སྤེལ་བྱས་པའི་གནས་ཚུལ་སོགས་བྲིས་ཡོད།

ལར་ནས་གུ་གེ་རྒྱལ་པོས་ཡེ་ཤུའི་ཆོས་ལུགས་བསྟེན་མེད་སྐོར་གླེང་མོད།[7] འཕྲིན་ཡིག་གསུམ་པའི་ནང་དུ་ཨང་ཁྲོ་ནཱས་ཀྱིས་ཐོག་མར་ཁྲུས་དབང་དེ་བཙུན་མོ་དང་། དེ་ནས་རྒྱལ་པོ། རྒྱལ་སྲས་སོགས་ལ་རེ་རེ་བཞིན་བསྐུར་ཚུལ་བྲིས་འདུག་པས། གུ་གེ་རྒྱལ་པོས་ཡེ་ཤུའི་ཆོས་ལུགས་བསྟེན་ཡོད་མེད་ལ་དོགས་པ་རྣམ་རྟོག་བྱེད་མི་དགོས་པར་སྣང་།

གུ་གེའི་བླ་བཙུན།

ཨང་ཁྲོ་ནཱས་ཀྱི་འཕྲིན་ཡིག་ཁག་གི་བརྗོད་བྱ་ནི་གུ་གེ་རྒྱལ་པོ་དང་། ཡེ་ཤུའི་ཆོས་ལུགས་ཀྱི་སྐོར་ཁོ་ན་རྒྱུན་ཐག་ཏུ་བྱས་ཡོད་པ་ཞིག་མིན། ཁོང་གིས་གུ་གེའི་ཕྱོགས་ཀྱི་སེར་མོ་བའི་རིག་གནས་སྐོར་ལའང་འདི་ལྟར་བཤད་ཡོད། གུ་གེའི་ཡུལ་དུ་ཆོས་ལུགས་ཀྱི་དགོན་སྡེ་མང་ཞིང་། དགོན་པ་རེ་རེའི་འབག་སྐུ་ཡོད་ཚད་གསེར་མཚོན་གྱིས་བྱུགས་ཡོད་ཚུལ་ལས་འཕྲོས་ཏེ། དགོན་སྡེ་རེ་རེ་ན་བླ་མ་རེ་བཞུགས་པ་དང་། བླ་མ་དེ་དག་གི་ཆོས་ལུགས་ནི་ནང་བསྟན་ཡིན་པ་མ་ཟད། ཆོས་ལུགས་དང་སྲོལ་རྒྱུན་གྱི་མཛད་སྒོ་ཅི་འདྲ་ཞིག་སྤེལ་ནའང་དེ་དག་གི་བར་ན་ཁྱད་པར་མེད་ཚུལ་བརྗོད་ཡོད། བླ་མ་ཁ་ཤས་གཉེན་སྒྲིག་བྱེད་ཆོག་ཅིང་། བླ་མ་དང་གྲྭ་བཙུན་དེ་དག་གི་ལས་ཀ་གཙོ་བོ་ནི་བསྟན་བཅོས་གཟིགས་རྒྱུ་དང་དེ་ལ་བརྟེན་ནས་སེམས་ལ་བདེ་བ་འཐོབ་རྒྱུ་དེ་ཡིན་པ་དང་། ཁོ་ཚོས་ཁ་ཏོན་འདོན་རྒྱུ་དེ་ནི་ཆོས་ཕྱོགས་ཀྱི་ལས་ཀ་གཙོ་བོ་ཞིག་ཏུ་བརྩི་བར་བཤད་ཡོད། ད་དུང་། གུ་གེའི་བླ་མ་དང་གྲྭ་བཙུན་དག་གི་ཆོས་གོས་ཀྱི་རྒྱུ་ཆ་ནི་སྣམ་བུ་ཡིན་པ་དང་། སྟོད་འགག་ལ་ཕུ་ཐུང་མེད་སྟབས་དཔུང་རྗེན་ཡིན་ནའང་། གཟན་ཤམ་ནི་ཧ་ཅང་རིང་པོ་ཞིག་ཡིན་པ་དང་། དབུ་ཞྭ་ལ་རིགས་གཉིས་འདུག་ཚུལ་བྲིས་ཡོད།

