🌏️《བལ་ཡུལ་འགྲིམས་པའི་ཟིན་ཐོ》ལས།
🔳རྨེ་རུ་ཡུལ་ལྷ་ཐར།🔳

བལ་ཡུལ་རྒྱལ་སར་གནས་བཅས་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་ནི། སྔོན་གྱི་ས་མིང་མ་གུ་ཏ་ཞེས་པར་ཆགས་ཤིང་། བལ་བོད་མཐུན་འབྲེལ་གྱི་ལོ་རྒྱུས་དན་རྟགས་ཤིག་ཏུ་གྱུར་ཡོད།

སྤྱིར་མཆོད་རྟེན་ཞེས་པར་ལེགས་སྦྱར་སྐད་ལ་བྷཻངྷ་ཞེས་འབོད་པར་བཤད་ཅིང་། སྐབས་རེར་བྷཻད་ནཋ་ཞེས་བསྲེས་བསླད་ཅན་གྱིས་བོས་པའང་བྱུང་། གང་ལྟར་བལ་པོའི་མིས་མཆོད་རྟེན་འདིར་ཁ་སའམ་ཁ་ཤོར་ཞེས་འབོད་སྲོལ་བྱུང་ལ། དེ་ནི་བྱ་རུང་ཁ་ཤོར་ཞེས་པ་ལས་སྒྲ་ཟོར་ཉམས་པའམ་སྒྲ་མ་དག་པ་ལས་བྱུང་བ་ཞིག་ཡིན་པར་ཀུན་གྱིས་བཤད། ད་ལྟ་ཡོངས་གྲགས་སུ་བྷཻངྷ་དང་མཆོད་རྟེན་ཞེས་འབོད་པར་བྱེད།

རྒྱ་གར་དང་བལ་ཡུལ། བོད། རྒྱ་ནག དེ་མིན་སོག་ཡུལ་སོགས་སུ་མཆོད་རྟེན་གྱི་རིགས་དང་བཟོ་བཀོད་མི་འདྲ་བ་མང་བར་ཡོད་མོད་ཀྱང་། བོད་ཀྱི་མཆོད་རྟེན་གྱི་ཐིག་དང་བཟོ་བཀོད་འགྲོ་སྟངས་ལ་བུ་སྟོན་དང་སྡེ་སྲིད་སངས་རྒྱམ་པའི་ལུགས་གཉིས་ཡོངས་གྲགས་ལྟར་ལ། གཙུག་ཏོར་དྲི་མེད་ཀྱི་འགྲེལ་པ་ཀླུ་སྒྲུབ་ཀྱི་རྟོག་པ་དང་། འདུལ་བ་ལུང་རྗེས་འབྲངས་སོགས་ཀྱི་རྣམ་གཞག་ཀྱང་མང་བར་བཤད།

མཆོད་རྟེན་འདི་ནི་དངོས་གྲུབ་འབྱུང་བའི་མཆོད་རྟེན་བརྒྱད་ཀྱི་ཡ་གྱལ་ལམ་ཡུལ་ཆེན་པོ་བརྒྱད་ཀྱི་དུར་ཁྲོད་དུ་ཀྱེ་རྡོར་ལྷ་མོ་བརྒྱད་ཀྱི་དངོས་གྲུབ་འབྱུང་བའི་མཆོད་རྟེན་བརྒྱད་ཀྱི་ཡ་གྱལ་བལ་པོ་བྱ་རུང་ཁ་ཤོར་ཞེས་པ་དེ་ཡིན་པར་བཤད་ཅིང་། ཡོངས་གྲགས་བལ་ཡུལ་དུ་མཆོད་རྟེན་རྣམ་གཉིས་སམ་རྣམ་གསུམ་ཞེས་སྟག་མོ་ལུས་སྦྱིན་དང་འཕགས་པ་ཤིང་ཀུན། བྱ་རུང་ཁ་ཤོར་བཅས་ཡིན་པར་གླེང་།