བོད་ཀྱི་ཁྱིམ་ཚང་ཞིག་ལ་བུ་གཉིས་ཡོད་ཚེ་དེའི་ནང་གི་གཅིག་རབ་ཏུ་བྱུང་དགོས་པ་དང་། གྲོང་སྡེ་རེ་རེ་ན་བླ་མ་རེ་བཞུགས་པ་དེ་དག་གིས་ཀྱང་ཁ་ཏོན་དགེ་སྒྲུབ་གཙོ་བོར་བྱེད་ཅིང་། ཁོ་ཚོ་ཞོགས་པ་སྔ་མོ་ནས་ལངས་ཏེ་དགུང་དྲོའི་བར་དུ་ཁ་ཏོན་འདོན་པ་དང་། ཆོས་ཀྱི་ཆོ་ག་སོགས་འདོན་སྐབས་དེ་དག་དབྱངས་རྟ་དང་བཅས་ཏེ་འདོན་སྲོལ་ཡོད་པ་མ་ཟད། བླ་མ་དང་གྲྭ་པ་ཚོར་ཆོས་ལུགས་དང་འབྲེལ་བའི་སྨྱུང་གནས་ཞེས་པ་ཞིག་ཡོད་པ་དེ་ནི། ལོ་གཅིག་གི་ནང་དུ་ཐེངས་གཅིག་མ་གཏོགས་མེད་པ་འདྲ་ནའང་། སྨྱུང་གནས་སྲུང་སྐབས་ཟ་མ་ཟ་རྒྱུ་ཕར་ཞོག ཐ་ན་ཆུ་ཐིགས་པ་ཙམ་ཡང་འཐུང་སྲོལ་མེད། ལྷག་པར་དུ་ཁོང་ཚོས་སྨྱུང་གནས་སྲུང་སྐབས་གསུང་མི་འབྱོན་ཆོག་ལ། ངེས་པར་དུ་མི་གཞན་ལ་སྐད་ཆ་དང་དོན་དག་ཅིག་གླེང་དགོས་ཚེ། ཕྱག་རྒྱ་དང་བཅས་ཏེ་དབུ་ཡི་ཉམས་འགྱུར་གྱི་ལམ་ནས་བརྡ་སྤྲོད་དགོས་ཤིང་། ཡུལ་དེ་ནས་མི་དང་དུད་འགྲོ་གང་རུང་ཞིག་ལ་ན་ཚ་བྱུང་བའི་ཚེ་ནའང་། བླ་མ་ཞིག་གིས་ཞོགས་པ་སྔ་མོ་ནས་བཟུང་སྟེ་དགུང་དྲོའི་བར་དུ་སྔགས་བཟློ་བཞིན་སེམས་ཅན་དུད་འགྲོ་དང་མིའི་ན་ཚ་སེལ་ཐབས་བྱེད་ཅིང་། བོད་ཀྱི་སྨན་པ་མང་ཆེ་ཤོས་ནི་བླ་མ་དང་གྲྭ་པ་ཡིན་ཚུལ་བཤད་ཡོད།