ཤོད་སྲོལ་ལ། མཆོད་རྟེན་འདི་ནི་སྔོན་གྱི་ཚེ་བྱ་རྫི་མ་བྱ་བའི་བུད་མེད་ཅིག་ལ་སྙིང་སྟོབས་འཕེལ་ཏེ་མཆོད་རྟེན་ཞིག་བཞེངས་སྙམ་ཤར་བ་རྒྱལ་པོ་ལ་ཞུས་པར། བྱ་རུང་ཞེས་བཀའ་འཁྲོལ་ཏེ་བུ་བཞི་དང་བཅས་པ་བྲན་གཅིག་དང་གླང་པོ་ཆེ་གཅིག བོང་བུ་གཅིག་བཅས་ཀྱིས་བརྩིགས་པར་བཤད་ལ། ཁྲི་འཕང་གསུམ་དུ་བསླེབ་སྐབས་རྒྱལ་པོའི་འཁོར་རྣམས་ཀྱིས་བཞེངས་སུ་མི་རུང་བར་གསོལ་བ། རྒྱལ་པོས་ངས་བྱ་རུང་ཞེས་ཁ་ནས་ཤོར་ཞེས་པ་ལས་མིང་དེ་ཐོགས། ལོ་བཞི་བར་ས་འཛིན་བུམ་པ་མན་ཆད་བརྩིགས་གྲུབ་དུས་མ་བྱ་རྫི་མ་དགོངས་པ་རྫོགས། འདའ་ཁར་བུ་རྣམས་ལ་མངགས་བཅོལ་བྱས་ཏེ་འོད་སྲུང་གི་རིང་བསྲེལ་བཞུགས་སུ་གསོལ་བར་གདམས་ཤིང་། བུ་རྣམས་ཀྱིས་ཀྱང་མུ་མཐུད་ལོ་གསུམ་ནས་བཞེངས་གྲུབ་པ་ཡིན་པར་དཀར་ཆག་རྣམས་སུ་གསུངས།

སྔོན་མ་བལ་ཡུལ་ནང་བསྟན་ལ་གོད་ཆག་བྱུང་ནས་མཆོད་རྟེན་འདིར་བདག་གཉེར་དོ་དམ་བྱེད་མཁན་མེད་པ་ལ། བོད་ནས་ལོ་ལྟར་ཞིག་གསོ་དང་སྐུ་དཀར་གསོལ་བར་བལ་ཡུལ་དུ་རྟེན་བཞེངས་པ་མངགས་གཏོང་མཛད་སྲོལ་ཡོད་ཚོད་དང་། བོད་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ནམ་ཡིན་ལ་སྐུ་དཀར་གསོལ་སྲོལ་ཞིག་ཀྱང་ཡོད་སྐད་ལ། ད་ལྟ་ཆད་པར་གྱུར། འོན་ཀྱང་དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་རྫོགས་མཚམས་ནས་ཀྱང་། ད་ལྟའི་བར་མཆོད་རྟེན་སྐུ་དཀར་གསོལ་རྒྱུའི་གོ་སྒྲིག་སྐྱིད་གྲོང་བསམ་གཏན་གླིང་དགོན་ནས་འགན་ཁུར་ཞུ་མུས་སུ་མཆིས། དགོན་པ་འདི་མཆོད་རྟེན་ལོགས་ཀྱི་དགོན་པ་དང་པོར་བརྩི་ཞིང་། སོག་པོ་བླ་མས་དགེ་སྐུལ་གྱིས་སྤྱི་ལོ1956ལོའི་ཡས་མས་སུ་བཞེངས་པ་གཞུང་སར་ཕུལ་བ་ལ། ཕྱིས་ཕྱི་འབྱོར་མང་ཡུལ་སྐྱིད་པའི་ནགས་ཁྲོད་དབེན་གནས་བཀྲ་ཤིས་བསམ་གཏན་གླིང་གི་དགེ་འདུན་རྣམས་བཞུགས་གསོལ་མཛད་པ་དང་འབྲེལ་ད་ལྟའི་བར་མཆོད་རྟེན་འདིར་འགན་བཞེས་བདག་སྐྱོང་དང་། གཞུང་ས་ནས་ཀྱང་རྒྱུན་འཛིན་འགན་ཁུར་བསམ་གཏན་གླིང་པའི་དགེ་འདུན་ཚོར་ཕུལ་ཏེ་ཁོ་ཚོ་བཞུགས་གནས་སུ་བྱས་ཡོད་འདུག དགོན་པ་འདིར་དགའ་ལྡན་ཆོས་འཕེལ་གླིང་དང་སོག་པོ་དགོན་པ། དགེ་ལུགས་དགོན་པ་ཞེས་མཚན་མི་འདྲ་བ་འགའ་མཆིས་པ་ལས། ཡོངས་གྲགས་གཞུང་དགོན་བསམ་གཏན་གླིང་ཞེས་དང་། ལོ་ལྔ་རེའི་ནང་རྒྱ་གར་གདན་ས་གསུམ་འཁོར་རིམ་གྱིས་མཁན་པོ་བསྐོ་བཞག་ཆོས་རིག་ལྷན་ཁང་ནས་བཀའ་བསྒོ་མཛད་ཀྱིན་འདུག་སྐད།