ཆོས་ལུགས་ཀྱི་བྱེད་སྒོ་གཞན་ཞིག་གི་སྐབས་སུ། བླ་མ་དང་གྲྭ་བཙུན་རྣམས་ཀྱིས་ཆོས་ཀྱི་ཚིགས་སུ་བཅད་པ་དག་རོལ་མོའི་དབྱངས་རྟ་ཞིག་དང་ལྷན་དུ་འདོན་མོད། རོལ་ཆས་ཕལ་མོ་ཆེ་ནི་ཟངས་ཀྱིས་བཟོས་ཤིང་། ད་དུང་མི་ཡི་ལག་ངར་དང་བརླ་རྐང་སོགས་ཀྱིས་ཀྱང་བཟོས་པ་བཤད་ཡོད་ལ། ཁོང་བོད་ཀྱི་བླ་མ་རྣམས་ཀྱི་ཕྲེང་བ་ཁ་ཤས་ཀྱི་རྒྱུ་ཆ་ནི་གྲོངས་ཟིན་པའི་མི་ཡི་ཀླད་གོག་ཡིན་པར་ཡ་མཚན་སྐྱེས་ཏེ། མི་ཡི་རུས་པ་ལས་གྲུབ་པའི་རོལ་ཆས་དང་ཕྲེང་བ་འདི་འབྲེལ་གྱི་བཀའ་འདྲི་ཞིག་རྒྱལ་པོའི་ནུ་བོར་ཞུས་སྐབས། ཁོང་གིས་བོད་ཀྱི་གྲྭ་བཙུན་དག་གིས་མི་ཡི་རུས་པ་ལས་གྲུབ་པའི་རོལ་ཆས་སྤྱོད་པ་དང། གྲོངས་ཟིན་པའི་མི་ཡི་ཀླད་རུས་ནང་ཇ་སོགས་འཐུང་གི་ཡོད་པ་སོགས་ནི་སྔོན་ཆད་གྲོངས་ཟིན་པའི་མི་དག་དྲན་པའི་ཆེད་དམ། ཡང་ན་མི་རྟག་པ་དྲན་པའི་ཆེད་དུ་ཡིན་ཚུལ། མདོར་ན་འདུས་བྱས་ཐམས་ཅད་མི་རྟག་པ་དྲན་པའི་ཆེད་དུ་ཡིན་ཞེས་བཀའ་ལན་ཕེབས་ཚུལ་སོགས་བཤད་དེ། སྐབས་རེར་དགོན་པའི་གྲྭ་བཙུན་རྣམས་ཚོགས་འཚོགས་རྒྱུ་ཞིག་ཡོད་པ་དེའི་སྐབས་སུ་ཁོང་ཚོས་འདོན་པ་གཙོ་བོར་བྱེད་ནའང་། རིགས་པའི་ལམ་ནས་མཚན་ཉིད་རྩོད་སྟངས་ཤིག་ཡོད་པ་དང་། ད་དུང་གདོང་འབག་གོན་ནས་འཆམ་འཁྲབ་སྲོལ་ཞིག་ཀྱང་ཡོད་པ་སོགས་བཤད་རྗེས། འཆམ་གྱི་སྲོལ་རྒྱུན་དང་གར་སྟབས་ཀྱིས་ཡེ་ཤུའི་ཆོས་པ་ཁོང་ངོ་མཚར་སྐྱེས་སུ་བཅུག་པ་སོགས་ཀྱང་ཞིབ་འབྲི་བྱས་འདུག