མཆོད་རྟེན་འདིའི་བདག་གཉེར་ལྟ་བུར་རྒྱ་བླ་མ་ཞེས་རྩོད་གཞི་ཆེ་བའི་མི་སྣ་ཞིག་རིམ་བརྒྱུད་ཀྱིས་ལོ་མང་རིང་བདག་གཉེར་བྱས་པར་བཤད་ཅིང་། ད་ཆ་མཆོད་རྟེན་ཡར་རྒྱས་ཚོགས་པ་ཞེས་པས་བདག་གཉེར་བྱེད་ཀྱིན་འདུག

གོར་བོད་དམག་འཁྲུག་སྐབས་རྡོ་རིང་པཎྚི་ཏ་དང་བོད་མི་ཁག་ཅིག་བཟང་བཙོན་ལྟ་བུར་ལོ་གཅིག་ཙམ་བལ་ཡུལ་དུ་བཞུགས་རིང་། བཞུགས་གནས་མཆོད་རྟེན་བྱ་རུང་ཁ་ཤོར་དུ་གོ་སྒྲིག་ཞུས་པ་ཡིན་པར་བཤད་ལ། ཁོང་བཞུགས་རིང་ཉེ་འཁོར་གྲོང་པ་ཐར་ཐོར་ནང་གཉེ་ཤང་པ་དག་ཡོད་ཚོད་འདུག བླ་མ་ཞྭ་དམར་བ་དང་ཡངས་ཅན་གྲྭ་རིགས་ཁག་ཅིག་ཀྱང་གནས་འདིར་བཞུགས་རབ་བརྗོད་རྒྱུ་འདུག་ཅིང་། རྒྱལ་མཆོག་བརྒྱད་པའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ཡང་གནས་འདིར་ཕེབས་ཏེ་བསྟན་པ་རྒྱས་པའི་དར་ཆེན་བཙུགས་པའི་ལོ་རྒྱུས་འཁོད། མཉམ་མེད་ཤཱཀྱ་བཟང་པོ་དང་གྲུབ་ཐོབ་ཐང་སྟོང་རྒྱལ་པོ། ཞབས་དཀར་ཚོགས་དྲུག་རང་གྲོལ། རྗེ་བཙུན་རང་རིག་རས་པ་སོགས་བོད་ཀྱི་སྐྱེས་ཆེན་མང་བོས་ཀྱང་ཞབས་ཀྱིས་བཅགས་མྱོང་ཡོད་འདུག

ད་ལྟ། མཆོད་རྟེན་འདི་ལོ་སྔོན་མའི་ས་ཡོམ་གྱི་རྐྱེན་ལས་ཞིག་སྐྱོན་ཅུང་ཆེན་པོ་བྱུང་བ་ཉམས་གསོ་བྱེད་བཞིན་པའི་སྐབས་སུ་འཁེལ་འདུག་གོ །

2016.2.17 མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་ཉེ་ལོགས་སུ།

🌏️《བལ་ཡུལ་འགྲིམས་པའི་ཟིན་ཐོ》ལས།
🔳རྨེ་རུ་ཡུལ་ལྷ་ཐར།🔳

[བལ་ཡུལ་བོད་མིའི་ལོ་རྒྱུས་ཀྱི་ཟུར་ཙམ་གླེང་བ]