གོང་དུ་བརྗོད་མ་ཐག་པའི་སེར་མོ་བའི་རིག་གནས་འདི་དག་ནི་ཨང་ཁྲོ་ནཱས་ཀྱིས་བཟང་ཕྱོགས་ནས་བྲིས་པ་རེད་ལ། ད་ནི་ཁོང་གིས་ངན་ཕྱོགས་ནས་བྲིས་པའི་གནས་ཚུལ་འགའ་བཤད་ན། ཁོང་གིས་བོད་ཀྱི་བླ་མ་དང་གྲྭ་བཙུན་རེ་ཟུང་གིས་གདོན་ནམ་རྣམ་ཤེས་ངན་པའི་རིགས་ཕྱི་ལོགས་སུ་མཐར་སྐྲོད་གཏོང་ཆེད་རྔ་སྦུག་རྡུང་། ལག་ཏུ་མཚོན་ཆ་བཟུང་སྟེ་སྐོར་རྒྱུགས་བྱེད་ཅིང་། དེ་ནས་རྒྱལ་པོའི་ཕོ་བྲང་དང་ཁྱིམ་ཚང་རེ་རེར་ཕེབས་ནས་གསོལ་འདེབས་ཤིག་སྐྱོར་བཞིན་ཁང་པའི་ནང་ནས་འབྲུ་དང་མཆོད་ཆུ་གཏོར་ནས་མི་གཙང་བའི་རིགས་ཐམས་ཅད་འདག་པར་བྱེད་ཐབས་ཀྱི་དམངས་སྲོལ་ཞིག་ཡོད་པ་བཤད་དེ། ཁོང་དམངས་སྲོལ་དེར་ཡིད་ཆེས་མེད་པའི་སྒྲུང་ཞིག་དྲངས་ཡོད་པ་དེའི་དོན་བསྡུས་ན་འདི་ལྟར། ཁོ་སྡོད་སའི་ཁང་པ་དེ་འཁྱག་ས་ཞིག་ཡིན་སྟབས། ཁོང་གིས་རྒྱལ་པོར་སྙན་གསེང་ཞུས་པས་ཁང་པ་གཞན་ཞིག་བཀོད་སྒྲིག་བྱེད་སྐབས། རྒྱལ་སྲས་ཀྱིས་ཁང་པ་དེའི་ནང་གནས་སྡོད་བྱེད་མི་འོས་ཤིང་། ཁང་པ་དེའི་ནང་གདོན་འདྲེ་ཡོད་ཚུལ་བཤད་མོད། ཁོང་གིས་དེ་ལ་སྣང་དོགས་མ་བྱས་པར་ཁང་པ་དེར་གཙང་སྤྲ་བྱས་ཏེ་ཁ་ཏོན་བཏོན་ནས་ཉལ་ནའང་། འདྲེ་ཞེས་པ་མ་མཐོང་ལ། འདྲེ་སྐད་ཀྱང་མ་ཐོས་ཚུལ་བཤད་ཡོད་ལ། ད་དུང་ཉིན་ཞིག་ཁོང་གིས་གུ་གེའི་ཡུལ་མི་རྣམས་ཀྱིས་ཡུལ་ལྷ་གཞི་བདག་ཚོགས་ལ་མཆོད་རྫས་མང་པོ་ཞིག་འབུལ་སྲོལ་ཡོད་པ་དེ་མཐོང་རྗེས་ཀྱང་། རྒྱལ་པོར་ལྷ་དང་དཀོན་མཆོག་གིས་མཆོད་རྫས་དེ་དག་བཞེས་མི་ཐུབ་ཚུལ་བརྗོད་ཡོད་པ་རེད།

ལྷག་པར་དུ། ཁོང་གིས་རྒྱལ་པོར་ནང་པ་དང་ཡེ་ཤུའི་ཆོས་ལུགས་ལྟ་གྲུབ་ཀྱི་ཐོག་ནས་རྩོད་པ་བྱེད་དགོས་པའི་རེ་འདུན་བཏོན་པ་དང་། རྒྱལ་པོས་ཀྱང་ཁོང་གི་རེ་འདུན་ལ་རྒྱབ་སྐྱོར་གནང་སྟེ་རྩོད་པ་བྱེད་དུ་བཅུག ཁོང་ཚོའི་རྩོད་གཞི་དང་པོ་ནི་དཀོན་མཆོག་གི་ངོ་བོ་དང་། གཉིས་པ་ནི་སྐྱེ་བ་སྔ་ཕྱིའམ་འཁོར་བ་འཁོར་ཚུལ། གསུམ་པ་ནི་མ་ཎི་ཡིག་དྲུག་གི་ནང་དོན་གསུམ་རེད། སྐབས་དེར་ཁོང་གིས་ནང་པའི་དགེ་སློང་ཚོར་གྲག་འགུལ་མེད་པ་བཟོས་པ་དང་། ནང་པའི་དགེ་སློང་ཚོས་དཀོན་མཆོག་གི་ངོ་བོ་མི་ཤེས་པ་དང་། ཁོ་ཚོས་བཤད་པའི་འཁོར་བ་འཁོར་ཚུལ་གྱི་གཏམ་ལ་གཏན་ཚིགས་མེད་པ། མ་ཎི་ཡིག་དྲུག་གི་ནང་དོན་འགྲེལ་བཤད་བྱེད་མི་ཤེས་ཚུལ་བཤད་པ་མ་ཟད། རྩོད་པ་དེའི་འབྲས་རྟགས་ལ་བརྟེན་ནས་རྒྱལ་པོའི་ཉེ་འཁོར་དང་བླ་བཙུན་དག་གིས་ཀྱང་ཡེ་ཤུའི་ཆོས་ལུགས་ལ་རྣམ་འགྱུར་ཡག་པོ་བཟུང་ཚུལ་སོགས་བཤད་ཡོད་དོ། །

གུ་གེ་དང་འབྲེལ་བའི་གནས་ཚུལ་ཐར་ཐོར།

ཨང་ཁྲོ་ནཱས་ཀྱི་འཕྲིན་ཡིག་ཁག་ཏུ། ད་དུང་གུ་གེའི་རྒྱལ་ཕྲན་འདི་སྟོབས་ཤུགས་ཆེ་བའི་རྒྱལ་ཕྲན་ཞིག་ཡིན་པ་དང་། ད་དུང་རྒྱལ་ཕྲན་འདིའི་མཐའ་མཚམས་སུ་ལ་དྭགས་དང་། མར་ཡུལ། ཤར་ཕྱོགས་སུའང་རྒྱལ་ཕྲན་གཉིས་ཡོད་པར་བཤད་ཅིང་། རྒྱ་ནག་གི་མཐའ་མཚམས་སུ་སོག་པོ་ཞེས་པའི་རྒྱལ་ཁབ་སྟོབས་ཅན་ཞིག་ཡོད་པ་དང་། དེའི་མངའ་ཁོངས་སུ་རྒྱལ་ཕྲན་བརྒྱ་ཕྲག་ལྷག་ཡོད་ཚུལ། སོག་པོའི་ཆོས་ལུགས་ནི་ནང་བསྟན་ཆོས་ལུགས་ཡིན་པ་མ་ཟད། སྐད་ཡིག་ནི་བོད་སྐད་དང་འདྲ་མཚུངས་སུ་ཡོད་ཚུལ་བཤད་ཡོད་ལ། རྒྱ་ནག་གི་ས་མཚམས་སུའང་བོད་ཀྱི་སྐད་ཡིག་དང་ཆོས་ལུགས་གཅིག་པའི་རྒྱལ་ཕྲན་མང་པོ་ཡོད་པ་དང་། ཁོང་ཚོ་གུ་གེར་གནས་སྡོད་བྱེད་པའི་སྐབས་དེར། རྒྱ་ནག་ནས་འབྱོར་བའི་ཚོང་པ་རྣམས་གུ་གེའི་ཕྱོགས་སུ་མཐོང་རྒྱུ་ཡོད་པ་དང་། ཁོ་ཚོས་གོས་དང་། བལ། ཇ་སོགས་དྲུད་ཡོང་སྟེ་ཚོང་རྒྱག་གི་ཡོད་ཚུལ་བྲིས་ཡོད།

དེ་ནས་གུ་གེའི་ཡུལ་གྱི་བོད་མི་ཚོའི་གཞུང་རྒྱུད་དྲང་ཞིང་གཤིས་ཀ་འཇམ་པོ་དང་། དགེ་བའི་སེམས་དང་ལྡན་པའི་མི་རིགས་ཤིག་ཡིན་མོད། ཁོ་ཚོས་ཁ་ཆེའི་ཆོས་ལུགས་ལ་དགའ་བོ་མི་བྱེད་ཅིང་། ཆོས་ལུགས་དེའི་སྐོར་གླེང་ན་ཉན་འདོད་ཀྱང་མི་བྱེད། གུ་གེའི་སྐྱེས་པ་ཚོའི་ལས་ཀ་གཙོ་བོ་ནི་དམག་ལ་ཞུགས་རྒྱུ་དེ་ཡིན་པ་དང་། དམག་ཏུ་ཕྱིན་ནས་ཕྱིར་ལོག་མཚམས་མདའ་རྩེད་ལ་རོལ། ཁོ་ཚོ་མདའ་རྩེད་ལ་མཁས་པ་ཡོད་སྟབས། དཔེར་ན། སྐབས་ཤིག་སེ་རི་ན་གྷར་གྱི་དམག་གིས་གུ་གེའི་མཐའ་མཚམས་ཀྱི་དཔོན་པོ་གསུམ་བཟུང་བས་ཕན་ཚུན་དམག་འཁྲུག་ལ་རོལ་སྐབས། གུ་གེའི་དམག་གིས་སེ་རི་ན་གྷར་ཕྱོགས་ལ་དམག་དྲངས་ནས་དགུང་མ་གཅིག་ལ་མི་སུམ་བརྒྱ་བསད་ཚུལ་བཤད་ཡོད། ཡུལ་འདི་ནས་མི་ཤི་ཚེ་བེམ་པོ་ལ་ལ་ཞིག་བྱ་རྒོད་ལ་སྟེར་བ་དང་། བེམ་པོ་ལ་ལ་ཞིག་མེར་སྲེག་གཏོང་བ། རི་བོ་མཐོ་ས་ནས་དར་ལྕོག་འཛུགས་པའི་སྲོལ་རྒྱུན་དང་། དྲག་པོའི་ལྷ་འདྲེ་དག་གསོལ་བའི་ཆོ་ག་སྟེ་གླུད་འགོང་གི་སྐོར་སོགས་ཀྱང་ཞིབ་རྒྱས་སུ་བྲིས་ཡོད།