ཧི་མ་ལ་ཡའི་རི་རྒྱུད་ལྷོ་ངོས་སུ་བོད་ཀྱི་རིགས་རྒྱུད་ནུབ་ནས་ཤར་ལ་བརྐྱངས་བའི་སྒོ་ནས་འཕྲེད་ཀྱིས་ཁྱབ་པ་སྟེ། རྒྱ་གར་བྱང་རྒྱུད་ཀྱི་ཁུ་ནུ་དང་གར་ཞ། སྤྱི་ཏི། ལ་དྭགས། ཟངས་དཀར་བཅས་དང་། རྒྱ་གར་ཤར་བྱང་རྒྱུད་ཀྱི་ལྷོ་པ(འབྲས་ལྗོངས།) མོན་པ།(ཨར་ར་ན་ཅཱ་ཞིང་ཆེན) དར་རྒྱས་གླིང་། ཀ་བློན་སྦུག། དེ་མིན་འབྲུག་ཡུལ། མང་ག སྒོ་རུང་།(སྒོ་སྲུང་།) ལུན་འབུ། ར་ཡེ། དམག་སྒར་སོགས་ལྟ་བུ་ཚང་མ་བོད་ཀྱི་རུས་སུ་གཏོགས་པར་བཤད་ཅིང་། དེང་སང་ཡང་། ཧི་མ་ལ་ཡའི་ལྷོ་ངོས་ནས་བོད་ལ་རྒྱུས་ལོན་བྱ་སྤྱད་སྐར་ཁུང་ལྟ་བུར་གྱུར་ཡོད། བོད་ནང་དུ་སྤྱིར་བཏང་རྒྱ་ཡིག་དཔྱད་གླེང་གི་ཤུགས་རྐྱེན་ནམ་མ་གཞིའི་བོད་ཀྱི་རིག་གཞུང་གི་བཀག་རྒྱ་གང་ལྟར་བོད་ཀྱི་ལོ་རྒྱུས་དང་རིག་གནས་དེ་ཧ་ཅང་གུ་དོག་གི་ལམ་ནས་བརྗོད་པ་ཡིན་ཞིང་། བོད་ནི་མདོ་དབུས་མཐོ་སྒང་ཙམ་ཏུ་བལྟ་བའི་མཐོང་རྒྱ་དོག་པོའི་མིག་དབང་གིས་གླེང་རྒྱུ་འཇགས་པར་གྱུར་ཡོད། བོད་ཀྱི་གནའ་བོའི་ལོ་རྒྱུས་དང་རིག་གནས་གླེང་ན་རེད་ལ་དེང་གི་བོད་ཀྱི་གནས་སྟངས་བརྗོད་ནའང་ཡིན་ཏེ། རང་ཅག་གིས་ངེས་པར་བོད་དང་ཧི་མ་ལ་ཡ། བོད་དང་དབུས་ཨེ་ཤ་ཡ། བོད་དང་ལྷོ་ཨེ་ཤ་ཡ་རྣམས་འབྲེལ་མར་བསམ་གཞིག་གཏོང་བ་གནད་སར་མཐོང་།

བལ་ཡུལ་ནི་ཧི་མ་ལ་ཡའི་ཤེས་རིག་གི་ཁྱབ་ཁོངས་སུ་གཏོགས་ཤིང་། དེའི་ཆོས་ལུགས་དང་རིག་གནས་བོད་དང་འབྲེལ་ཆེ་བར་མ་ཟད། རིགས་རྒྱུད་ཐད་ལའང་ཁྱུ་ཚོགས་མང་བོར་འབྲེལ་བ་ཆེ། བལ་པོ་ནང་ལོགས་ལ་མཚོན་ན། རྟ་དམག་དང་ཤར་པ། ཀློ་སྨོན་ཐང་། དོལ་པོ། སྙེ་ཤིང་། ཙུམ། ནུབ་རི། ཡོལ་མོ། གླང་ཁྲང་།(གླང་ཐང་།) ཀརྨ་རོང་། མུ་ཀུམ། གླེ་སྨེ།(སླེ་མེ། སླི་མེ།) སྨེར་ཕ། ཁ་བ། ནུར་པ། དཀྱུ་བ། བདག་པ། ཝ་ལུང་། སྒོ་རུང་། པུ་ཝ། འོམ་ལུང་། ཀར་ཏི། དཱ་ར། ཤོ་རོག མཐའ་རངས། ཨཱུ་རེ།(ད་ལྟ་སྟོང་སོང་བས་མེད་ཟེར།) ར་ཡེ་སོགས་ཡུལ་ལུང་མང་པོ་བོད་ཀྱི་མི་རྒྱུད་ཀྱིས་བཟུང་།

ཕ་མེས་ཀྱི་རིགས་རུས་བོད་ལ་འབྲེལ་བའི་སྒོ་རུང་དང་ཤར་པ། རྟ་མང་སོགས་ཀྱིས་བལ་ཡུལ་དུ་མི་འབོར་མང་བོ་ཟིན་ཡོད་ལ། རྟ་མང་གཅིག་པུའི་མི་འབོར་འབུམ་བརྒྱད་ལྷག་ཡོད་ཚོད་འདུག(འོན་ཀྱང་ཉེ་ཆར་གྱི་བསྡོམས་རྩིས་གྲངས་བཤེར་ལས་འབུམ་ཁ་ཤས་ཙམ་མ་གཏོགས་མེད་པའི་ལབ་སྒྲོས་མཆིས་པས་དཔྱད།)