མདོར་བསྡུས་ཏེ་བཤད་ན། ཨང་ཁྲོ་ནཱས་ཀྱི་འཕྲིན་ཡིག་གི་ནང་དུ་དུས་རབས་བཅུ་བདུན་པའི་ནང་གུ་གེ་རྒྱལ་པོ་དང་། བཙུན་མོ་སོགས་ཀྱིས་ཡེ་ཤུའི་ཆོས་ལ་དད་པ་གནང་བ་དང་། ཡེ་ཤུའི་ལྷ་ཁང་བཙུགས་པ། ཡེ་ཤུའི་ཆོས་ལུགས་དར་བར་བྱས་ཚུལ། ད་དུང་གུ་གེའི་ཡུལ་གྱི་སེར་མོ་བའི་རིག་གནས་དང་། སྐྱ་བོ་རིག་གནས་སོགས་ངོ་སྤྲོད་བྱས་ཏེ་རི་མོ་ཁྲ་ཁྲ་ཞིག་བཏབ་ཡོད། རི་མོ་ཡོད་ཚད་དངོས་བྲིས་ཡིན་པའི་ངེས་པ་ག་ལ་ཡོད་མོད། སྐབས་དེའི་གུ་གེའི་ལོ་རྒྱུས་དང་སྤྱི་ཚོགས་གསལ་བར་བྱེད་པའི་མེ་ལོང་ལྟ་བུ་ཡིན་པ་སྨོས་མ་དགོས། འོན་ཀྱང་། ཁོང་གི་འཕྲིན་ཡིག་ཁག་གི་བརྗོད་བབ་ལ་བལྟས་ན། ཁོང་ནི་ཡེ་ཤུའི་ཆོས་ལུགས་ཀྱི་ཆེ་བ་ཁོ་ན་བརྗོད་མཁན་ཞིག་རེད་སྙམ་པ་མ་གཏོགས། སྒྲི་སེ་སྒྲི་རེ་(Ippolito Desideri 1684-1733)ལྟ་བུའི་ཆོས་ལུགས་ཀྱི་སྒྲོག་ལས་ཐར་བའི་སྐྱེས་བུ་ཞིག་མིན་ཤས་ཆེ། ཡང་གཅིག་བཤད་ན། ཨང་ཁྲོ་ནཱས་འདི་ལྷ་འདྲེ་གཉིས་ལས་གང་ཡིན་བཤད་དཀའ་མོད། ཆོ་འཕྲུལ་ཅན་ཞིག་ཡིན་ཚོད་འདུག ཆོ་འཕྲུལ་ཅི་ལྟར་ཆེ་ཡང་། ཡུན་རིང་མ་འགོར་བར་བོད་སིལ་བུར་འཐོར་རྗེས་བོད་ཀྱི་སྲོག་ཤིང་ལྟ་བུར་གྱུར་པའི་རྒྱལ་རབས་ཆེན་པོ་དེ་ཉམས་རྒུད་དུ་གྱུར་པར་བརྟེན་ནས། ཡེ་ཤུའི་ཆོས་སྤེལ་མཁན་དང་། ཡེ་ཤུའི་ལྷ་ཁང་སོགས་ཀྱང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། དུས་རབས་བཅོ་བརྒྱད་པའི་དུས་མགོར་སྒྲི་སེ་སྒྲི་རེ་ལྟ་བུ་གུ་གེའི་ཡུལ་གྱི་ཆོས་ཚོགས་དེ་སླར་གསོ་བྱེད་དུ་སོང་བར་གྲགས་ཀྱང་སླར་གསོ་བྱས་ཡོད་མེད་ཀྱི་ཡིག་ཆ་མ་མཐོང་ངོ་། །