སྒོ་རུང་ཞེས་སྒོ་སྲུང་བ་སྟེ་དུས་རབས་བཅོ་བརྒྱད་པའི་ནང་བལ་ཡུལ་ཆིག་སྒྲིལ་དང་དཔལ་འབྱོར་སྟོབས་ཤུགས་ཆེ་ལ་གོར་ཁའི་དམག་མི་ཞེས་སྐད་གྲགས་ཡོད་སྟབས། དབྱིན་ཇི་དང་རྒྱ་གར་གྱིས་འགག་སྲུང་བ་ལྟ་བུར་བཞག་མྱོང་རབས་བཤད། ཤར་བ་ནི་མདོ་ཁམས་ནས་མཆེད་པར་ཁོ་ཚོས་ཀྱང་འདོད་ལ་རྟ་མང་ནི། སྔར་ཁྲི་སྲོང་བཙན་དུས་བལ་ཡུལ་ཕྱོགས་སུ་དམག་ཏུ་ལྷགས་པ་ཕྱིར་ལྡོག་མ་ནུས་པར་ལུས་པར་བཤད་ཅིང་། དེའི་རྟ་དམག་གི་རྒྱུད་ལས་མཆེད་པས་ན། སྒྲ་ཟུར་ཆག་གིས་རྟ་མང་ཞེས་ཐོགས། ད་ལྟའི་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་འཁོར་གྱི་མི་ལས་མང་ཆེ་བའང་རྟ་མང་བའོ། ། རྟ་མང་བའི་ཤེས་རིག་བོན་དང་འབྲེལ་ཆེ་ཞིང་། ཁ་ཏོན་དགེ་སྦྱོར་ཕལ་ཆེར་བོད་ཡིག་གིས་འདོན་ལ། བོད་ཡིག་ནང་གསལ་བ་དེ་དག་ལ”བོད་ཡིག་ནང་གསལ”ཞེས་བརྗོད་ཀྱི་ཡོད་སྐད།

བལ་ཡུལ་ནུབ་བྱང་དུ་སྔོན་མ་མོན་ཡ་རྩེ་འཛུམ་ལང་གི་རྒྱལ་བོས་དབང་བསྒྱུར་ཞིང་། “རྒྱ་མུ་གུམ་གཡུ་ཡི་ཁུག་མ་ཡིན། གློ་མོན་ཐང་གསེར་གྱི་གཞོངས་པ་ཡིན།”ཞེས་པའང་བལ་ཡུལ་ནུབ་བྱང་གི་བོད་ས་འདིའི་ཁྱད་ཆོས་བརྗོད་པ་ཞིག་གོ །ཡ་རྩེ་རྒྱལ་རབས་དང་འཛུམ་ལང་རྒྱལ་རབས་རིམ་བྱུང་ལ་ཡུལ་འདི་བོད་མིས་བཙུགས་པའི་རྒྱལ་ཁོངས་དེ་དག་ལ་གཏོགས། ཐོག་མ་ཡ་རྩེ་རྒྱལ་རབས་སྐབས་ཡུལ་འདི་རྒྱལ་པོའི་ཁབ་དེའི་མངའ་ཁོངས་གཙང་མ་ཡིན་ཞིང་། དུས་རབས་བཅུ་དྲུག་ཙམ་ནས། འཛུམ་ལང་རྒྱལ་རབས་འགོ་ཚུགས་ཏེ་དེའི་ཁོལ་འབངས་སུ་གྱུར། འོན་ཀྱང་ཕྱིས་སུ་ཡ་རྩེ་དང་འཛུམ་ལང་རྒྱལ་པོའི་མིང་ཙམ་ལས་མ་ལུས་པར་མངོན། དེང་ཡ་རྩེའི་རྒྱལ་ཁང་དེར་ཧིན་རྡུ་ཆོས་ལུགས་ཀྱི་ལྷ་ཁང་བཞེངས་ཡོད་རབས་བཤད་ཀྱིན་འདུག ཕྱིས་གོར་ཁ་རྒྱལ་ཁང་གི་སྐབས་སུ། ཡུལ་འདི་དག་བོད་དང་མཚམས་དབྱེ་བ་ཡིན་འདུག་ལ། ཁྲིམས་ཡང་གསར་དུ་བཅོས་ཏེ་བལ་ཁོངས་སུ་བཅུག རིམ་གྱིས་ཡུལ་འདི་དག་གི་རིག་གནས་ལའང་འགྱུར་བ་བྱུང་ཡོད་པ་རེད། ཡ་རྩེ་རྒྱལ་རབས་སྐབས་ཀྱི་ནང་ཆོས་དང་རིག་གནས་གཙོ་བོ་མུ་གུམ་པས་རྒྱུན་བསྐྱངས་ཡོད་འདུག་ཅིང་། དེང་སང་ཡ་རྩེ་ལ་ཤཱི་རྩ་དང་རྒྱལ་པོ་ལ་བོཊ་ཀོ་ཤཱི་རྩ་རཱ་ཛའམ་ཁཱ་ས་ར་ཛཱ་ཟེར་ལུགས་ཡིག་ལམ་ཏུ་འཁོད།

བལ་ཡུལ་བོད་མིས་དེང་སང་སྐྱིད་སྡུག་ཚོགས་པ་འདྲ་མིན་བཙུགས་ཏེ་རང་ཡུལ་ལུང་བའི་ཆོས་རིག་རྒྱུན་འཛིན་འཕེལ་རྒྱས་གཏོང་བཞིན་པ་དང་། ཁྲིམས་དབང་བརྩོན་ལེན་བྱེད་བཞིན་པ་ལགས་ཤིང་། མི་མང་བོ་ཞིག་རྒྱ་གར་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་སྤོ་དང་འགྲུལ་བསྐྱོད་བྱུང་འདུག དེང་སྐབས། བལ་ཡུལ་དུ་བོད་ནས་ཡོང་བའི་བོད་མི་ཆིག་ཁྲི་ལྔ་སྟོང་ཙམ་ཡོད་པར་བཤད་ཅིང་། དེ་སྔ་ཉིས་ཁྲི་ལྷག་ཡོད་པ་གནས་གཞན་དུ་སོང་བ་ལས་ལྷག་ལུས་བྱུང་བ་ཞིག་ཡིན་པར་བརྗོད།

སྤྱིར་བལ་ཡུལ་འདིར་ཡམ་བུ་དང་ཡེ་རང་ཁོ་ཁོམ་ཞེས་ཁག་གསུམ་ཡོད་པ་ལ། འདི་གསུམ་བོད་སྐད་ཀྱི་མིང་ཡིན་པར་བརྗོད་མཁན་ཡང་འདུག་ཅིང་། དེ་ལས་ཡམ་བུ་ནི་ད་ལྟའི་ཀཋ་མན་ཋུ་དང་། ཡེ་རང་ནི་པ་ཋན། ཁོ་ཁོམ་ནི་བྷག་ཏ་པུར་བཅས་སོ། །འདི་རྣམས་སུ་མཆོད་རྟེན་དང་ནང་བའི་ཤུལ་གནས་མང་དུ་མཐོང་རྒྱུ་ཡོད་རབས་དང་། ཡམ་བུའི་ཁྲོམ་ར་ཆེན་མོ་བྷི་ཤལ་བྷ་ཛར་གཡས་གཡོན་དང་ཤ་ཚལ་ཚོང་བསྒྱུར་བྱེད་ས་ཁི་ཆ་པོཁརི་སོགས་སུ་སངས་རྒྱས་ཀྱི་སྐུ་གཟུགས་དང་མཆོད་རྟེན་མང་བོ་མཐོང་རྒྱུ་འདུག རྒྱུས་ལོན་བྱུང་བ་ལས། བལ་ཡུལ་ནང་ད་ལྟ་མི་གྲངས་ཕྱེད་ཀ་ཙམ་གྱིས་ནང་བར་དད་ཅིང་། ཕྱེད་ཀྱིས་ཧིན་རྡུའི་ཆོས་ལ་དད་རབས་གླེང་གི་འདུག སྔོན་གྱི་ནང་བའི་གནས་ཆེན་དང་གནའ་ཤུལ་མང་བོ་ཞིག་དེང་སང་ཧིན་རྡུ་ཆོས་ལུགས་པས་འཛིན་སྐྱོང་བྱེད་པ་མཐོང་རྒྱུ་འདུག

2016.2.19 བལ་ཡུལ་ཀ་ཋ་མན་ཋུར།