 

(རྩོམ་ཡིག་འདི་ནི་ཕྲན་གྱིས་རྩོམ་རིག་གླེང་ངམ་ཞེས་པའི་སྐད་ཚོམས་སུ་སྐད་ཆ་འགའ་བཤད་པ་དེ་དག་སྣོན་འཕྲི་ཅུང་ཙམ་བགྱིས་ཏེ་ཡིག་ཐོག་ཏུ་བྲིས་པ་ཞིག་ཡིན་མོད། ཡིད་ཚིམ་པ་ཞིག་མ་བྱུང་བས། བརྗོད་གཞི་འདི་ལ་ཐུགས་རྒྱུས་ཡོད་པ་དག་གིས་དགོངས་འཆར་གནང་རོགས་ཞེས་ཞུའོ།)

 

[1] ཨང་ཁྲོ་ནཱས་ཀྱི་འཕྲིག་ཡིག་གི་ནང་དུ་ཁོང་ཐོག་མར་རྒྱ་གར་ནས་ལམ་ལ་ཆས་སྐབས་རོགས་པ་ཆོས་གྲོགས་བཞི་ཡོད་ཅེས་བྲིས་ཡོད་མོད། གུ་གེར་འབྱོར་སྐབས་ཁོང་དང་མཱ་ཉོལ་མར་ཁུ་གཉིས་ལས་མེད་པ་གསལ།

[2] https://fr.wikipedia.org/wiki/Antonio_de_Andrade
[3] ཕྲན་གྱིས་མཁས་དབང་མཁར་རྨེའུ་བསམ་གཏན་མཆོག་ལ་ Le Grand Cathay ཞེས་པ་ཡུལ་གང་ཞིག་ལ་ངོས་འཛིན་བྱེད་དགོས་མིན་སྐོར་བཀའ་འདྲི་ཞུས་སྐབས། ཁོང་གིས་ Le Grand Cathay ཟེར་བ་དེ་རྒྱ་ནག་ལ་ཡིན་ཚོད་འདུག དེ་ཡང་དང་པོ་Arab སྐད་ལ་ Khita ཟེར་བ་ལས་བྱུང་བ་ཡིན་ཚོད་འདུག་ཅེས་གསུངས་སོང་། མཱར་ཁོ་ཕོ་ལོ་ཡི་ངོ་མཚར་དེབ་ཐེར་དུ་སོག་པོའི་ཡུལ་ལུང་ཞིག་ཡིན་པ་བསྟན་ཡོད།

[4] Les portugais au Tibet. Traduites et présentées par Hugues Didier Editions Chandeigne P. 19
[5] Les portugais au Tibet. Traduites et présentées par Hugues Didier Editions Chandeigne P. 15
[6] ཕྲན་གྱིས་རྩོམ་ཡིག་འདིའི་ནང་དུ་ཨང་ཁྲོ་ནཱས་ཀྱིས་བྲིས་པའི་འཕྲིན་ཡིག་ཁག་ཏུ་གསལ་བའི་གནས་ཚུལ་འགའ་ཁོལ་དུ་ཕྱུང་སྟེ་དོན་བསྒྱུར་བྱས་ཡོད་པས་ཤོག་གྲངས་སོགས་གསལ་ཁ་བཏོད་མེད། ཁོང་གི་འཕྲིན་ཡིག་ཁག་ཧྥ་ཡིག་ཏུ་སྒྱུར་མཁན་ Hugues Didier ཞུ་བ་རེད་ལ། དེབ་མིང་ལ་ Les portugais au Tibet ཟེར། 1995 ལོར་ Editions Chandeigne ཞེས་པས་པར་སྐྲུན་བྱས་འདུག
[7] གུ་གེ་ཚེ་རིང་རྒྱལ་པོའི་ཆེད་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༥ ཤོག་གྲངས ༦༤